རྫ་ཆུ་ཁ་རུ་གང་བྱུང་འཇུ་བཟུང་དང་ཁང་ཁྱིམ་དང་ཁ་པར་བསྔོག་བཤེར། སྤྱི་ཚོགས་དྲྭ་རྒྱར་དམ་དྲག་ཆེས་ཆེར་བྱེད་བཞིན་འདུག

༧གོང་ས་མཆོག་གི་སྐུ་པར་དང་ཕྱི་ཕྱོགས་སུ་འབྲེལ་བར་དམ་དྲག 

ཉེ་སྔོན་རྫ་དབོན་པོའི་ཕྱོགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་བ་རྒྱུ་མཚན་གཙོ་བོར་བྱས་ནས་རྒྱ་ནག་གཞུང་གིས་བོད་མི་ཕོན་ཆེན་ཞིག་དུས་ཡུན་ཟླ་གཅིག་ཙམ་གྱི་རིང་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་བ་ནས་བཟུང་མུ་མཐུད་སེར་ཤུལ་རྫོང་ཁོངས་རྫ་ཆུ་ཁ་དང་འདན་མ་བཅས་ལ་དམ་དྲག་བྱེད་མུས་ཡིན་པ་རེད། 

ཉེ་སྔོན་འཇུ་བཟུང་བྱས་པའི་བོད་མི་རྣམས་དུས་ཡུན་ཟླ་བ་གཅིག་ཙམ་གྱི་རིང་བཀག་ཉར་བྱས་པ་མ་ཟད་ཁོང་རྣམས་ལ་ཟས་གོས་འདང་ངེས་ཤིག་སྤྲོད་ཀྱི་མེད་པ་དང་རྡུང་རྡེག་བཏང་བ། ཛ་དྲག་ནད་པར་སྨན་ཁང་ཆེ་སར་བསྟེན་གཏུག་བྱ་རྒྱུའི་ཆོག་མཆན་སྤྲད་མེད་པ།  ཉིན་ལྟར་སློབ་གསོ་བརྒྱག་པ་དང་དམག་སྦྱོང་བྱེད་དུ་འཇུག་པ་སོགས་སུན་བཙིར་སྣ་ཚོགས་བྱས་ཡོད་པའི་གནས་ཚུལ་བྱུང་འདུག  

ཕྱི་ཟླ་ ༩ པའི་ཚེས་ ༢༥ དང་ ༢༧ ནས་བཟུང་རྫ་དབོན་པོ་ནས་འཇུ་བཟུང་བྱས་པའི་བོད་མི་ ༡༡༧ ལས་སྐྱ་སེར་མི་ཉུང་བ་ཞིག་རིམ་པས་གློད་གྲོལ་བཏང་འདུག་ཅིང་དགོན་པའི་ལས་རིགས་དང་དམངས་ཚོགས་ཞབས་ཞུའི་ཁྲོད་ནམ་རྒྱུན་ཐུགས་འགན་བཞེས་མཁན་གྱི་དགེ་འདུན་པ་གསུམ་མུ་མཐུད་བཀག་ཉར་བྱས་ཏེ་ཉིན་ཤས་གོང་གཞི་ནས་གློད་གྲོལ་བཏང་ཡོད་འདུག 

དམ་དྲག་བཀའ་རྒྱ། 

དབོན་པོ་སྡེ་བ་ལའང་སྔར་བཞིན་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད་དམངས་ཚོགས་ཀྱི་ལག་ནས་ཁ་པར་བསྡུས་ཏེ་ཉིན་གཉིས་གསུམ་ཙམ་ལ་བརྟག་ཞིབ་ནན་པོ་བྱེད་པ་དང་མི་འགའ་ཤས་ལས་ཁུངས་སུ་འབོད་འགུག་བྱས་ནས་འདྲི་བརྩད་བྱེད་པ་དང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་གི་བཀའ་དྲིན་ཚོར་དགོས་པའི་སློབ་གསོ་གཏོང་བ། ༧གོང་ས་མཆོག་དང་ཁོང་གི་རྗེས་འབྲངས་བར་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བྱེད་པ། ཁྱིམ་བདག་ཚོར་རང་གི་བུ་ཕྲུག་རང་ལོ་བཅོ་བརྒྱད་མ་སོན་བར་དུ་དགོན་པར་མི་འཇོག་པའི་ཁས་ལེན་གྱི་མིང་རྟགས་འགོད་བཅུག་པ། ཕ་སྐད་སྲུང་འཛིན་མཐུན་ཚོགས་སོགས་ཚོགས་པ་ཡོད་ཚད་སྒོ་བརྒྱག་དགོས་པ་དང་སློབ་ཕྲུག་ཚོར་ནམ་རྒྱུན་སྐད་ཡིག་གསབ་ཁྲིད་བྱེད་པའི་ལས་འགུལ་དང་ས་གནས་མི་མང་ལ་ཡིག་རྨོངས་སེལ་ཐབས་བྱེད་པའི་ལས་འགུལ་སོགས་སྤེལ་མི་ཆོག་པ་བཟོས་འདུག  

དཔའ་ངར་ཅན་གྱི་དབོན་པོ།  

ས་གནས་སྲིད་གཞུང་གིས་དབོན་པོ་སྡེ་པའི་ཉེ་ཁྲིས་རྫ་ཆུའི་ཟམ་ཆེན་གྱི་འགྲམ་དུ་ཕ་བོང་ཞིག་གི་སྟེང་དབུལ་ཕོངས་འགག་སྒྲོལ་གྱི་ལས་འགུལ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་ཡི་གེ་བརྐོས་ཡོད་ཅིང་ཕ་བོང་དེའི་མདུན་ངོས་སུ“དཔའ་ངར་ཅན་གྱི་དབོན་པོ་”ཞེས་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཡིག་འབྲུ་འཁོད་ཡོད་པ་རེད།

སྤྱིར་ཕ་བོང་དེ་གོང་རིམ་གྱི་ཆོག་མཆན་ཡོད་པའི་ཐོག་ནས་བཙུགས་པ་ཞིག་ཡིན་ཡང་སེར་ཤུལ་རྫོང་གི་ལས་བྱེད་པ་རེ་འགའ་དང་དབོན་པོ་ས་གནས་སྲིད་གཞུང་གི་ཤང་ཀྲང་གསར་པ་གཙོས་པའི་ལས་བྱེད་པ་འགས་“དཔའ་ངར་ཅན་གྱི་དབོན་པོ་”ཞེས་པའི་ཡིག་འབྲུ་དེའི་ནང་དོན་ལ་གནད་དོན་མི་ལེགས་པ་ཡོད་ཚུལ་བཤད་ནས་ཉེ་ཆར་ཡིག་འབྲུ་དེ་དག་ལྐོག་ནས་བསུབས་ཡོད་པ་རེད། ས་གནས་བོད་མི་ཚོས་ཕ་བོང་མདུན་ངོས་ཀྱི་པར་དེ་ཉིད་དྲྭ་ལམ་དུ་རྒྱ་ཆེར་སྤེལ་བར་བརྟེན་“དཔའ་ངར་ཅན་གྱི་དབོན་པོ་”ཞེས་པ་ནི་དབོན་པོ་སྡེ་པའི་ཡུལ་མི་ཚོས་རང་གི་ཁྱད་ཆོས་མཚོན་བྱེད་དམ་རྒྱ་ནག་གིས་དྲག་གནོན་ཇི་ཙམ་བྱས་ཀྱང་དཔའ་ངར་མི་ཞུམ་པའི་རྣམ་འགྱུར་མཚོན་བྱེད་ལྟ་བུར་གྱུར་བཞིན་ཡོད་པ་རེད། 

དམ་དྲག་རྒྱ་བསྐྱེད། 

ད་ལྟའི་ཆར་དབོན་པོ་སྡེ་པ་ཙམ་མ་ཡིན་པར་རྫ་ཆུ་ཁ་དང་འདན་མ་བཅས་སེར་ཤུལ་རྫོང་ཁོངས་ཀྱི་ས་ཁུལ་མངཔོར་དམ་དྲག་བྱེད་བཞིན་ཡོད་པ་དང་གཙོ་བོ་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་ནས་མི་མང་གི་བྱ་སྤྱོད་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མིན་དང་༧གོང་ས་།ཆོག་གི་སྐུ་པར་ཉར་ཡོད་མེད་སོགས་ལ་སོ་ལྟ་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག 

ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་གོང་འཁོད་ས་གནས་ཁག་ནས་ཡིན་པའི་བོད་མི་མང་པོས་ད་ལྟའི་ཆར་ཕྱིར་ཕ་ཡུལ་དུ་འབྲེལ་བ་བྱེད་རྒྱུ་སྟབས་བདེ་མིན་པ་དང་བོད་ནང་གི་གཉེན་ཉེ་ཚོས་ཀྱང་ཚུལ་འབྲེལ་བ་བྱེད་རྒྱུར་དོག་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་སོང་། 

འདི་ག་ལྟེ་གནས་ཁང་དུ་ཕྱི་ཕྱོགས་སུ་བཞུགས་པའི་འབྲེལ་ཡོད་བོད་མི་ཞིག་གིས་“ཕ་ཡུལ་དུ་ཡོད་པའི་ངའི་གྲོགས་པོ་ཞིག་གིས་རང་གི་སྐད་འཕྲིན་སོགས་ལ་རྒྱ་མིས་སོ་ཉུལ་བྱེད་ཀྱི་ཡོད་པའི་དོག་པ་ཡོད་ཚུལ་སྐོར་ནས་བཤད་བྱུང་བས་དེ་ནས་བཟུང་ངས་ཁོང་རང་ལ་འབྲེལ་བ་བྱས་མེད། འདི་དང་འདི་ལྟ་བུ་དེང་སང་མང་པོ་རེད།  གོ་ཐོས་བྱུང་བ་ལྟར་ན་ཕ་ཡུལ་གྱི་སྐད་འཕྲིན་ཚོགས་པ་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ལ་སྔར་ལས་ལྷག་གི་ནན་མོ་དམ་དྲག་བྱ་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག”ཅེས་འགྲེལ་བརྗོད་གནང་སོང་། 

དབོན་པོ་སྡེ་པ་ནས་སྔོན་ཆད་རྒྱ་དམག་གིས་བོད་ས་བཙན་འཛུལ་བྱེད་སྐབས་དཔའ་ངར་ཆེན་པོས་འཐབ་འཛིང་དྲག་པོ་བྱས་པའི་ལོ་རྒྱུས་ཡོད་ཅིང་ས་བྱི་ཞི་བའི་ངོ་རྒོལ་སྐབས་སུ་དབོན་པོ་དགོན་པའི་གྲྭ་བཙུན་འགས་ལྷ་སའི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་གནང་ཡོད་པ་དང་།ཕྱི་ལོ་ ༢༠༡༢ ལོར་རྫ་སྨད་དབོན་པོ་སློབ་གྲྭའི་ནང་རྒྱ་ནག་གི་རྒྱལ་དར་མར་ཕབས་ཏེ་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས།ཕྱི་ལོ་ ༢༠༡༩ ལོར་སྐྱ་སེར་བདུན་གྱི་སྔ་གཞུག་ཏུ་བོད་རང་བཙན་གྱི་ཡིག་ཆ་བཀྲམས་ཤིང་སྲང་ལམ་དུ་ངོ་རྒོལ་སྐད་འབོད་བྱས། ཕྱི་ལོ་༢༠༢༡ ལོར་རྒྱལ་གཅེས་དཔའ་བོ་གྲྭ་བསྟན་འཛིན་ཉི་མ་ལགས་བཙོན་ཁང་གི་མནར་གཅོད་འོག་འདས་གྲོངས་སུ་གྱུར་རྗེས་ས་གནས་མི་མང་གིས་རྣམ་པ་འདྲ་མིན་གྱི་ལམ་ནས་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཤུགས་ཆེར་བསྟན་པ་སོགས་རྒྱ་ནག་གི་བཙན་གནོན་ལ་མགོ་བོ་སྒུར་གྱི་མེད་པ་རེད།

སེར་ཤུལ་རྫོང་ཁོངས་ཀྱི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་སྔར་ལས་ལྷག་དམ་དྲག་བྱེད་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ཐད་ནས་ནམ་ཡང་བཟོད་སྒོམ་བྱ་ཐབས་བྲལ་བ་ཡིན་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་ལ་ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top