རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐེངས་ ༢༦ སྟེང་གི་བོད་མིའི་ཞུ་གཏུག: འགྲོ་བ་མིའི་ཐོབ་ཐང་གཞི་རྩར་བྱས་པའི་དྲང་བདེན་དང་ཡུན་ཐུབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ།

བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་གི་ཚད་རིམ་ཧ་ཅང་མཐོན་པོར་སླེབས་ཡོད་པས་བོད་ཀྱི་འཁྱག་རོམ་བཞུས་ནས་ཆུ་ལོག་གི་གནོད་འཚེ་མང་པོ་འབྱུང་བ་དང་། མཚོ་དང་མཚེའུ་རྒྱས་པ། རྩ་ཐང་གི་གཏན་འཁྱག་ཆགས་རིམ་བཞུ་བ་སོགས་བྱུང་ནས་རང་བྱུང་སྐྱེ་དངོས་ལ་གནོན་འཚེ་ཐེབས་པ། ཤར་ཨེ་ཤི་ཡའི་ནམ་དུས་སོ་སོར་སྤོ་ཤུད་བྱེད་པའི་བྱ་རིགས་ཀྱི་གནས་མལ་ལྟ་བུའི་བོད་ཀྱི་བརླན་ས་རྣམས་རིམ་གྱིས་སྐམ་པོར་གྱུར་ནས་བྱ་རིགས་མང་པོ་རྩ་སྟོང་དུ་འགྲོ་ཉེན་ཆེ་བ་སོགས་ཁོར་ཡུག་ཛ་དྲག་གི་གནས་སུ་ལྷུང་ཡོད།  འཁྱག་རོམ་བཞུས་ནས་བརླན་བཤེར་དང་ཚ་དྲོད་རྒྱས་པའི་རྐྱེན་གྱིས་བོད་མཐོ་སྒང་གི་ས་ཆ་ནི་རྒྱ་ནག་གི་ས་ཆ་ལྟ་བུར་འགྱུར་བཞིན་ཡོད།  འོན་ཀྱང་། རྒྱ་ནག་གི་ངོས་ནས་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། 

རྒྱ་ནག་གཞུང་གི་གནམ་གཤིས་བརྟག་དཔྱད་ལྷན་ཁང་གིས་“མཚོ་བོད་མཐོ་སྒང་དུ་གནམ་གཤིས་ཧ་ཅང་གྲང་མོ་དང་སྐམ་པོ་མ་ཡིན་པར་མཚོ་དང་མཚེའུ་འཕེལ་རྒྱས་བྱུང་འདུག་ཅིང་མེ་ཏོག་པད་ཚལ་ཀྱང་ལྗང་མདོག་ཅན་དུ་གྱུར་འདུག  གནམ་གཤིས་དྲོ་འཇམ་དང་བརླན་བཤེར་ཅན་དུ་གྱུར་བས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་ལ་ལྗང་མདོག་རྒྱས་ནས་སྔར་ལས་ཀྱང་མཚར་སྡུག་ལྡན་པར་གྱུར་འདུག། མཁའ་རླུང་བརླན་བཤེར་ལྡན་ཞིང་རྩ་ས་རྒྱ་བསྐྱེད་བྱུང་སྟེ་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་ཁམས་གོང་འཕེལ་བྱུང་འདུག”ཅེས་འགྲེལ་བརྗོད་བྱས་ཏེ་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་ལས་ཐེབས་པའི་ཤུགས་རྐྱེན་འདི་དག་ཁེ་ཕན་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག 

སྤྱིར་བོད་མི་ཚོས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་རྩ་རུ་གྱུར་བའི་དུག་རླུང་འདོན་སྤེལ་བྱེད་པ་ཤིན་ཏུ་ཉུང་ཉུང་ཡིན། ཆར་ཆུའི་འབབ་རྒྱུན་དཀྲུགས་པ་དང་། དུག་རླུང་གི་རྐྱེན་པས་རླུང་ཁམས་Ozoneལ་བུ་ག་བརྡོལ་བ། རྒྱུག་ཆུ་རྒྱས་པ་སོགས་ཀྱི་ཐད་ལ་བོད་མི་ཚོར་འགན་འཁྲི་གང་ཡང་མེད། བོད་ཀྱི་འཁྱག་རོམ་མ་རྫོགས་བར་དུ་བོད་ཀྱི་རྒྱུག་ཆུ་ཇི་ཙམ་རྒྱས་པ་དེ་ཙམ་གྱིས་ཆུའི་ཁེ་ཕན་ཡོད་པའི་རྒྱ་ནག་ནི་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་བྱེད་པོ་ངོ་མ་དེ་ཡིན།

རྒྱ་ནག་ནི་འཛམ་གླིང་ཁྱོན་ཡོངས་ནས་དུག་རླུང་མང་ཤོས་འདོན་མཁན་དང་། ཁོར་ཡུག་ལ་ཧ་ཅང་གནོད་ཚབས་ཆེ་བའི་ཐོན་སྐྱེད་དེ་ཧ་ཡང་དང་དྭངས་ལྕགས། ཟངས་སོགས་ལྕགས་རིགས་མང་ཤོས་འདོན་མཁན་དང་།  འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཚང་མ་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པའི་རྡོ་སོལ་བེད་སྤྱོད་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་དེ་ཡིན།  ད་ལྟའི་ཆར་རྒྱལ་ཁབ་མང་པོས་དུག་རླུང་འདོན་ཚད་ཉུང་དུ་གཏོང་བཞིན་ཡོད་ནའང་རྒྱ་ནག་གིས་ཕྱི་ལོ ༢༠༣༠ ལོ་བར་དུ་དུག་རླུང་འདོན་ཚད་ཉུང་དུ་གཏོང་རྒྱུའི་འཆར་གཞི་གང་ཡང་མེད་པ་རེད། 

དེ་ལས་ལྡོག་སྟེ་རྒྱ་ནག་གིས་གློག་གི་ཆེད་དུ་མཁའ་རླུང་ལ་ཧ་ཅང་གནོད་པའི་རྡོ་སོལ་བསྔོག་འདོན་དང་བེད་སྤྱོད་གཏོང་ཚད་མཐོ་རུ་གཏོང་བཞིན་ཡོད། རྒྱལ་སྤྱིའི་གནམ་གཤིས་ལས་འགུལ་རྟོགས་ཞིབ་ཁང་གིས་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ནི་“ཧ་ཅང་ཚད་མ་ལོངས་བ”ཞིག་རེད་ཅེས་ཐེར་འདོན་བྱས་ཡོད། རྒྱ་ནག་གི་ད་ལྟའི་བྱ་སྤྱོད་མུ་མཐུད་རྒྱུན་སྐྱོང་བྱས་པ་ཡིན་ན་ང་ཚོའི་གནམ་གཤིས་ཀྱི་དྲོད་ཚད་ཌིག་རི་ ༣ མགྱོགས་པ་འཕར་བཞིན་ཡོད། 

རྒྱ་ནག་གི་དཔལ་འབྱོར་ཧ་ཅང་གཙིགས་སུ་བཟུང་ནས་གློད་འདོན་ནུས་ཤུགས་ཀྱི་ཐད་ལ་གཞུང་ངོས་ནས་རམ་འདེགས་དང་སྐུལ་འདེད་རྒྱ་ཆེར་བྱེད་བཞིན་ཡོད། དེ་དག་ནི་རྒྱ་ནག་གིས་ཕྱི་ལོ་ ༢༠༦༠ ལོར་དུག་རླུང་གི་འཕར་ཚད་ཀླད་ཀོར་(net zero emission)བཟོ་འཆར་ཡོད་ཅེས་པའི་དམིགས་ཚད་དང་ཡོངས་སུ་འགལ་བ་ཞིག་ཡིན།  རྒྱ་ནག་གིས་དུག་རླུང་གི་འཕར་ཚད་ཀླད་ཀོར་(net zero emission)བཟོ་རྒྱུའི་དམིགས་ཚད་དེ་རྒྱལ་ཁབ་གཞན་གང་དང་བསྡུར་ནའང་ལོ་བཅུ་ཧྲིལ་པོ་རྗེས་ལུས་ཐེབས་ཡོད།  མ་ཟད་དུག་རླུང་གི་འཕར་ཚད་ཀླད་ཀོར་(net zero emission)བཟོ་བ་ནི་དུག་རླུང་འདོན་མཚམས་རྦད་དེ་འཇོག་རྒྱུ་ཡིན་པའི་དོན་དག་ཀྱང་མིན།

རྒྱ་ནག་གིས་ཕྱི་ལོ་ ༢༠༤༩ ལོ་ཚུན་ཆད་དུ་རང་ཉིད་འཛམ་བུ་གླིང་དུ་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་འགྱུར་རྒྱུའི་དམིགས་ཡུལ་གསལ་པོ་བསྒྲིགས་ཡོད། དམིགས་ཡུལ་དེ་འགྲུབ་པར་རྒྱ་ནག་གིས་མུ་མཐུད་རང་བྱུང་ཁམས་ཀྱི་ཐོན་ཁུངས་ཡོད་ཚད་བེད་སྤྱོད་གཏོང་རྒྱུ་ཡིན་པ་སྨྲོས་མེད་ཡིན།

རྒྱ་ནག་ལ་མཚོན་ན་དུག་རླུང་གི་འཕར་ཚད་ཀླད་ཀོར་ཟེར་བ་ནི་བཟོ་གྲྭ་ཆེ་ཁག་དང་གྲོང་ཁྱེར་ཁག་གི་དུག་རླུང་གི་འདོན་ཚད་ལ་ཚོད་འཛོན་བྱེད་དགོས་པའི་དོན་དག་མ་ཡིན་པར་དེ་དག་ལས་ལོགས་སུ་གནས་པའི་ས་ཆ་ཞིག་ཏུ་དུག་རླུང་གཙང་བཟོ་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན། བོད་མཐོ་སྒང་གི་རྩ་ཐང་ནས་འབྲོག་པ་རྣམས་ཕུད་དེ་མཐོ་སྒང་གི་ས་ཁྱོན་ཕལ་ཆེ་བར་གཞི་རྒྱ་ཧ་ཅང་ཆེ་བའི་སྤྱི་གླིང་བརྒྱག་བཞིན་པ་ནི་དམིགས་ཡུལ་དེའི་ཆེད་དུ་ཡིན་པ་རེད། 

རྒྱ་ནག་གིས་མོན་ཊལ་གྲོས་མཐུན་ Montreal Protocol དང་རང་གི་ཡུལ་ཁྲིམས་ཀྱི་བསྟན་དོན་ལས་འགལ་ཏེ་རྡོ་སོལ་བེད་སྤྱོད་མང་དུ་གཏོང་བཞིན་པ་སོགས་ཀྱི་རྐྱེན་བྱས་ནས་བོད་མཐོ་སྒང་གི་གནམ་གཤིས་དང་སྐྱེ་ཁམས་ལ་གནོད་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད།  རྒྱ་ནག་གི་ཁོར་ཡུག་ཞབས་ཞུའི་རིན་འབབ་སྲིད་ཇུས་ཁ་གསལ་མེད་པ་དང་ནག་རྫས་ཐོན་སྐྱེད་ཀྱི་རིན་གོང་འོས་ཤིང་འཚམ་པ་ཞིག་གཏན་འབེབས་བྱས་ཐུབ་མེད་པའི་རྐྱེན་གྱིས་བོད་ཀྱི་འབྲོག་པ་རྣམས་ཀྱིས་རང་གི་སྲོལ་རྒྱུན་གྱི་འབྲོག་ལས་ཡོངས་སུ་བསྐྱུར་བ་དང་ད་བར་མཐོ་སྒང་གི་ཁོར་ཡུག་ལ་བདག་གཅེས་དང་སྲི་ཞུ་ཆེན་པོ་ཕུལ་ཀྱང་ཁོང་རྣམ་ལ་སྤྱི་སྲོལ་དང་མཐུན་པའི་ཁོར་ཡུག་གུད་གསབ་རག་གི་མེད། 

སྙན་ཐོ་གསར་པའི་བསྟན་དོན་ལྟར་ན། བོད་མཐོ་སྒང་ནས་བཞུར་བའི་གཙང་པོ་དང་། མཁའ་རླུང་། ས་ཆ་བཅས་ཀྱིས་རྒྱ་ནག་ལ་གཞི་རྒྱ་ཆེ་བའི་ཁོར་ཡུག་གི་སྲི་ཞུ་འབུལ་གྱི་ཡོད། འོན་ཀྱང་།  མི་ལོ་སྟོང་ཕྲག་ལྷག་གི་རིང་བོད་མཐོ་སྒང་ལ་བདག་ཉར་གཅེས་སྤྲས་གནང་མཁན་གྱི་བོད་མི་རྣམས་ཀྱིས་བོད་ཀྱི་རང་བྱུང་ཐོན་ཁོངས་དག་འཛུགས་བསྐྲུན་གྱི་ཆེད་དུ་བེད་སྤྱོད་མ་བཏང་བར་སྲུང་སྐྱོབ་བྱས་ཀྱང་རྒྱ་ནག་གཞུང་གིས་དེ་ལ་སྤྱི་སྲོལ་དང་མཐུན་པའི་ཁོར་ཡུག་སྲི་ཞུའི་རིན་འབབ་བམ་ཁོར་ཡུག་གུད་གསབ་ཚུལ་བཞིན་སྤྲོད་ཀྱི་མེད། དེ་ལས་ལྡོག་སྟེ་རྒྱ་ནག་གིས་བོད་ཀྱི་ས་ཐོག་ནས་དྭངས་གཙང་གི་ཆུ་བོ་དང་སླད་མེད་ཀྱི་མཁའ་རླུང་། རང་བྱུང་གཏེར་ཁ། གློག་སོགས་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། བོད་མི་རྣམས་མཐའ་ཟུར་དུ་ཕུད་པ་དང་། བཙན་གནོན་བྱེད་པ། དབྱེ་འབྱེད་དང་མཐོང་ཆུང་བྱས་ཏེ་ཁོར་ཡུག་གི་སྲི་ཞུ་སྒྲུབ་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། 

རྒྱལ་སྤྱིས་ངོས་འཛིན་ཡོད་པའི་ཁོར་ཡུག་སྲི་ཞུའི་རིན་འབབ་ཟེར་བར་རྒྱ་ནག་གིས་ཁོར་ཡུག་གུད་གསབ་ཅེས་འབོད། རྒྱ་ནག་གི་ཁོར་ཡུག་གུད་གསབ་ཀྱི་ལག་ལེན་དངོས་ནི་བོད་ཀྱི་འབྲོག་པ་རྣམས་རྩ་ཐང་ནས་གྲོང་དུ་བསྒྱུར་བ་དེ་ཡིན།  གཞུང་ལམ་མེད་པའི་རྩ་ཐང་དུ་འབྲོག་པ་རྣམས་ཀྱིས་སྦག་སྦག་དང་རླངས་འཁོར་རིགས་གཏོང་མི་ཆོག་ནའང་རྒྱ་ནག་གཞུང་གིས་སྤྱི་སྤྱོད་རླངས་འཁོར་བཏང་སྟེ་འབྲོག་པ་རྣམས་གྲོང་དུ་འོར་བཞིན་ཡོད། བོད་ཀྱི་ཞིང་འབྲོག་རྣམས་ཀྱི་སྲོལ་རྒྱུན་འཚོ་བར་དོ་འཕོག་ཆེན་པོ་བཏང་བ་དང་འབྲོག་པ་རྣམས་ཀྱི་ཕྱུགས་ལས་ལ་གྱོང་ཁ་ཆེན་པོ་བཏང་བའི་རྐྱེན་གྱིས་བོད་མི་རྣམས་ཀྱི་རྒྱུན་མཁོའི་ཟས་རིགས་དཀོན་དུ་སོང་ནས་འཚོ་བར་དཀའ་ཁག་མང་དག་ཅིག་འཕྲད་ཀྱིན་ཡོད་པས་དེ་ནི་རྒྱ་ནག་གི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་ཀྱི་སྲིད་ཇུས་དང་ཡུན་གནས་དར་སྤེལ་གྱི་འགྲོ་བ་མིའི་ཐོབ་ཐང་ཁག་དང་ཐད་ཀར་འགལ་བ་ཡིན། 

བོད་མཐོ་སྒང་ནི་ས་གོ་ལའི་རླུང་གི་རྒྱུན་འཁོར་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་། ཤར་ནུབ་ཡུལ་གྲུ་མང་པོའི་ནང་ཚ་རླབས་རྒྱས་པ་དང་། ཐན་པ་བརྒྱབས་པ། ཆུ་ལོག་རྒྱུགས་པའི་གནད་དོན་མང་དག་ཅིག་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་ཡོད་པའི་གྲུབ་དོན་བརྙེད་ཡོད། བོད་ནི་ས་བབ་མཐོ་བས་རླུང་གི་རྒྱུན་འཁོར་དབྱར་ཀར་ལྷོ་ཕྱོགས་སུ་གཏོང་བཞིན་ཡོད་ཅིང་དགུན་ཁ་བྱང་ཕྱོགས་སུ་བཏང་ནས་གོ་ལའི་བྱང་མ་ northern hemisphere ཆ་ཚང་ལ་སྙོབ་ཀྱི་ཡོད་ཅིང་རང་བྱུང་སྐྱེ་དངོས་གྲངས་མེད་ཅིག་གི་འཚོ་གནས་ལའང་འབྲེལ་བ་ཆེན་པོ་ཆགས་ཡོད། ཡོང་རྒྱུའི་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་འདི་ལྟ་བུའི་སྐྱེ་ཁམས་གནད་འགག་ཅན་ཞིག་གི་སྐོར་ལ་གླེང་སློང་དགོས་པ་ནི་བརྗོད་མི་དགོས་པ་ཡིན་ཞིང་དེ་ལྟར་གླེང་སློང་བྱ་བར་དེར་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོའི་གནས་བབ་ཀྱང་གླེང་སློང་དགོས་པ་སྨྲོས་མེད་ཡིན། 

to top