རྫ་དབོན་པོའི་གནས་སྟངས་ཛ་དྲག་ཇེ་ཆེར་ཕྱིན་པ།

ཉེ་སྔོན་ཕྱི་ཟླ་བརྒྱད་པའི་ཚེས་ ༢༣ ནས་བཟུང་ཉིན་བཅུའི་རིང་རྫ་ཆུ་ཁ་དབོན་པོ་སྡེ་པ་རུ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་རྒྱུ་མཚན་གཙོ་བོར་བྱས་ནས་སྔ་གཞུག་ཏུ་བོད་མི་སྐྱ་སེར་ ༡༢༡ ཙམ་རྒྱ་ནག་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཤིང་དེའི་ནང་ནས་བོད་མི་བཞི་གློད་གྲོལ་བཏང་ཟིན་པའི་གནས་ཚུལ་བྱུང་བ་མ་གཏོགས་གཞན་ཚང་མ་ད་དུང་སེར་ཤུལ་རྫོང་ཐོག་ཏུ་བཀག་སྐྱིལ་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཉེ་ཆར་འཇུ་བཟུང་བྱས་པའི་བོད་མི་རྣམས་ལ་ཉིན་ལྟར་འདྲི་གཅོད་དང་སློབ་གསོ་ཡང་ཡང་གཏོང་གི་ཡོད་པ་མ་ཟད་ཟས་གོས་སོགས་ཀྱི་མཐུན་རྐྱེན་འདང་ངེས་ཤིག་རག་གི་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག  ལྷག་པར་དུ་སྐར་སྒྲོན་ཞེས་པའི་བུད་མེད་ཅིག་ན་ནས་སེར་ཤུལ་རྫོང་ཐོག་གི་སྨན་ཁང་དུ་བསྟན་འདུག་ཀྱང་ཕྱིས་སུ་ནད་གཞི་ཇེ་སྡུག་ཏུ་ཕྱིན་པར་བརྟེན་སྨན་བཅོས་ཆེད་ས་གནས་གཞན་གྱི་སྨན་ཁང་ཆེ་ས་ཞིག་ཏུ་སྟོན་ཐབས་བྱས་ཀྱང་སྨན་ཁང་གིས་ངོས་སྦྱོར་ཡི་གེ་དང་རྫོང་ཉེན་རྟོག་ཁང་གིས་ཆོག་མཆན་མ་སྤྲད་པར་མུ་མཐུད་བཀག་ཉར་བྱས་ཡོད་པ་རེད།

ཐེངས་འདིའི་རྫ་དབོན་པོར་དམ་དྲག་ནན་པོ་བྱེད་བཞིན་པའི་གནས་ཚུལ་འདི་གློ་བུར་དུ་འཕྲད་པ་ཞིག་མ་ཡིན་པར་རྒྱ་ནག་གཞུང་གིས་ཁུལ་དེའི་འབྲོག་པ་རྣམས་ཀྱི་སྲོལ་རྒྱུན་གྱི་འཚོ་གནས་ལ་དོ་འཕོག་ཆེན་པོ་བཏང་ཞིང་ཞི་དྲག་གི་ཐབས་ལམ་འདྲ་མིན་སྤྱད་དེ་དམངས་ཚོགས་ཁྲོད་གུང་ཁྲན་ཏང་བཀའ་དྲིན་ཆེ་རབ་ཀྱི་སྐད་ཆ་ཤོད་དགོས་པའི་བཙན་བཀའ་བཏང་བ་དང་། དེ་འདྲའི་སྐད་ཆ་ཤོད་མཁན་རེ་ཟུང་བྱུང་བ་རྣམས་བརྙན་བླངས་ནས་དྲིལ་བསྒྲགས་ཆེད་བེད་སྤྱོད་བྱས་པས་ས་གནས་བོད་མི་རྣམས་འུ་ཐུག་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མི་དགའ་བའི་རྣམ་འགྱུར་རྒྱུན་དུ་བསྟན་དང་སྟོན་མུས་ཡིན་པ་རེད།  

དེང་གི་ཆར་རྒྱ་ནག་གཞུང་གིས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་”ཟེར་བ་དང་“བསམ་བློ་གཅིག་མཐུན་”ཟེར་བ་སོགས་ཀྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྣ་ཚོགས་ཤིག་གི་འོག་ནས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་ཐབས་ཀྱི་ཐབས་ཇུས་སྣ་མང་ཞིག་སྔར་ལས་ལྷག་ལག་བསྟར་བྱེད་བཞིན་ཡོད་པས་བོད་ནང་དུའང་སྒེར་བཙུགས་སློབ་གྲྭ་ཁག་རིམ་པས་སྒོ་བརྒྱག་ཏུ་བཅུགས་པ་དང་སློབ་གྲྭ་ཁག་གི་བསླབ་གཞི་རྒྱ་ཡིག་ཏུ་བསྒྱུར་བཞིན་པ། བུ་བཅོལ་ཁང་གི་ནང་ངེས་པར་དུ་རྒྱ་ནག་གི་སྤྱི་སྐད་སློབ་དགོས་པ། བོད་ཁུལ་གྱི་ས་གནས་མང་པོར་ལག་བསྟར་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་གི་གསབ་ཁྲིད་འཛིན་གྲྭ་རྣམས་ཚོགས་མི་ཆོག་པ་སོགས་བཟོ་བཞིན་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་བར་ཉེ་ཆར་རྫ་དབོན་པོ་ནས་འཇུ་བཟུང་བྱས་པའི་ནང་“དབོན་པོ་ཕ་སྐད་སྲུང་འཛིན་སྐྱིད་སྡུག་མཐུན་ཚོགས་”ཀྱི་རྐང་འཛིན་མི་སྣ་ཡང་ཚུད་ཡོད་པ་མ་ཟད་ཕ་སྐད་ཚོགས་པའི་དེ་རྒྱུན་དུ་སྤེལ་བཞིན་པའི་ཡིག་རྨོངས་སེལ་བའི་ལས་འགུལ་དང་། དབྱར་དགུན་གྱི་སྐད་ཡིག་གསབ་ཁྲིད་འཛིན་གྲྭ་སོགས་ཀྱང་མུ་མཐུད་ཚོགས་མི་ཐུབ་པའི་གནས་སུ་ལྷུང་བཞིན་པར་དམངས་ཚོགས་ཁྲོད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།  

རྫ་དབོན་པོའི་གནས་སྟངས་ནི་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་དང་རྒྱའི་དམག་མིས་བོད་མི་ཚོའི་ཁང་ཁྱིམ་བསྔོག་བཤེར་བྱེད་པ་ཙམ་མ་ཟད་སེར་ཤུལ་རྫོང་ཁོངས་ཀྱི་སྡེ་པ་ཕལ་ཆེ་བར་དམ་དྲག་ནན་པོ་བྱས་ཏེ་དམངས་ཚོགས་ཀྱི་འགྲོ་འོང་ལ་བཀག་སྡོམ་བྱེད་པ་དང་། འགྲུལ་པ་ཚོའི་ཁ་པར་སོགས་སུ་གང་བྱུང་བསྔོག་བཤེར་བྱེད་ཀྱིན་ཡོད་པ་རེད།

ཉིན་གྲངས་ཉི་ཤུ་ལྷག་སོང་ཡང་རྒྱ་ནག་གཞུང་གིས་དོན་མེད་དུ་འཇུ་བཟུང་བྱས་པའི་བོད་མི་རྣམས་ད་དུང་གློད་གྲོལ་མི་གཏོང་བ་མ་ཟད་ཁོང་ཚོར་ཟས་གོས་སོགས་ཀྱི་མཐུན་རྐྱེན་འདང་ངེས་ཤིག་སྤྲོད་ཀྱི་མེད་པ་དང་ནད་པར་སྨན་བཅོས་ལྟ་སྐྱོང་ཚུལ་བཞིན་རག་གི་མེད་པའི་ཛ་དྲག་གི་གནས་སྟངས་འབྱུང་བཞིན་པ་འདི་ནི་ཧ་ཅང་བློ་འཚབ་ཀྱི་གནས་ཤིག་ཡིན་པས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་ལ་རྫ་དབོན་པོ་ནས་འཇུ་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top