ལོ་འཁོར་སྙན་ཐོ་འདོན་སྤེལ།: ཕྱི་ལོ་ ༢༠༢༢ ལོ་ནི་ཉེ་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་སྐབས་ཤིག་ཡིན། 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདོན་སྤེལ་ཞུས་པའི་ལོ་འཁོར་སྙན་ཐོ་ལྟར་ན་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་ཏེ་བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པ་སོགས་ལ་བརྟེན་ནས་ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཡིན་པ་གསལ་འདོན་བྱས་འདུག

ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ཀྱིས་བརྗོད་རྒྱུར་“བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་དུ་མའི་རིགས་རྫས་DNA འདོད་མོས་ཡོད་མེད་ལ་མ་བལྟོས་པར་བཙན་གྱིས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་གསལ་རྟོགས་བྱུང་ཡོད། རིགས་རྫས་ཕོན་ཆེན་བསྡུ་ལེན་བྱེད་པ་དེ་ནི་དུས་རྒྱུན་དྲྭ་ཐོག་ཏུ་སོ་ཉུལ་བྱེད་པ་དང་ས་ཆ་གང་སར་གློག་མིག་བཙུགས་པ། ཁང་ཁྱིམ་དང་འགག་སྒོ་སོགས་ནས་བསྔོག་བཤེར་བྱེད་པ་བཅས་ཀྱི་ལམ་ནས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རྒྱ་གཞུང་གི་དོ་དམ་འོག་བཅུག་ཐབས་བྱེད་པ་དང་རྒྱ་གཞུང་ངན་ཇུས་ཐེར་འདོན་བྱེད་མཁན་གྱི་བོད་མི་ཚོར་སྔར་ལས་ལྷག་པའི་དྲག་གནོན་བྱ་བར་དམིགས་ནས་བཙུགས་པའི་དམ་དྲག་བྱེད་ཐབས་དེ་ཡི་ཆ་ཤས་གསར་པ་ཞིག་རེད་”ཅེས་འགྲེལ་བརྗོད་གནང་བྱུང་། 

དེ་བཞིན་རྒྱ་གཞུང་གིས་རང་དབང་ལུང་པ་སོགས་རྒྱལ་ཁབ་གཞན་དུ་གནས་པའི་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་སྟངས་འཛིན་བྱ་བར་དམིགས་ནས་ལོ་མང་རིང་རྒྱུན་སྐྱོང་བྱས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་དེའི་འོག་ནས་དམར་ཤོག་ཚོའི་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱེད་མཁན་གྱི་བཙན་བྱོལ་བོད་མི་ལས་འགུལ་བ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་དུ་ཕ་མ་དང་ཉེ་འབྲེལ་ཡོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་དམ་དྲག་བྱེད་ཐབས་བྱེད་བཞིན་འདུག  

བོད་ནང་གི་ཛ་དྲག་གནས་ཚུལ་རྒྱུས་ལོན་ཐུབ་མཁན་ཡག་ཤོས་ཤིག་ནི་བཙན་བྱོལ་དུ་གནས་པའི་བོད་མི་ཚོ་ཡིན་པར་བརྟེན་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་གཅོད་པར་འབད་བརྩོན་སྣ་ཚོགས་བྱེད་བཞིན་འདུག 

རྒྱ་གཞུང་གིས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་རྒྱར་བསྐྱེད་བྱས་པར་བརྒྱུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་ཆེས་ཆེར་བཏང་ཡོད། བོད་ནང་གི་ཤེས་ཡོན་གྱི་ལམ་ལུགས་ཡོངས་རྫོགས་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་དང་། སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ། བོད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱག་པ་དང་ལ་ལ་ཐད་ཀར་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་སོགས་བྱས་ཏེ་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ལ་རྡོག་རོལ་སྔར་ལས་ལྷག་པའི་བཏང་འདུག 

གཞན་ཡང་རྒྱ་གཞུང་གིས་གསར་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་ཆོས་ལུགས་དང་འབྲེལ་བའི་སྒྲིག་གཞི་གསར་པས་དྲྭ་ལམ་གྱི་ཆོས་ལུས་ལས་དོན་སྤེལ་བར་གཞུང་གི་ཆོག་མཆན་དགོས་པ་དང་ཆོག་མཆན་མ་ཐོབ་པ་ཡིན་ན་ཁྲིམས་འགལ་དུ་འགྱུར་བའི་ཚད་བཀག་བཟོས་ཏེ་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་འཆད་ཁྲིད་ཀྱི་སྨྲ་བརྗོད་རང་དབང་ལ་སྔར་ལས་ལྷག་པའི་རྡོག་རོལ་བཏང་བའི་གནས་ཚུལ་གསལ་འདོན་བྱུང་འདུག 

བོད་མི་མང་པོར་རང་གི་ཆོས་ལུགས་ཉམས་ལེན་ཚུལ་བཞིན་བྱ་རྒྱའི་ཐོབ་ཐང་མི་སྤྲོད་པ་དང་བོད་ཀྱི་ཤེས་ལྡན་མི་སྣར་ཉེས་མིང་འདྲ་མིན་བཀལ་ནས་བཙོན་འཇུག་ཁྲིམས་ཆད་ཤིན་ཏུ་ལྕི་མོ་གཏོང་བཞིན་འདུག རྒྱའི་བཀག་ཉར་ཁང་དང་བཙོན་ཁང་སོགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་རྡུང་རྡེག་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་འདུག་ཅིང་འཇུ་བཟུང་བཀག་ཉར་འོག་ཏུ་ལུས་མཁན་ཚོར་དྲང་བདེན་གྱི་ཁྲིམས་བཤེར་སོགས་བཙོན་པའི་གཞི་རྩའི་ཐོབ་ཐང་དག་ཀྱང་རག་གི་མེད་པའི་གནད་དོན་མུ་མཐུད་དུ་བྱུང་དང་འབྱུང་མུས་རེད། 

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་བརྟེན་ཕྱི་ལོ་ ༢༠༢༢ ལོར་སླར་ཡང་བོད་མི་གསུམ་གྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་ཉེ་བའི་མཚམས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག བོད་ནང་དུ་སྨྲ་བརྗོད་རང་དབང་དང་ཞི་བའི་ངོ་རྒོལ་བྱ་རྒྱའི་ཁོར་ཡུག་ཅིག་རྩ་ནས་མེད་པར་བརྟེན་རང་ལུས་མེར་སྲེག་གི་ལམ་ནས་ངོ་རྒོལ་བྱས་ཏེ་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱ་རྒྱུ་ནི་བོད་མི་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་བའི་གདམ་ཁ་ཉག་ཅིག་ཏུ་གྱུར་ཡོད། 

ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་བརྗོད་རྒྱུར་“རྒྱ་ནག་གིས་རྟག་ཏུ་རང་ཉིད་འཛམ་གླིང་གི་སྣེ་འདྲེན་རྒྱལ་ཁབ་ཅིག་ཡིན་པའི་སྤོབས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་འདི་མ་སེལ་བར་དུ་རྒྱ་ནག་ནམ་ཡང་རྒྱལ་སྤྱིའི་སྣེ་འདྲེན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གིས་བཅོལ་བའི་འོས་འགན་ལྟར་བོད་མི་ཚོ་གཙོས་པའི་དབང་འོག་གི་མི་ཐམས་ཅད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚུལ་བཞིན་འགན་སྲུང་བྱེད་དགོས། 

མ་ཟད་སྙན་ཐོ་འདི་བརྒྱུད་དེ་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་གཉིས་ཀར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་ཀྱི་སྐུལ་འདེབས་ཞུས་ཡོད་པ་རྣམས་གང་མགྱོགས་དངོས་སུ་ལག་བསྟར་ཐུབ་པ་བྱ་དགོས་”ཞེས་གསུངས་སོང་། 

ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ་རྒན་པ་བསྟན་འཛིན་ཟླ་བ་ལགས་དང་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་གཉིས་ཀྱིས་ལོ་འཁོར་སྙན་ཐོ་འདོན་སྤེལ་ཆེད་གསར་འགོད་གསལ་བསྒྲགས་བསྐྱངས་བ།

ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་འཕྲུལ་དེབ་ཀྱི་གཟུགས་སུ་འདི་ནས་ཕབ་ལེན་གནང་ཐུབ།

to top