རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོག་མེད་ཀྱིས་རང་བསྲེགས་གནང་སྟེ་རྒྱ་གཞུང་གི་ངོ་རྒོལ་བྱས་འདུག

Lobsang thokmy 01
༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ལགས།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་ཉིན་གཉིས་ཀྱི་རྗེས་ཏེ། ཕྱི་ཟླ་ ༣ ཚེས་ ༡༦ ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༠༩ པ་དེ་ཆགས་ཡོད་པ་རེད། དམ་པ་ཁོང་གིས་རང་བསྲེགས་བཏང་བའི་ཉིན་མོ་དེ་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་གཞུང་གིས་རྔ་པར་བོད་མི་མང་པོ་ཞིག་དམར་གསོད་བྱས་པའི་དུས་དྲན་གྱི་ཉིན་མོར་ཁེལ་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ། བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་བུ། རང་ལོ་ ༢༨ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ལུས་མེ་བསྲེགས་གནང་ནས་སྐུ་གྲོངས་ཡོད་འདུག དེ་ཡང་རྔ་པ་ཀིརྟི་དགོན་གྱི་གླིང་གི་ནུབ་ཕྱོགས་སུ་ཁོང་གི་བཞུགས་ཤག་ཡོད་པའི་སྒོ་ནས་ལུས་ལ་ས་སྣུམ་མང་བོ་བྱུག་ཤིང་ལག་ཏུ་ཆོས་དར་བཟུང་སྟེ་སྐུ་ལུས་མེ་རུ་བསྒྲོན་རྗེས་དགོན་པའི་ནུབ་སྒོའི་ཕྱོགས་སུ་རྒྱུག་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་ཡོད་ཅིང་། སྐབས་དེར་གྲྭ་པ་དང་མི་སྐྱ་བཅས་མི་མང་བོ་འབྱོར་ཏེ་ཁོང་རྔ་པ་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་ཀྱང་། དུས་ཡུན་རིང་པོ་མ་འགོར་བར་སྐུ་གྲོངས་ཡོད་པ་མ་ཟད། སྨན་ཁང་དུ་འབྱོར་མཚམས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོགས་ཀྱིས་འབར་ཁམས་སུ་ཁྱེར་ཡོད་འདུག

གྲྭ་བློ་བཟང་ཐོགས་མེད་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ཁོང་གི་ཕའི་མིང་ལ་རོགས་ཕྲུག་དང་མའི་མིང་ལ་དེ་པོ་ཟེར་ཞིང་། དམ་པ་ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ད་སྐབས་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་ནམ་རྒྱུན་ཀུན་སྤྱོད་ལེགས་ཤིང་སློབ་གཉེར་ལ་དོན་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ད་ལྟ་ཁོང་གི་ཤུལ་དུ་ཕ་མ་གཉིས་དང་། ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ཡོད།

ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་གཞུང་གིས་རྔ་པ་ནས་བོད་མི་མང་པོ་ཞིག་དམར་གསོད་བྱས་ཏེ་ལོ་ལྔ་ཧྲིལ་བོ་འཁོར་བའི་དུས་ཚེས་ལ་ཁེལ་ཡོད་པ་དང་། ལོ་ལྟར་དུས་ཚེས་དེར་རྔ་པ་མི་མང་གིས་རྣམ་པ་འདྲ་མིན་གྱི་སྒོ་ནས་རྗེས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ པའི་ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ པའི་ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཐོགས་མེད་བཅས་ཀྱིས་སྔ་ཕྱིར་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་དྲག་གནོན་དམར་གསོད་ཀྱི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད།

to top