འདི་ཟླའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་མི་ན་གཞོན་ཨ་སངས་དང་དཔལ་སྐྱོང་ནས་༸གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་སྲུང་རྩིའི་གླུ་གཞས་བཏང་བའི་དབང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་། བདུན་ཕྲག་འགའ་ཤས་སོང་ཀྱང་ད་དུང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཨ་སངས་དང་དཔལ་སྐྱོང་རྣམ་གཉིས་ནས་མགྱོགས་འཕྲིན་མཉམ་སྤྱོད་སྟེགས་བུའི་ཐོག་<<ཞི་བདེའི་རྒྱལ་སྲས་>>ཞེས་པའི་གླུ་གཞས་འགྲེམས་སྤེལ་བྱས་པའི་དབང་གིས་ཟླ་ ༧ པའི་ཟླ་འགོར་ཟི་ཁྲོན་ཞིང་ཆེན་རྔ་པ་རྫོང་ཨ་འདུས་ཡུལ་ཚོ་ནས་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། གཞས་དེ་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་གཞས་པ་ཤེར་བསྟན་གྱིས་བླངས་པ་ཞིག་དང་། གཞས་ཚིག་རྩོམ་མི་ཨ་རིག་མཆོད་རྟེན་ཐར་རེད། དེ་ནི་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་བླ་ན་མེད་པའི་ཤེས་རབ་ལ་ཆེ་བསྟོད་བྱ་ཆེད་རེད། ཨ་སངས་ལགས་ཀྱི་གཞས་དེར་མི་མང་གིས་དོ་སྣང་ཆེན་པོ་བྱས་པར་བརྟེན་མཐར་སྟེགས་བུ་ནས་ཕྱིར་འཐེན་བྱས་པ་དང་། ཨ་སངས་ལགས་ཀྱི་མགྱོགས་འཕྲིན་ཡང་ད་ལྟ་མེད་པ་བཟོས་ཡོད།

ཨ་སངས་ལགས་དེ་ཁུལ་དུ་མིང་གྲགས་ཆེ་བའི་ན་གཞོན་གཞས་པ་ཞིག་དང་། ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་བར་མ་ཡུལ་ཚོ་ནས་ཡིན་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དར་སྤེལ་དང་འབྲེལ་བའི་གླུ་གཞས་གཏོང་རྒྱུར་ཧ་ཅང་མཁས་པ་ཡིན་པ་མ་ཟད། རྡུང་ལེན་སྒྱུ་རྩལ་པ་དང་ཆབ་སྲིད་བཙོན་ཟུར་དགེ་བྷེ་ཡི་སློབ་མ་ཡང་ཆགས་ཡོད། ཨ་སངས་ལགས་གཉེན་སྒྲིག་བྱས་ཟིན་པ་དང་ཁོང་ལ་ཕྲུ་གུ་གཅིག་ཡོད་ཅིང་། ཁོང་གི་བཟའ་ཟླ་ལྷ་མོ་ལགས་སུ་མངལ་ཆགས་ནས་ཟླ་ཤས་སོང་ཟིན། ཁོང་གང་བྱུང་འཇུ་བཟུང་བཀག་ཉར་བྱས་པ་དེས་ལྷ་མོའི་སེམས་ཁམས་སུ་ཟད་མཐའ་མེད་པའི་གནོན་ཤུགས་སླེབས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་གང་དུ་ཡོད་པ་དང་གནས་སྟངས་ཇི་འདྲ་ཡིན་པ་ཁ་གསལ་གྱི་འགྲེལ་བརྗོད་གང་ཡང་བྱས་མེད། དཔལ་སྐྱོང་ནི་ཨ་འདུས་ཡུལ་ཚོ་ནས་ཡིན་པ་དང་། གཉེན་སྒྲིག་བྱས་ནས་ལོ་གསུམ་འདས་ཟིན་ཞིང་ཕྲུ་གུ་གཅིག་གི་ཕ་རྒན་ཆགས་ཡོད།
འབྲེལ་ཡོད་ཀྱི་གནས་ཚུལ་གཞན་ཞིག་ནི་རྔ་པ་རྫོང་གི་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོས་༸གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་ནས་སྤྱི་ཚོགས་དྲ་ལམ་ནང་༸གོང་ས་མཆོག་གི་དབུ་ཞྭའི་པར་རིས་འགྲེམས་སྤེལ་བྱས་པའི་དབང་གིས་ཟླ་ ༧ ཚེས་ ༡ ཉིན་གྱི་གཡས་གཡོན་དུ་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་། ཁོང་འཇུ་བཟུང་བྱས་ཏེ་བདུན་ཕྲག་བཞི་ལྷག་ཙམ་སོང་ཡོད་ཀྱང་ད་དུང་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མེད་པར་ལུས་ཡོད། དོན་གོ་ཆུང་དུས་ནས་དགོན་པར་འཛུལ་ཞུགས་བྱས་པ་དང་འཇུ་བཟུང་བྱེད་པའི་སྐབས་དབུ་མའི་གཞུང་ལུགས་ལ་སློབ་གཉེར་བྱེད་མུས་རེད།
འཇུ་བཟུང་བཀག་ཉར་གྱི་གྱོད་དོན་འདི་དག་གི་ཐོག་ནས། རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ཐོག་ནས་༸གོང་ས་མཆོག་ལ་དད་གུས་བྱེད་པའི་རྣམ་པ་ཀུན་ལ་དྲག་གནོན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལག་ལེན་བྱེད་པའི་ལས་འགུལ་གྱི་ཆ་ཤས་ཞིག་ཆགས་ཡོད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༢༢ ལོར་དེ་དང་འདྲ་བའི་གནས་ཚུལ་འགོད་སྤེལ་བྱས་པའི་ནང་བོད་ནང་གི་གཞས་པ་དང་རོལ་དབྱངས་མཁས་པ་ལྔ་ཡིས་དྲ་ཐོག་ནས་༸གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་གླུ་གཞས་བཏང་བའི་དབང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད། གནས་ཚུལ་གཞན་ཞིག་ནི་ཕྱི་ལོ་ ༢༠༢༣ ལོར་འདི་ག་ལྟེ་གནས་ཁང་ནས་སྤེལ་བའི་གནས་ཚུལ་ནང་། གཞས་པ་དཔལ་ལྡན་ལགས་ནས་ལ་རྒྱའི་གླུ་གཞས་བཏང་བའི་དབང་གིས་༸གོང་ས་མཆོག་དང་ཐད་ཀར་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད།
གནས་ཚུལ་འདི་དག་གི་ཐོག་ནས་བོད་མི་ཚོས་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་༸གོང་ས་མཆོག་ལ་དད་གུས་མཚོན་པར་བྱས་ཚེ་ཆབ་སྲིད་ཀྱི་ནག་ཉེས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་འཁྲུག་རྐྱེན་སློང་མཁན་གྱི་ཁ་གསལ་མེད་པའི་ཉེས་འཛུགས་ལ་བརྟེན་ནས་རིག་གཞུང་གི་བྱེད་སྒོ་སྤེལ་མཁན་ཚོར་ཉེས་འཛུགས་བྱེད་ཀྱི་ཡོད། ལུགས་མཐུན་གྱི་རྒྱུད་རིམ་མེད་པར་ཡུན་རིང་བཀག་ཉར་བྱེད་པ། ནང་མིར་འབྲེལ་གཏུགས་མི་བྱེད་པ་དང་ཁྲིམས་མཐུན་གྱི་ངོ་ཚབ་ཁས་ལེན་མི་བྱེད་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་སྣ་ཚོགས་དང་འགལ་འཛོལ་བྱས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་ཨ་སངས་ལགས་དང་། དཔལ་སྐྱོང། ཚེ་དབང་དོན་གོ་བཅས་གར་ཡོད་ཁ་གསལ་བཟོ་དགོས་པ་མ་ཟད། ཆོས་དང་རིག་གཞུང་འཁྲབ་སྟོན་ལ་བརྟེན་ནས་ཉེས་འཛུགས་བྱེད་པ་དང་། ལྷག་པར་དུ་༸གོང་ས་མཆོག་དང་འབྲེལ་བའི་ཐོག་ནས་ཉེས་འཛུགས་བྱེད་རིགས་ཐམས་ཅད་ཕྲལ་དུ་མཚམས་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།