སྒོ་ཤེས་རབ་རྒྱ་མཚོར་ལོ་བཅུའི་ཁྲིམས་ཆད་བཏང་བར་ནམ་ཡང་ངོས་ལེན་བྱེད་ཐབས་བྲལ་བ་ཡིན།

ཉེ་ལམ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཤར་ཕྱོགས་ཨ་མདོ་རྔ་པ་ནས་ཡིན་པའི་བོད་ཀྱི་སློབ་གསོ་བ་ཆེན་མོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་རྒྱ་ནག་གཞུང་གིས་ལོ་བཅུའི་བཙོན་འཇུག་བྱས་ཡོད་ཚུལ་གྱི་གནས་ཚུལ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བ་དང་འདི་ག་ལྟེ་གནས་ཁང་ནས་གནས་ཚུལ་ཞིབ་རྟོག་བྱས་པ་བརྒྱུད་ཁོང་ཉིད་ལ་ཟླ་བ་གཅིག་གི་གོང་དུ་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པའི་ཁུངས་དག་གནས་ཚུལ་འབྱོར་བྱུང་།   

རྒྱ་ནག་གཞུང་གིས་ཧ་ཅང་གསང་རྒྱ་བྱས་པར་བརྟེན་ཉེ་ལམ་ཁོང་ལ་ཉེས་འཛུགས་གཙོ་བོ་གང་བྱས་པ་དང་ཁྲིམས་བཤེར་གྱི་བརྒྱུད་རིམ་དང་ཁྲིམས་ཆད་བཏང་བའི་ཚེས་གྲངས་སོགས་གསལ་ཁ་གང་ཡང་མི་འདུག་ནའང་རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོགས་འདྲིའི་ལན་འདེབས་ཡིག་ཆར་བལྟས་ན་སྒོ་ཤེར་ལགས་སུ་“ཁ་བྲལ་ལ་ངན་སྐུལ་”བྱས་པ་ཟེར་བའི་ཉེས་མིང་བཏགས་ཡོད་པ་ཚོད་དཔག་བྱེད་ཐུབ། “ཁ་བྲལ་ལ་ངན་སྐུལ་”ཞེས་གོ་དོན་གསལ་ཁ་མེད་པའི་ཉེས་མིང་འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ནག་ཉེས་འགེལ་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན།  “ཁ་བྲལ་ལ་ངན་སྐུལ་”ཟེར་བའི་ཉེས་མིང་འདི་དེ་སྔ་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་གཙོས་རྒྱ་ནག་རང་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་བཅའ་ཁྲིམས་ལྟར་ཐོབ་ཐང་རྩོད་མཁན་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་མང་དག་ཅིག་ལ་བེད་སྤྱོད་བཏང་ཡོད།  ཐེངས་འདིར་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ཉེས་ཆད་ལྕི་མོ་འདི་འདྲ་ཞིག་གཏོང་དགོས་པའི་ནག་ཉེས་གང་ཡང་སྟོན་རྒྱུ་མེད་པར་བརྟེན་རྒྱ་ནག་གཞུང་གིས་གོ་དོན་རྣམ་གྲངས་ལྡན་ཞིང་མགོ་རྙོག་ཅན་གྱི་ཉེས་མིང་འདི་བསྐྱར་དུ་བེད་སྤྱོད་མ་བཏང་རང་བཏང་ཆགས་པ་རེད། 

རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་སློབ་གསོ།  སྐད་ཡིག་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་ཡོད་མཁན་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུའི་གནད་ཡོད་མི་སྣ་མང་དག་ཅིག་ལ་འདི་ལྟར་ཉེས་མེད་ཉེས་འཛུགས་བྱས་ཏེ་དུས་ཡུན་རིང་པོར་བཙོན་འཇུག་བྱེད་བཞིན་པ་འདི་ནི་དོན་དངོས་ཐོག་མི་སྒེར་ལ་དམིགས་པ་ཙམ་མ་ཡིན་པར་བོད་མིའི་ངོ་བོ་དང་སྐད་ཡིག རིག་གཞུང་། བསམ་བློའི་འདུ་ཤེས་སོགས་མེད་པར་བཏང་ནས་རྒྱ་ནག་ཅན་ཏུ་བསྒྱུར་རྒྱུའི་ཐབས་ལམ་ཞིག་ཡིན་པ་རེད།

སྒོ་ཤེར་ལགས་ན་ནིང་ ༢༠༢༠ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏུ་རུ་ནད་པ་ཞིག་ལ་སྐད་བསྒྱུར་གྱི་ཕྱག་རོགས་ཞུ་བཞིན་པའི་སྐབས་སུ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་དུས་ཡུན་ཟླ་བ་ལྔ་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ཞིང་ཉེ་ལམ་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད། 

ཐེངས་འདིའི་ཁོང་གི་གནད་དོན་དང་འབྲེལ་ནས་འདི་ག་ལྟེ་གནས་ཁང་སོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་བོད་དོན་ལས་འགུལ་བ་མང་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལྷན་ཁང་ལ་ཞུ་གཏུག་རིམ་པ་བྱས་པ་བརྒྱུད་འདི་ལོ་ཕྱི་ཟླ  ༧ པའི་ཚེས་ ༡༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གང་བྱུང་འཇུ་བཟུང་བཙན་ཁྲིད་ཀྱི་གནས་ཚུལ་རྟོག་ཞིབ་རུ་ཁག་དང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རྟོག་ཞིབ་རུ་ཁག་སོགས་འབྲེལ་ཡོད་སྡེ་ཁག་དུ་མས་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་ལ་ཁོང་གི་གནད་བབ་ཐད་འགྲེལ་བརྗོད་ཁ་གསལ་དགོས་ཚུལ་གྱི་དགོས་འདུན་བཏོན་པར་བརྟེན། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་སྒོ་ཤེས་རབ་རྒྱ་མཚོ་ལགས་ལྷ་སའི་བཙོན་ཁང་དུ་ཡོད་པ་དང་ཁོང་ཉིད་“ཁ་བྲལ་ལ་ངན་སྐུལ་”བྱས་པའི་དོགས་གཞིའི་འོག་ཁྲིམས་བཤེར་བྱེད་བཞིན་ཡོད་ཚུལ་བཤད་ཡོད། 

རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ལན་འདེབས་བྱས་པའི་ནང་དུ་སྒོ་ཤེར་ལགས་དང་ལོ་བཞིའི་ཁྲིམས་ཆད་འཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རིན་ཆེན་ཚུལ་ཁྲིམས་ལགས་གཉིས་ཀའི་གནད་དོན་ཐོག་ལ་“གང་བྱུང་འཇུ་བཟུང་”དང་“བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་”སོགས་གང་ཡང་བྱུང་མེད་པར་ཡོད་ཚད་ཁྲིམས་མཐུན་ཡིན་ལུགས་ཀྱི་ཧམ་བཤད་བྱས་ཡོད་མོད། འོན་ཀྱང་དོན་དངོས་ཐོག་སྒོ་ཤེར་ལགས་འཇུ་བཟུང་བྱས་ནས་ཟླ་བ་ལྔ་ཙམ་གསང་བ་བྱས་པ་མ་ཟད་ཁོང་གི་ཁྲིམས་བཤེར་གྱི་བརྒྱུད་རིམ་ཡོད་ཚད་ཕྱི་གསལ་ནང་གསལ་རྩ་ནས་བྱས་མེད་པར་བརྟེན་ད་དུང་ཁོང་ཉིད་ལ་ཁྲིམས་ཆད་གཏོང་སྐབས་ཀྱི་ཉེས་འཛུགས་གཙོ་བོ་གང་ཡིན་པ་དང་ཁྲིམས་ཆད་བཏང་བའི་ཚེས་གྲངས་གང་ཡིན་སོགས་གསལ་པོ་ཤེས་རྟོགས་བྱུང་ཐུབ་མེད། 

སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་བོད་ནང་ལ་ཧ་ཅང་ཤུགས་རྐྱེན་ཆེ་བའི་སློབ་གསོ་བ་ཞིག་ཡིན་པ་མ་ཟད་བོད་ཀྱི་རིག་གནས་དང་ལོ་རྒྱུས། ཆོས་དང་སྐད་ཡིག་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་ཡོད་མཁན་ཞིག་ཡིན།  རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཁོང་ལ་སྡང་ཟུག་ཆེན་པོ་བྱས་ཡོད་ཅིང་འདི་ནི་ཁོང་ཉིད་བཙོན་འཇུག་བྱེད་ཐེངས་བཞི་པ་དེ་ཡིན། 

སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་སྔ་གཞུག་ཏུ་<<རྒྱུན་ཤེས་དང་ལམ།>> << བླང་དོར་ལྟ་ཚུལ།>> <<རང་ལམ་རང་འཚོལ།>> << ང་ཚོ་སད་རན།>> << དཔྱད་འཚོལ་དང་ལྟ་ཚུལ།>> << སྐྱེས་ཆེན་གྱི་བཞུད་ལམ།>> <<ཧི་མ་ལ་ཡའི་ཕར་ཚུར།>> <<བསམ་གཞིག་པའི་སེམས་སྒྲ།>>སོགས་སློབ་གསོ་དང་། བོད་ཀྱི་ལོ་རྒྱུས། དམངས་གཙོ། རང་དབང་། ཀུན་སྤྱོད་སོགས་དང་འབྲེལ་བའི་དཔེ་དེབ་དུ་མ་ཞིག་བརྩམས་ཡོད་པར་བོད་ཕྱི་ནང་གཉིས་ཀར་འདང་འཇོག་མཐོན་པོ་སོན་ཡོད། མ་ཟད་ཁོང་གིས་བོད་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་འཆད་ཁྲིད་གནང་སྟེ་བོད་མི་རིགས་ཀྱི་རིག་གནས་དང་སྐད་ཡིག ཆོས་ལུགས།  སློབ་གསོ་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། 

སློབ་གསོ་བ་སྒོ་ཤེར་ལགས་ལ་འདི་ལྟར་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ལྕི་མོ་བཏང་བ་དེར་ད་ལྟའི་ཆར་བོད་ནང་དུ་ཡོད་པའི་ཤེས་ཡོན་ཅན་དང་། རྩོམ་པ་པོ། ཆབ་སྲིད་བཙོན་ཟུར། གཞོན་སྐྱེས་བཅས་སྐྱ་སེར་ཕོ་མོ་བརྒྱ་ཕྲག་མང་པོས་རང་གི་བདེ་འཇགས་བློས་བཏང་སྟེ་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་སྟོན་བཞིན་ཡོད་པ་བཞིན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཀྱང་རྒྱ་ནག་གཞུང་གིས་དམིགས་ཡུལ་ངན་པའི་འོག་སྒོ་ཤེར་ལགས་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་འདི་འདྲ་ཞིག་བཏང་བར་ནམ་ཡང་ངོས་ལེན་མེད་ཅིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཡོངས་ལ་བོད་ནང་གི་བོད་མི་ཚོའི་བཙན་གནོན་འོག་གི་འབོད་སྒྲ་ལ་གསན་འཇོག་གནང་ནས་རྒྱ་ནག་གཞུང་གི་ཐལ་ཆེའི་ཐག་གཅོད་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་རོགས་ཞེས་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top