རྩོམ་པ་པོ་ཞོགས་ལྗང་ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ།

shokjangབོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ལགས་ལ། རེབ་གོང་ཐུན་རིན་ཁྲིམས་ཁང་ནས་ལོ་ ༣ ཀྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག ཡིན་ནའང་། གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་པ་ལྟར་ན། ད་ལྟའི་ཆར་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་གཅོད་རྒྱུའི་བཀའ་རྒྱ་བསྒྲགས་པ་ཙམ་ལས། ད་དུང་དངོས་སུ་ཁྲིམས་ཐག་བཅད་མེད་པར་བཤད།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན། སྨྱུག་མིང་ལ་ཞོགས་ལྗང་དུ་འབོད་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་འབྲུག་ལོ་ལགས་ལ། རེབ་གོང་ཐུན་རིན་ཁྲིམས་ཁང་ནས་ལོ་ ༣ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁྲིམས་རྩོད་སོགས་ཀྱི་གོ་རིམ་གང་ཡང་མེད་པར་ཁྲིམས་དཔོན་ཞིག་ནས། རྩོམ་པ་པོ་ཞོགས་ལྗང་ཁོང་གིས་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་། ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ཐེངས་མང་པོར་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ནག་ཉེས་ཁག་ ༤ བགྲང་ནས་ཁྲིམས་ཐག་བཅད་ཡོད་པ་དང་།  ཉིན་ ༡༠ ནང་ཚུད་དུ་ཁྲིམས་བཅད་དེར་ངོས་ལེན་ཡོད་མེད་མཚན་རྟགས་འགོད་དགོས་པའི་འགེང་ཤོག་ཅིག་སྤྲད་ཡོད་འདུག ཞོགས་ལྗང་གིས་སྐབས་དེ་རང་ལ་བསྐྱར་དུ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག དེ་རྗེས་དུས་ཡུན་སྐར་མ་ ༤ ཙམ་གྱི་རིང་ལོ་ན་བཞི་ལ་སོན་མ་ཐག་པའི་ཁོ་རང་གི་བུ་ཆུང་ལ་ཐུག་འཕྲད་བྱེད་བཅུག་རྗེས་ཕྱིར་ཁྲིད་ཡོད་འདུག

དེའང་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐུན་རིན་ཁྲིམས་ཁང་གིས་ཞོགས་ལྗང་གི་ནང་མིར་བརྡ་ལེན་འབྱོར་ཏེ། ཕྱི་ཚེས་ ༡༧ ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་སྟབས། རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་ནང་མི་ཉེ་འབྲེལ་དང་ཚོ་བའི་ཡུལ་མི་སོགས་མི་གྲངས་ ༤༠ ལྷག་རེབ་གོང་དུ་སླེབས་ཡོད་པར་བཤད།

གཞན་ཡང་། གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་པ་ལྟར་ན། “རྩོམ་པ་པོ་ཁོང་ལ་ཁྲིམས་ཐག་ལོ་གསུམ་གཅོད་རྒྱུ་ཡིན་ཞེས་སྐད་ཆ་དྲིས་ཡོད་པ་ལས། ལོ་གསུམ་གྱི་ཁྲིམས་ཐག་གཅོད་རྒྱུ་གཏན་འཁེལ་ཡིན་ཞེས་ཡིག་ཆ་སོགས་ཁྱིམ་བདག་ལ་སྤྲད་མི་འདུག ཞོགས་ལྗང་གིས་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་དེར་ངོས་ལེན་གང་ཡང་བྱས་མི་འདུག དེ་སྔོན་རྫོང་རིམ་པས་ཁོང་ལ་ལོ་གསུམ་ནས་ལོ་ལྔའི་ཁྲིམས་ཐག་གཅོད་པའི་བཀའ་བསྒྲགས་སྐབས། ཞོགས་ལྗང་གིས་ཐག་གཅོད་ངོས་ལེན་མ་བྱས་པའི་རྐྱེན་གྱིས་ཞིང་ཆེན་རིམ་པར་ཞུ་གཏུག་བྱས་ཤིང་། ཞིང་ཆེན་རིམ་པ་ནས་གནད་དོན་ཐག་གཅོད་བྱེད་པའི་གྲོས་བྱས་རྗེས་ལོ་གསུམ་གྱི་ཁྲིམས་ཐག་གཅོད་དགོས་པའི་བརྡ་ལན་འབྱོར་མོད། ཁོས་སྔར་བཞིན་ངོས་ལེན་མ་བྱས་པས་ད་རུང་གནད་དོན་ཐག་གིས་མ་ཆོད་པར་ལུས་ཡོད་འདུག” དེ་བཞིན། “ཞོགས་ལྗང་ཁོ་རང་གིས་བརྗོད་ན། ཁོས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མེད་ལ། མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པའི་ནག་ཉེས་དེ་ནི་བཙན་གྱིས་མ་ཉེས་ཁག་གཡོགས་བྱས་པ་ལས། བདེན་དཔང་གང་ཡང་སྟོན་རྒྱུ་མི་འདུག་ལ། ང་རང་བཙན་གྱིས་ལྟ་སྲུང་ཁང་དུ་ཟླ་བ་དགུ་ལྷག་ལ་བཀག་ཉར་བྱས་ཏེ་འགྲོ་འདུག་རང་དབང་མེད་པར་བཟོས་པ་མ་ཟད། ཁྲིམས་འགལ་གྱི་བདེན་དཔང་གང་ཡང་སྟོན་རྒྱུ་མེད་པར་ཁྲིམས་ཐག་གཅོད་པའི་སྦྱོར་བ་འདི་ནི་མ་གཞི་ནས་ཁྲིམས་དང་མི་མཐུན་པའི་ཁྲིམས་འགལ་གྱི་བྱ་བ་ཞིག་རེད་ཅེས་སླར་ཡང་ཁྲིམས་གཅོད་ཁང་ལ་ཞུ་གཏུགས་བྱེད་བཞིན་འདུག” ཟེར།

རྩོམ་པ་པོ་ཞོགས་ལྗང་ལགས་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་རེབ་གོང་དུ་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་འཇུ་བཟུང་བཙན་ཁྲིད་ཐོག ཁོང་འཇུ་བཟུང་དགོས་པའི་རྒྱུ་མཚན་དང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ཡུན་རིང་གར་སོང་ཆ་མེད་གྱི་གནས་སྟངས་འོག་ལྷག་ཡོད་པ་རེད། ཉེ་ཆར་གནས་ཚུལ་ཤེས་རྟོགས་བྱུང་པ་ལྟར་ན། རྗེས་སུ་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༢ ཡར་སྔོན་བར་དུ་ཁོང་གི་ནང་མི་ཚོར་ཁོང་ལ་ཟ་མ་དང་གྱོན་ཆས་སོགས་སྤྲོད་འཇུག་གི་ཡོད་ཀྱང་། ཕྱི་ཟླ་ ༡༢ པའི་རྗེས་ནས་བཟུང་ཅ་དངོས་གང་ཡང་སྤྲོད་དུ་བཅུག་མེད་པ་རེད། དེ་ལྟར་ད་ལྟའི་བར་དུས་ཡུན་ཟླ་བ་ ༡༡ རིང་བཀག་ཉར་བཙོན་འཇུག་བྱས་མཐར། ཉེ་ཆར་ཁྲིམས་མཐུན་གྱི་བརྒྱུད་རིམ་གང་ཡང་མེད་པའི་ཐོག་ནས་ཉེས་འཛུགས་ཁྲིམས་གཅོད་བྱས་ཡོད་པ་རེད།

རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་ཁོང་འཇུ་བཟུང་མ་བྱས་པའི་ཉིན་གཉིས་ཀྱི་སྔོན་སྟེ། ༢༠༡༥ ཟླ་ ༣ ཚེས་ ༡༦ ཉིན་སྐད་འཕྲིན་བར་སྟོང་དུ་ཟིན་ཐོག་ཞིག་སྤེལ་ཡོད་པ་དེའི་ནང་། “རེབ་གོང་ནས་མེ་མདའ་བཟུང་བའི་དམག་མི་སྐོར་དང་སྐོར་བྱས་ནས་མང་ཚོགས་དག་ལ་སྔོག་བཤེར་བྱེད་ཀྱི་འདུག འདི་ནི་མང་ཚོགས་སྤྱི་བའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་ཡིན་ནམ། བསམ་བཞིན་དུ་དམངས་སེམས་ལ་ཟིང་ཆ་བསླངས་པ་ཡིན་ནམ། སྤྱི་ཚོགས་བརྟན་བརླིང་ཟེར་བ་ནི་འདི་ལྟའི་བྱེད་ལས་ཤིག་ཡིན་ཚེ་ཤིན་ཏུ་འཇིགས་སུ་རུང་བ་ལ། མང་ཚོགས་ཀྱི་སྟེང་དུ་མེ་མདའ་བཟུང་བའི་ཉེན་རྟོག་པ་འདི་དག་ནི་སུ་ཞིག་གི་ལག་ཆ་ཡིན་ནམ། ཁོ་ཚོས་ཅིའི་ཕྱིར་འདི་ལྟར་བྱེད་དགོས་པ་ཡིན་ནམ། ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི་འདི་ལྟར་འགན་སྲུང་བྱས་པ་ཡིན་ནམ། ཁྲིམས་སྐྱོང་རྒྱལ་ཁབ་ཅེས་པ་ནི་འདི་ལྟ་བུ་ཞིག་ཡིན་ནམ། བསམས་ཤིང་བསམ་ན་འཇིགས་དངངས་སྐྱེས་པའི་བྱེད་ལས་འདི་དག་ནི་ཟིང་འཁྲུག་གི་རྒྱུ་འབའ་ཞིག་ལས་མ་འདས་སོ།”ཞེས་བཀོད་ཡོད་པ་རེད།

photo0001༢༠༡༥ ཟླ་ ༡༡ ཚེས་ ༡༥ ཉིན་ཁ་ན་ཌའི་གྲོང་ཁྱེར་ཁུའེ་བྷེག་ཏུ། ཁེའུ་བྷེག་གི་རྒྱལ་སྤྱིའི་རྩོམ་པ་པོའི་ཡན་ལག་མཐུན་ཚོགས་དང་། ཁེའུ་བྷེག་གྲོང་ཁྱེར་ས་གནས་རྩོམ་པ་པོའི་མཐུན་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གསུམ་གྱིས་གོ་སྒྲིག་འོག བཙོན་འོག་དུ་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་རང་དབང་སྐོར་ལ་ཚོགས་འདུ་ཞིག་བསྐངས་པའི་ཐོག ཁ་ན་ཌའི་གྲགས་ཅན་རྩོམ་པ་པོ་ ༡༠ ཡིས་སོ་སོའི་ངོས་ནས་འཛམ་གླིང་རྒྱལ་ཁབ་ཁག་ནང་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་རེ་བདམས་ཏེ། ཁོང་ཚོར་རྒྱབ་སྐྱོར་དང་ཁོང་ཚོའི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་མཚོན་ཐབས་བྱས་ཡོད་པ་ལྟར། ཁ་ན་ཌའི་སྙན་ངག་པ་ལུའེ་སི་(Louis-Philippe Hebert)ལགས་ཀྱི་ངོས་ནས་བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ལགས་བདམས་ཏེ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཁོང་གི་སྙན་དེབ་སྟེང་ཧྥ་སིའི་སྐད་ཡིག་ཐོག་རྩོམ་པ་པོ་ཞོགས་ལྗང་ལགས་ལ་རྒྱབ་སྐྱོར་མཚོན་པའི་ལག་བྲིས་ཀྱི་ཡི་གེ་ཞིག་ཕུལ་ཡོད་པ་རེད། དེ་བཞིན། རྩོམ་པ་པོ་ཞོགས་ལྗང་ལགས་རྒྱ་གཞུང་གིས་འཇུ་བཟུང་བྱས་རྗེས། བོད་ནང་གི་རྩོམ་པ་པོ་མང་པོས་ཀྱང་རྣམ་པ་འདྲ་མིན་ཐོག རྩོམ་པ་པོ་ཞོགས་ལྗང་ལགས་ལ་རྒྱབ་སྐྱོར་དང་ཁོང་བཙོན་འཇུག་ཐད་བློ་འཚབ་མཚོན་པའི་རྩོམ་ཡིག་མང་པོ་སྔ་རྗེས་སྤེལ་ཡོད་པ་རེད།

མ་གཞི་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་རྩོམ་ཡིག་གི་ལམ་ནས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་གསལ་འདོན་བྱས་པ་ཙམ་ལས། རྒྱ་ནག་གཞུང་གི་བཅའ་ཁྲིམས་དང་འགལ་བའི་ནག་ཉེས་གང་ཡང་བསགས་མེད། རྒྱ་གཞུང་གིས་ཁོང་ལ་ “ཁ་བྲལ་བྱ་སྤྱོད” དང་ “སྤྱི་ཚོགས་བརྟན་བརླིང་གནོད་བསྐྱོན་བཟོས་པ” སོགས་ཀྱི་ནག་ཉེས་བཀལ་ཏེ་ཁྲིམས་གཅོད་བྱས་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་ཁག་དང་འགལ་བའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་དང་། མི་སྒེར་གྱི་བསམ་བློའི་རང་དབང་དང་། སྨྲ་བརྗོད་རང་དབང་། རྩོམ་འབྲི་རང་དབང་བཅས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ཁག་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།

དེར་མ་ཟད། རྒྱ་གཞུང་གིས་ནམ་རྒྱུན་བོད་མི་རྣམས་ལ་ཉེས་མེད་ཉེས་འཛུགས་ཐོག ཁོང་ཚོར་གཅར་རྡུང་མནར་གཅོད་ཚད་མེད་བཏང་སྟེ་བཙན་གྱིས་ནག་ཉེས་ཁས་ལེན་དུ་འཇུག་བཞིན་ཡོད་པ་ལྟར། རྩོམ་པ་པོ་ཞོགས་ལྗང་ལགས་རྒྱ་གཞུང་གིས་དུས་ཡུན་རིང་པོར་བཀག་ཉར་བྱས་པ་འདིས། ཁོང་ལ་ཉེས་མེད་ཉེས་འཛུགས་ཐོག་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ། རྒྱ་གཞུང་གིས་ནག་ཉེས་གང་ཞིག་བཙན་འགེལ་བ་བྱས་ཏེ་ཁས་ལེན་དུ་འཇུག་ཆེད། མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མནར་གཅོད་གཏོང་བཞིན་པ་གསལ་བོ་བསྟན་ཡོད།

tibettimes-31བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ངམ་དངོས་མིང་ལ་འབྲུག་ཟེར་ཞིང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་རྒྱ་གཞུང་གི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་། རྒན་རྒྱ་ཞིང་ཁ་རྒྱ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་ཚབ་ཀྱི་མིང་ལ་རྟ་མགྲིན་དང་མ་མིང་ལ་ལྷ་མོ་སྐྱིད་ཟེར། ཁོང་ ༡༩༨༦ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཤེས་ཡོན་དང་འབྲེལ་བའི་རང་མོས་ཀྱི་ལས་ཀ་རེ་ཟུང་གཉེར་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ད་ལྟ་ཁོའི་ཁྱིམ་དུ་ཆུང་མ་དང་ལོ་ན་ ༤ ལ་སོན་མ་ཐག་པའི་བུ་ཆུང་གཉིས་ཡོད་པ་རེད། བུ་ཆུང་གི་མིང་ལ་རང་དབང་དགའ་བ་ཟེར།

རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་སུ། ༢༠༡༠ ཟླ་ ༤ ཚེས་ ༦ ཉིན། རྒྱ་ནག་གི་ཉེན་རྟོག་པས་ཁོང་དང་ཐེའུ་རང་གཉིས་སློབ་གྲྭའི་ནང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཞོགས་ལྗང་ལགས་ཀན་སུའུ་ལན་དྲུག་གྲོང་ཁྱེར་གྱི་བདེ་འཇགས་ལས་ཁུངས་ནས་བཀག་ཉར་ཐོག དུས་ཡུན་ཟླ་གཅིག་དང་ཉིན་གཉིས་རིང་འདྲི་གཅོད་སྡུག་སྦྱོང་བཏང་མཐར། ལོ་དེའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཕྱིར་གློད་གྲོལ་བཏང་ཡོད་པ་རེད། ཐེའུ་རང་ལགས་ཟི་ཁྲོན་ལ་འཁྲིད་དེ་ལོ་བཞི་ཡི་ཁྲིམས་ཐག་བཅད་དེ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་ཀློད་གྲོལ་བཏང་ཡོད། དེ་བཞིན། ཞོགས་ལྗང་ལགས་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་སྐབས། སྲིད་གཞུང་གིས་མཐར་ཕྱིན་རྒྱུགས་འགྲན་ནང་ཞུགས་བཅུག་མེད་པ་མ་ཟད། དུས་རྒྱུན་ཁོ་རང་གི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་པ་དང་། ལས་ཀའི་ཐད་དུའང་དཀའ་རྙོག་མང་པོ་བཟོས་ཡོད་འདུག

ཞོགས་ལྗང་ལགས་ཀྱིས་དེ་སྔ་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་མྱོང་ཞིང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝང་ལི་ཞོན་དང་ཡུ་ཅེ་སོགས་ཀྱི་རྩོམ་ཡིག་མང་པོ་བོད་བསྒྱུར་གནང་བ་དང་། ཁོང་གིས་དེ་སྔ་ <<ལམ་གྱི་སྙིང་སྟོབས།>> ཞེས་པ་ཞིག་བྲིས་པ་དེ་རྒྱ་ནག་གིས་བཀག་སྡོམ་གཞུང་བཞེས་བཏང་ཡོད་པ་དང་། གཞན་ཡང་ཁོང་གིས་ <<རང་གྲོལ་སྙིང་སྟོབས།>> དང་ <<རང་དབང་གི་ཆེད་དུ། ང་ལ་བློ་འགྱོད་མེད།>> <<སྙུ་གུའི་སྟོབས།>> ཅེས་དཔེ་དེབ་ཁག་ཅིག་དཔར་འགྲེམས་ཞུས་ཡོད་པ་རེད།

to top