རྒྱ་ནག་གི་རིམས་ནད་གཙང་དག་གི་སྲིད་ཇུས་དེ་ཉིད་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པ་བྱེད་དགོས། 

རྒྱ་ནག་གཞུང་གིས་ཆེས་ཐོག་མར་འདི་ལོ་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་མངའ་རིས་བཅས་ནས་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་བོད་མི་ནད་པ་ ༢༢ བྱུང་ཡོད་པའི་གཞུང་འབྲེལ་ངོས་ལེན་བྱས་འདུག ནད་པ་དེ་དག་ཕལ་ཆེ་བ་གཞིས་ཀ་རྩེའི་ས་ཁུལ་འདྲ་མིན་ནས་ཚེས་ ༤ དང་ ༥ བཅས་ལ་སླེབས་ཡིན་ཚུལ་གྱི་གཞུང་འབྲེལ་གསར་འགྱུར་བཏོན་འདུག་པ་ལྟར་ན་གཞིས་ཀ་རྩེའི་ས་ཁུལ་མང་པོའི་ནང་དུ་ཕྱི་ཟླ་ ༨ ཚེས་ ༤ ཡི་སྔོན་ཚུད་ནས་རིམས་ནད་ཁྱབ་བརྡལ་དུ་སོང་ཟིན་ཡོད་པ་ཚོད་དཔག་བྱེད་ཐུབ། གཞིས་ཀ་རྩེ་དང་ལྷ་ས།  མངའ་རིས་སོགས་སུ་ཚེས་ ༩ ནས་བཟུང་སྒོ་བརྒྱག་བཀག་བསྡོམས་བྱེད་འགོ་བཙུགས་འདུག་ཀྱང་ཉིན་གཉིས་གསུམ་ཙམ་གྱི་ནང་དུ་ལྷོ་ཁ་དང་ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་བོད་རང་ལྗོངས་ཟེར་བའི་གྲོང་ཁྱེར་ས་ཁུལ་ཚང་མའི་ནང་དུ་རིམས་ནད་ཐོན་ཟིན་པའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་འདུག

མ་ཟད་ནད་ཡམས་གསལ་བསྒྲགས་བྱས་ནས་བདུན་ཕྲག་ཅིག་ལྷག་ཙམ་ལས་མ་འགོར་བར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་དུའང་རིམས་ནད་ཕོག་མཁན་ ༣༦༢༧ (འདི་གཞུང་འབྲེལ་གྱི་གྲངས་ཐོ་རེད། གྲངས་ཀ་དངོས་འདི་ལས་མཐོ་བ་ཡིན་སྲིད་)ལྷག་བརྒལ་འདུག་པ་དང་ལྗོངས་ཡོངས་སུ་ཉེན་ཁ་ཆེ་བའི་ས་ཁུལ་ ༡༣༣ དང་ཉེན་ཁ་འབྲིང་བའི་ས་ཁུལ་ ༢༢༨ ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་འདུག  རིམས་ནད་འཕར་བའི་མྱུར་ཚད་དང་ས་ཁུལ་གྱི་ཁྱབ་ཚད་གང་ལ་བལྟས་ཀྱང་བོད་དུ་རིམས་ནད་ཁྱབ་བརྡལ་སོང་ནས་དུས་ཡུན་གང་ཙམ་རིང་སྣང་མེད་དུ་ལུས་པའམ་ཡང་ན་གཞུང་ཕྱོགས་ནས་བསམ་བཞིན་དུ་སྦས་གསང་བྱས་ཡོད་པའི་དོགས་གཞི་ཆེན་པོ་འདུག 

རིམས་ནད་སྐོར་གྱི་དཀྲོག་གཏམ་ཟེར་བར་རྡུང་རྡེག་ཚ་ནོན། 

བོད་དབུས་ཁུལ་དུ་རིམས་ནད་ཐོན་པའི་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ་བའི་ཉིན་གཅིག་གི་རྗེས་ཏེ་ཕྱི་ཚེས་ ༩ ཡི་ཉིན་མོར་བོད་རང་སྐྱོང་ལྗོངས་དྲྭ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་ཟེར་བས་“ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས།  དྲྭ་རྒྱའི་བར་མཐོངས་གཙང་མ་ཞིག་གཏོད་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་ཆེད་”དྲྭ་རྒྱའི་དོ་དམ་སྐོར་ནས་དོན་ཚན་བཞི་ཅན་གྱི་གསལ་བསྒྲགས་སྤེལ་ཏེ་ “རིམས་ནད་སྐོར་ལ་དཀྲོག་གཏམ་བཟོས་ཚེ་”ཐེར་འདོན་བྱེད་དགོས་པ་དང་དེ་རིགས་ཀྱི་བྱ་སྤྱོད་སྤེལ་མཁན་ལ་རྒྱ་ནག་གི་དྲྭ་རྒྱའི་ཁྲིམས་ལུགས་ལྟར་རྡུང་རྡེག་ཚ་ནན་གཏང་རྒྱུ་ཡིན་ཚུལ་བཀོད་འདུག་ཅིང་ཐེར་འདོན་བྱ་སའི་འབྲེལ་གནས་མི་འདྲ་བ་བདུན་ཙམ་སྤེལ་འདུག ཉིན་ཤས་ནང་དུ་མི་འགའ་རེས་བོད་ནང་གི་ཏོག་དབྱིབས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ནས་ནད་པ་ལོགས་བཀར་བྱ་ས་མེད་པའི་དཀའ་ངལ་ཡོད་རབས་སོགས་ཀྱི་གནས་ཚུལ་དྲྭ་ལམ་དུ་བཀོད་པ་ཁག་ཅིག་རྒྱ་གཞུང་གིས་དཔེ་མཚོན་དུ་བགྲངས་ནས་དེ་དག་དཀྲོག་གཏམ་ཡིན་ཚུལ་དང་དཀྲོག་གཏམ་སྤེལ་མཁན་གྱི་མིང་ཐོག་ནས་མི་འགར་ཉེས་ཆད་བཏང་ཡོད་པའི་གཞུང་འབྲེལ་གསར་འགྱུར་མི་ཉུང་བ་ཞིག་བཏོན་འདུག མ་ཟད་ཉེ་བའི་ཆར་བོད་མི་ཧ་ཅང་མང་པོས་དྲྭ་ལམ་བརྒྱུད་གཞུང་གིས་ནད་ཡམས་སྟངས་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་དམངས་ཚོགས་ལ་བསམ་ཡུལ་ལས་འདས་པའི་དཀའ་སྡུག་འཕྲད་བཞིན་པའི་གནས་ཚུལ་རིམ་བཞིན་ཐོན་པའི་སྐབས་སུ་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ “ནར་ནར་མཐེ་བོང་ཚོད་མ་ཟིན་ན། ཆག་སྒོ་མཛུབ་མོའི་རྩེ་ནས་ཡོང་ཉེན་ཡོད་”ཅེས་པའི་མིང་བྱང་སོགས་ཀྱི་འོག་ནད་ཡམས་སྐབས་སུ་དཀྲོག་གཏམ་སྤེལ་བ་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུ་གཏོང་བ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའམ།  རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བྱས་པ་སོགས་ལ་ཉེས་ཆད་ཅི་འདྲ་འབྱུང་གི་ཡོད་མེད་སོགས་ཀྱི་གནས་ཚུལ་བསྟུན་མར་སྤེལ་ཏེ་མི་དམངས་ལ་འཇིགས་སྐུལ་བྱེད་བཞིན་འདུག  

ཡོང་ཁུངས: མི་དམང་དྲྭ་བ།

འུ་ཐུག་ཐབས་ཟད་ཀྱི་འབོད་སྐུལ།  

རྒྱ་ནག་གཞུང་གིས་བོད་ནང་གི་དྲྭ་རྒྱའི་སྟེང་གི་སྨྲ་བརྗོད་རང་དབང་ལ་སྔར་ལས་ལྷག་པའི་དམ་དྲག་ནན་པོ་བྱེད་བཞིན་ཡོད་ན་ཡང་དེ་སྔོན་བོད་ནང་གི་བོད་མི་ཚོས་པོད་འཕྲིན་སོགས་སུ་དྲྭ་མིང་འདྲ་མིན་གྱི་འོག་ནས་ནད་ཡམས་སྐོར་གྱི་ཛ་དྲག་གནས་ཚུལ་མང་དག་ཅིག་བཤད་འདུག ལྷག་པར་དུ་ཉེ་དུས་ལྷ་ས་གྲོང་ཁྱེར་སོགས་སུ་སྒོ་བརྒྱག་བཀག་བསྡོམས་བྱས་ཏེ་ཟླ་བ་གཅིག་ལྷག་སོང་བའི་མཚམས་འདིར་ཟས་གོང་ཧ་ཅང་འཕར་བ་དང་། ནད་ཡོད་མེད་གཉིས་ཀ་དབྱེ་བ་མེད་པ་ཟུར་བཀག་ཏུ་བཙན་གྱིས་ཁྲིད་བཞིན་པ། ཟུར་བཀག་སྐབས་སུ་ཁ་ཟས་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པ་སོགས་ལ་བརྟེན་བོད་མི་ཧ་ཅང་མང་པོ་མངོན་སུམ་འཛེམ་མེད་དུ་བརྙན་ལམ་ནས་བོད་ནང་གི་ནད་ཡམས་དང་བཀག་བསྡོམས་འོག་གི་དཀའ་ངལ་རྣམས་འགྲེལ་བརྗོད་བྱེད་བཞིན་འདུག 

ཁ་སང་ཕྱི་ཟླ་ ༩ པའི་ཚེས་ ༡༥ ཉིན་འཁྱུག་དབྱིངས་ནང་དུ་བོད་མི་ཞིག་གིས་བརྙན་ལམ་ནས་ “རང་ཉིད་ཉིན་ ༣༤ རིང་ཟུར་བཀག་ལ་བསྡད་པ་དང་བརྟག་དཔྱད་ཐེངས་༢༤ བྱས་པ་ཡིན། དེ་རིང་ཞོགས་པ་རང་ལ་ནད་རྟགས་ཐོན་སོང་། རང་གིས་འཁྱུག་དབྱིངས་བརྒྱུད་དེ་ནད་ཡམས་སྐོར་གྱི་སྐད་ཆ་བདེན་པ་ཤོད་སྐབས།  མི་ཁ་ཤས་ཀྱིས་དེ་འདྲ་མ་ཤོད།  ནད་གཞི་དེ་མཇུག་སྒྲིལ་སོང་ན་ཁྱོད་རང་ཁྲིམས་ལ་འགལ་ནས་བཟོ་ལྟ་བཟོ་ཡོང་ཞེས་ཤ་ཚའི་ངང་ནས་གསུངས་བྱུང་།   ཡིན་ན་ཡང་།  རང་ངོས་ནས་ཁྲིམས་དང་རྩ་བ་ནས་འགལ་མེད། ཟུར་བཀག་ཁང་དུ་ཁྲིད་ནས་ཁ་ལག་ཡག་པོ་རག་མདོག་ཁ་པོ་མ་རེད། ཡིན་ན་ཡང་། དེ་གལ་མི་འདུག ད་ལྟ་ན་ཚ་ཕོག་ཙང་ཕ་ཡུལ་ལ་ནི་འགྲོ་ཐབས་བྲལ་སོང་།ད་ངས་དམངས་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་སྒང་གི་འགོ་ཁྲིད་ལ་ན་ཚ་དེ་གང་མགྱོགས་ཐག་གཅོད་ཡག་པོ་ཞིག་བྱེད་རོགས་གནང་ཞུ་ཡག་ཡིན།  དེ་འདྲ་སྡོད་པ་ལས་ཤི་སོང་ན་དགའ། སྲོག་ཁྲིམས་གཏོང་གི་ཡོད་ན་འདྲ།  གང་འདྲ་བྱེད་ཀྱི་ཡོད་ནའང་བྱས་ནས་ཤི་བསྡད་ན་དགའ་ས་རེད་”ཅེས་པ་སོགས་བཤད་འདུག 

ཕྱི་ཟླ་ ༨ པའི་ཚེས་༢༨ ཉིན་ལྷ་ས་གྲོང་ཁྱེར་ནས་ཡིན་པའི་བོད་ཀྱི་མཐོ་རིམ་སློབ་མ་ཞིག་གིས་པོད་འཕྲིན་སྟེང་དུ་རྒྱ་ཡིག་གི་ལམ་ནས་གནས་ཚུལ་སྤེལ་དོན་ལ་“རང་ཉིད་ཀྱིས་སློབ་ཆེན་སློབ་མས་བཙུགས་པའི་དྭང་བླངས་ཚོགས་པ་ཞིག་ཏུ་ཉིན་ ༢༠ རིང་དྭང་བླངས་བྱས་ཏེ་ནད་ཡམས་སྔོན་འགོག་གི་མདུན་ཐོན་གྲལ་དུ་ལས་ཀ་བྱས་པ་ཡིན། རོགས་སྐྱོར་བྱེད་རོགས་ཟེར་མཁན་ཧ་ཅང་མང་པོ་འདུག་ཅིང་ང་ཚོས་མི་གང་མང་ཞིག་ལ་ཚོགས་པའི་རང་ནུས་ཡོད་ཚད་ཀྱིས་རོགས་རམ་བྱས་པ་ཡིན།  འོན་ཀྱང་ད་ལྟ་ཐབས་ཟད་སོང་། ནང་མི་མང་པོས་ཁ་ལག་མ་རག་པར་ནང་ལ་ལྟོགས་ནས་བསྡད་འདུག  ཞོར་ལས་བྱེད་མཁན་ན་གཞོན་དེ་ཚོ་ནང་དུ་ལོག་མ་ཐུབ་པར་སོ་སོའི་དངུལ་ཡོད་ཚད་ཁང་གླར་སྤྲད་ནས་བསྡད་འདུག  གཞུང་གིས་སྤྲད་པའི་སྔོ་ཚལ་ཚང་མ་སྔོན་ཚུད་ནས་རྫོགས་ཚར་འདུག ད་ལྟ་དངུལ་དང་ཁ་ལག་རྫོགས་ནས་བསྡད་ཡོད་རེད། སྡོད་གནས་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་བརྒྱབས་ན་ལན་རྒྱག་མཁན་མི་འདུག  ཁ་ལག་དང་ཚལ་སྐྱེལ་མཁན་མི་འདུག ངེད་ཅག་སློབ་ཆེན་སློབ་མས་བཙུགས་པའི་དྭང་བླངས་ཚོགས་པ་ལ་ནུས་པ་མི་འདུག  ཉིན་གྲངས་ ༡༦ ལ་རླངས་འཁོར་བཏང་སྟེ་སྣུམ་ཡན་ཆད་ང་རང་ཚོས་འགྲོ་སོང་བཏང་ཡིན།  ད་སེམས་ཤུགས་རིམ་བཞིན་ཆགས་འགྲོ་ཡི་འདུག  ད་ལྟ་ངའི་ནང་མིར་ན་ཚ་ཕོག་སོང་། ཨ་མ་ལགས་དང་སྤུན་མཆེད་བཅས་ན་ཡག་འགོ་བཙུགས་སོང་། ང་ཚོའི་སྡོད་ཁུལ་དུ་བརྟག་དཔྱད་ཉིན་གསུམ་བྱས་མ་སོང་། ཁུལ་འདིའི་ལས་བྱེད་པར་སེམས་ཚོར་རྩ་ནས་མི་འདུག  སྔོན་ངས་བརྒྱུད་ལམ་དུ་མ་བཤད་ན་ཡག་གི་རེད།  ཚང་མར་ཁག་མེད་བསམས་སོང་། ཡིན་ན་ཡང་། ད་ཉིན་རེ་ནས་ཉིན་རེར་ཛ་དྲག་ཇེ་ཆེར་འགྲོ་བཞིན་འདུག’’ཅེས་འཁོད་འདུག

ཁོང་གི་པོད་འཕྲིན་སྒོ་བརྒྱབས་ཟིན་འདུག

ཡང་ལྷ་སར་གནས་བཞུགས་དྲྭ་དམངས་ཤིག་གིས་ཕྱི་ཚེས་ ༢༩ ཉིན་སྤེལ་བའི་གནས་ཚུལ་ནང་དུ་ “ལྷ་སའི་ནད་འགོག་ཚོགས་ཆུང་གིས་དེ་རིང་སྔ་དྲོའི་ཚོུད་ ༡༡:༥༩ ཐོག་ལྷ་སར་སྤྱི་ཚོགས་ཐོག་གི་ནད་པ་གཙང་སེལ་སོང་ཟིན་པའི་ཁྱབ་བསྒྲགས་བྱས་སོང་།  དེ་འདྲ་ཡིན་ནམ།

ངས་བལྟས་ན་དེ་ཁོང་ཚོས་རང་ཉིད་ལ་གྲུབ་འབྲས་ཡོད་ཚུལ་བཏོན་པ་ཙམ་མ་གཏོགས་ན་ཚ་ཡོད་མཁན་རང་ཁྱིམ་དུ་ལྷག་སྡོད་མཁན་ཚོར་བདག་པོ་རྒྱག་གི་ཡོད་མ་རེད། ན་ཚ་ཡོད་པ་ཧ་གོ་ནས་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་གཏོང་སྐབས་རླངས་འཁོར་མི་འདུག་ཟེར་བ་སོགས་ཁ་གཡར་ས་མང་པོ་ཞིག་བཙལ་ནས་ཡ་བྱེད་ཀྱི་མི་འདུག  གྲོང་ཁྱེར་ནད་འགོག་ཚོགས་པའི་གཞོན་ནུའི་དྲུང་ཆེ་སོགས་ཡོད་སའི་ཚོགས་པའི་ནང་ནས་ནད་ཕོག་མཁན་གྱི་མི་མང་ལ་སོ་སོས་སོ་སོར་སྲུང་སྐྱོབ་བྱོས་ཟེར་གྱི་ཡོད་རེད།  དངོས་གནས་བྱས་ན་ནད་ཕོག་མཁན་ཚོ་གཞུང་ངོས་ནས་ལམ་སེང་ཁྲིད་དགོས་རེད་ཀྱང་མི་མང་སོ་སོས་སོ་སོར་སྲུང་སྐྱོབ་བྱེད་དགོས་རེད་ལབ་ཀྱི་ཡོད་རེད།  དེར་བརྟེན་སྤྱི་ཚོགས་སྟེང་དུ་ནད་ཡམས་མེད་ཟེར་བ་དེ་ག་རེའི་ཆེད་དུ་ལབ་ཀྱི་ཡོད་རེད། སུ་ལ་ལབ་གྱི་ཡོད་རེད། ད་རེས་ཀྱི་ནད་ཡམས་སྐབས་སུ་དྭང་བླངས་པ་རྣམ་པ་དང་ཉེན་རྟོག་པ། སྨན་པ་དང་སྨན་ཞབས་པ་དེ་ཚོ་མ་གཏོགས་གཞན་སུ་ཞིག་གིས་ནད་ཡམས་ཆེད་དུ་དཀའ་ལས་བརྒྱབས་ཡོད་རེད་དམ།  ང་ཚོའི་སྡོད་ཁུལ་གྱི་སྔོན་འགོག་ལས་ཁུངས་ཀྱིས་ནད་རྟགས་ཐོན་ན་སོ་སོའི་རང་ཁྱིམ་དུ་བསྡད་དེ་ཆུ་ཚ་པོ་མང་པོ་འཐུང་ཟེར་གྱི་འདུག གསར་འགྱུར་ནང་དུ་སྨན་བཅོས་ཀྱི་མཐུན་རྐྱེན་ཡོད་ཟེར་བ་གང་དུ་ཡོད་རེད། གསར་འགྱུར་ནང་དུ་བོད་ལྗོངས་ཀྱི་ངོས་ནས་དོ་དམ་དང་སྔོ་ཚལ་དང་སྨན་དང་ཆེད་བཙུགས་སྨན་ཁང་ཡག་པོ་ཡོད་ཚུལ་བཤད་ཀྱང་དོན་དངོས་གང་འདྲ་རེད་དམ། ཆེད་བཙུགས་སྨན་ཁང་ནང་དུ་སྨན་པས་ལམ་སྟོན་སོགས་རྩ་བ་ནས་མི་འདུག  དེ་ལས་ཡོད་ཚད་སོ་སོས་བྱེད་དགོས་ཚུལ་བཤད་ཀྱི་འདུག ནད་པ་ལོགས་བཀར་དུ་འཇོག་ས་ཚང་མ་ཁེངས་ཚར་རེད་ཟེར་བའི་སྐད་ཆ་དེ་གཞུང་ཕྱོགས་ནས་རྫུན་མ་ཡིན་ཚུལ་བཤད་སོང་ཡང་དོན་ངོ་མར་མི་ཁེངས་ཚར་ནས་སྡོད་གནས་ས་ཁུལ་སོ་སོའི་ལས་བྱེད་ཚོ་ཚོར་བ་ཅི་ཡང་མེད་ནས་བསྡད་ཡོད་རེད།”ཅེས་བྲིས་འདུག 

ཁོང་གི་པོད་འཕྲིན་སྒོ་བརྒྱབས་ཟིན་འདུག

ཡང་མི་དེ་ག་རང་གིས་ཚེས་ ༣༠ ཉིན་སྤེལ་བའི་གནས་ཚུལ་ནང་དུ་ལྷ་ས་ནས་ཡིན་པའི་བོད་པའི་བུད་མེད་སྦྲུམ་མ་ཞིག་སྨན་ཁང་དུ་དུས་ལྟར་བསྟེན་གཏུག་བྱེད་ཐབས་སུ་ཛ་དྲག་ཨང་གྲངས་འདྲ་མིན་ལ་ཁ་པར་ཐེངས་མང་འདུག་ཀྱང་ཨང་གྲངས་ཁ་ཤས་ལ་ཁ་པར་མི་འགྲོ་བ་དང་ཁ་ཤས་ལ་སོང་ཡང་ཁ་པར་ལེན་མཁན་གྱིས་དེ་ཁོང་ཚོའི་ལས་འགན་མ་རེད་ཟེར་ནས་དུས་ལྟར་ཡ་ལན་མ་བྱས་པར་བརྟེན་ཕྲུ་གུ་ཤོར་སོང་བའི་གནས་ཚུལ་སྤེལ་འདུག མ་ཟད་ལྷ་སའི་ཆེད་བཙུགས་སྨན་ཁང་དུ་ནད་པ་ཁེངས་བར་བརྟེན་ཚེས་ ༢༥ ཉིན་ནད་རྟགས་ཐོན་པའི་ནད་པ་ཚོ་ཚེས་ ༢༨ ཉིན་གཞི་ནས་ལེན་དུ་ཡོང་ཡོད་པ་དང་དེ་དག་ཀྱང་ཆུ་ཤུར་གྱི་ལོགས་བཀར་ཟུར་འཇོག་ཁང་ཞིག་ཏུ་བཅུགས་ནས་ཁ་ཟས་སོགས་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་ཚུལ་དང་། ཟུར་བཀག་ཁང་དེར་ནད་པ་ ༡༠༠ ལྷག་ཡོད་པ་དེ་དག་ལ་པེ་ཅིང་གི་རོགས་སྐྱོར་ཚན་པ་ཡིན་ཟེར་བ་ཞིག་ཐེངས་གཅིག་སླེབས་སྨན་སྤྲད་པ་མ་གཏོགས་རྒྱུན་དུ་ནད་པ་ཚོར་བརྟག་དཔྱད་དང། སྨན། གཞི་རྩའི་དགོས་མཁོའི་རིགས་ཅི་ཡང་མེད་པའི་གནས་ཚུལ་འཁོད་འདུག  

 ཕྱི་ཟླ་དགུ་པའི་ཚེས་ ༦ ཉིན་ལྷ་སའི་ཇོ་ཁང་གི་རྒྱབ་ངོས་ནས་ཨ་མདོ་ནས་ཡིན་པའི་བོད་མི་ཞིག་གིས་བརྙན་ལམ་ནས་ད་ལྟའི་ཆར་ལྷ་སར་མི་མང་པོར་ཟ་མ་དང་སྨན་མ་རག་པར་ཧ་ཅང་དཀའ་ལས་མྱོང་གི་ཡོད་པ་དང་།  ནད་པོ་ཚོ་ཁང་སྟོང་ཆེན་པོ་ཞིག་གི་ནང་ལ་མི་སྟོང་ཚོ་སྟོང་ཚོ་བྱས་ནས་བཅུག་སྟེ་སྨན་ཡག་པོ་ཞིག་སྟེར་གྱི་མེད་་དང་།། ཟ་མ་གྲོད་ཁོག་བརྒྱག་པ་ཞིག་མེད་པ།   སྤྱིར་རང་ཉིད་ལའང་ཆམ་པ་(ནད་ཡམས་)དེ་ཕོག་ཟིན་པ་མ་ཟད་ལྷ་སའི་ནང་གི་སྒོ་རྒྱག་བཀག་བསྡོམས་འོག་གནས་པའི་མི་བརྒྱ་ཆ་ ༨༠ ནས་ ༩༠་བར་ཆམ་པ་དེ་ཕོག་བཞིན་ཡོད་ན་ཡང་སྨན་ཞིག་རག་པ་ཡིན་ན་ཆམ་པ་དེ་དྲག་འགྲོ་ཡི་འདུག་པས་སྐྲག་དགོས་པ་དེ་འདྲ་ཞིག་མི་འདུག  ནད་འདི་མགྱོགས་པ་མ་ཡལ་ན་དམངས་ཚོགས་ནང་ལ་བཅུག་བཞག་ན་ཟ་མ་མ་རག་པ་དང་སེམས་ཁུར་གྱི་རྐྱེན་པས་ནད་འདི་མགྱོགས་པ་མ་ཡལ་ན་དམངས་ཚོགས་ཀྱིས་ཧ་ཅང་དཀའ་ལས་མྱོང་གི་ཡོད་པ་སོགས་བཤད་འདུག 

ཡང་ཕྱི་ཟླ་ ༩ པའི་ཚེས་ ༡༢ ཡས་མས་སུ་ལྷ་སར་གནས་སྡོད་བུད་མེད་ཚོང་པ་ཞིག་གིས་འཁྱུག་དབྱིངས་བརྒྱུད་དེ་གཞུང་གིས་བརྡ་སྦྱོར་སོགས་སུ་རོགས་སྐྱོར་མང་པོ་ཡོད་ཟེར་བ་གང་ཡང་ཐོབ་མེད་པ་དང་ལས་ཞོར་བ་མང་པོ་རང་གི་ཕ་ཡུལ་དུ་འགྲོ་མ་ཐུབ་པར་དངུལ་བསགས་པ་ཚང་མ་ཁང་གླ་དང་ཚལ་རིགས་ཀྱི་གོང་སྔར་ལས་རྦད་དེ་འཕར་བའི་རྐྱེན་གྱིས་དེ་ཚོར་འགྲོ་སོང་བཏང་ནས་ད་ལྟའི་ཆར་ཟ་མ་དང་དངུལ་སོགས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་འདུག་པས་གོང་རིམ་དབུ་ཁྲིད་ཀྱིས་སྙིང་རྗེ་གཟིགས་ཏེ་ལས་ཞོར་བ་ཚོ་སྔོན་འགོག་གི་བརྒྱུད་རིམ་ཆ་ཚང་བའི་སྒང་ནས་སོ་སོའི་ཕ་ཡུལ་དུ་གཏོང་རོགས་ཞེས་རེ་སྐུལ་བྱས་འདུག 

ཁོ་མོའི་བརྙན་ཐུང་ལ་ཉིན་གྲངས་གཅིག་གཉིས་ཙམ་གྱི་ནང་དུ་ལྟ་མཁན་ཤིན་ཏུ་མང་པོ་བྱུང་འདུག་ཅིང་ཉིན་གཉིས་ཀྱི་རྗེས་ཙམ་ལ་ཡང་བསྐྱར་བརྙན་ཐུང་ཞིག་བཟོས་པའི་ནང་དུ་རང་ཉིད་ལ་མི་ཧ་ཅང་མང་པོས་ཁ་པར་བརྒྱུད་ནས་མིག་ཆུ་གཏོང་ བཞིན་ཁོང་ཚོའི་དཀའ་སྡུག་འགོ་ཁྲིད་ལ་བཤད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་བྱུང་བ་དང་ཡང་མི་ཧ་ཅང་མང་པོས་དངུལ་སོགས་ཀྱིས་རོགས་སྐྱོར་བྱ་རྒྱུའི་འདུན་པ་ཡོད་རབས་བཤད་པ་སོགས་ལས་རང་ཉིད་ལ་སེམས་འགུལ་ཚོད་མེད་བྱུང་བ་དང་། མི་མང་དམངས་ཚོགས་ནང་ནས་ཁོང་ཚོའི་བདེ་སྡུག་ལ་སྙིང་རྗེ་ཆེན་པོ་བྱེད་པ་ནང་བཞིན་གོང་རིམ་འགོ་ཁྲིད་རྣམས་ཀྱིས་ཀྱང་དེ་ལྟར་གནང་རྒྱུའི་རེ་བ་ཡོད་ཚུལ་དང་གནས་བབ་དེའི་འོག་ནས་མོ་རང་སྨྱོན་པ་ཆགས་རྒྱུའི་ཉེན་ཁ་ཡོད་ཚུལ་སོགས་བཤད་འདུག 

དེ་མིན་ལས་ཞོར་བ་ན་གཞོན་ཕོ་མོ་མི་ཉུང་བ་ཞིག་གིས་ཀྱང་བརྙན་ཐུང་གི་ལམ་ནས་རེ་བ་གཅིག་མཚུངས་བཏོན་འདུག་ལ་བརྙན་ཐུང་རྣམས་བརྒྱུད་འགོད་ཧ་ཅང་མང་པོ་འདུག 

ཧྥོང་ཚང་ངམ་ཕག་ཚང་། 

རྒྱ་གཞུང་གིས་ཐེངས་འདིའི་ནད་ཡམས་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ།  ཆབ་མདོ་སོགས་སུ་རིམས་ནད་སྐབས་ཆེད་དུ་བཙུགས་པའི་སྒྲོམ་ཚང་ངམ་ལོགས་བཀར་ཟུར་འཇོག་ཁང་བརྒྱབས་ཡོད་པའི་དྲིལ་བསྒྲགས་བྱས་འདུག ཟུར་བཀག་ཁང་དེ་དག་ལ་རྒྱ་སྐད་དུ་ཧྥོང་ཚང་方舱ཞེས་འབོད་པའི་སྒྲ་གདངས་ལ་བརྟེན་ནས་བོད་མི་མང་པོས་ཕག་ཚང་ཞེས་ཟུར་ཟ་བྱེད་བཞིན་འདུག 

ཕྱི་ཟླ་ ༩ པའི་ཚེས་ ༡༢ ཡས་མས་དྲྭ་ལམ་དུ་ཁྱབ་པའི་བརྙན་ཐུང་ཞིག་ཏུ་ལྷ་སའི་ལོགས་བཀར་ཟུར་འོག་ཁང་གཅིག་ཏུ་ཡོད་པའི་བུད་མེད་ཅིག་གིས་ལོགས་བཀར་ཁང་དུ་ནད་པར་རུལ་དྲི་བྲོ་བའི་ཁ་ལག་རྙིང་པ་སྤྲོད་ཀྱི་ཡོད་པ་དང་། ལྟ་རྟོགས་བྱེད་མཁན་མེད་པ། ཞོགས་ཟས་དང་ཉིན་གུང་ཁ་ལག་ལ་འབྲས་སྐམ་པོ་དང་སྔོ་ཚལ་རུལ་པ་སོགས་སྤྲད་ནས་ནད་པ་སྤྱི་དང་ལྷག་པར་དུ་རྒས་འཁོགས་དང་བྱིས་པར་གནོད་སྐྱོན་ཆེན་པོ་ཐེབས་ཉེན་ཡོད་ཚུལ་གྱི་བརྙན་ཐུང་ཞིག་སྤེལ་འདུག  

ལྷ་སའི་ལོགས་བཀར་ཟུར་འཇོག་ཁང་ཞིག་ཏུ་བཀྲམས་པའི་ནད་པའི་ཁ་ལག

དྲྭ་ལམ་དུ་བོད་མི་ཧ་ཅང་མང་པོས་ལོགས་བཀར་ཁང་གི་ཆ་རྐྱེན་ཧ་ཅང་ཞན་པ་མ་ཟད་ནད་པར་ཟ་མ་རྙིང་པ་སྤྲད་པ་ནི་སྙིང་རྗེ་རྩ་ནས་མེད་པའི་སྤྱོད་ཚུལ་ཡིན་ཚུལ་གྱི་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་མཐོང་རྒྱུ་འདུག དེ་ལྟ་བུའི་བརྙན་ཐུང་ཞིག་ཏུ་ལྷ་སའི་བུད་མེད་ཅིག་གིས་ནད་པ་ཚོར་ཁ་ལག་རུལ་པ་སྤྲོད་པའི་གནས་སྟངས་དེ་ནི་བཙོན་པ་ལས་ཀྱང་སྡུག་པ་ཡིན་ཚུལ་དང་དེ་འདྲ་བྱེད་པ་ལས་ནད་པ་ཚོ་ཤི་ན་ཡང་སོ་སོའི་ནང་དུ་ཤི་རུ་བཅུག་རོགས་ཞེས་ཚོར་ཤུགས་ལྡན་པའི་སྐད་ཆ་ཤོད་བཞིན་པ་དེ་སྐད་འཕྲིན་དང་འཁྱུག་དབྱིངས་སོགས་སུ་ཤུགས་ཆེར་ཁྱབ་བཞིན་འདུག།  བོད་མི་ཚོས་གདོང་པ་དངོས་སུ་སྟོན་ནས་སྐྱོན་བརྗོད་བྱས་པའི་བརྙན་ཐུང་ཕལ་ཆེ་བ་དྲྭ་གནས་མང་པོ་ཞིག་ཏུ་སྤེལ་སོང་བ་རྣམས་རིམ་པས་སུབ་འདུག 

ཡང་ཕྱི་ཟླ་ ༩ པའི་ཚེས་ ༡༤ ཉིན་ཁྱབ་བརྡལ་དུ་སོང་བའི་བརྙན་ཐུང་གཅིག་ཏུ་བོད་མི་ན་གཞོན་མང་པོ་ཞིག་ལྷ་སའི་ལོགས་བཀར་ཁང་ཆེན་ཞིག་ཏུ་ཁྲིད་འདུག་ཅིང་དེར་ཟ་མ་དང་ཉལ་ཆས། ཁྲུས་ཁང་གསང་སྤྱོད་སོགས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པ་དང་ན་གཞོན་རེ་ཟུང་གིས་ཁ་ལག་སྤྲོད་དགོས་རབས་ཀྱི་ཁ་རྩོད་བྱས་པར་བརྟེན་དོ་དམ་པས་ཉེས་རྡུང་དྲག་པོ་བཏང་ནས་ངོ་གདོང་དང་མཇིང་པ་སོགས་སུ་རྨས་སྐྱོན་ཕོག་པའི་བརྙན་པར་ཁག་ཅིག་ཀྱང་དྲྭ་ལམ་དུ་ཆེས་ཆེར་ཁྱབ་བཞིན་འདུག 


ཟ་མ་མ་རག་པར་རྩོད་པ་བྱས་མཐར་གཞོན་ནུ་ཞིག་ལ་དོ་དམ་པས་རྨས་སྐྱོན་བཟོས་པ།

ན་ཚ་ཡོད་མེད་གཉིས་ཀ་ལོགས་བཀར་ཁང་དུ་བཙན་ཁྲིད།

བར་སྐབ་ཤིག་ལ་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་རིམས་ནད་ཕོག་མཁན་གྱི་བོད་མི་ཧ་ཅང་མང་པོར་སྨན་ཁང་དང་ཟུར་བཀག་ཁང་སོགས་ཀྱི་མཐུན་རྐྱེན་མ་རག་པ་དང་འབྲེལ་ཡོད་ལས་བྱེད་ལ་འབྲེལ་བ་ཇི་ཙམ་བྱས་ཀྱང་ཁག་འདྲ་མིན་བཤད་ནས་ཁྱིམ་དུ་འདུག་དགོས་འཁེལ་བ་བྱུང་འདུག ཡང་ཉེ་བའི་ཆར་བརྟག་དཔྱད་བསྟུན་མར་བྱས་ནས་ནད་རྟགས་རྩ་ནས་མེད་མཁན་གྱི་བོད་མི་ཧ་ཅང་མང་པོ་ཞིག་ལོགས་བཀར་ཟུར་བའཇོག་ཁང་དུ་ཁྲིད་བཞིན་འདུག་ཅིང་། ལོགས་བཀར་བྱ་ས་དུས་ཐོག་དུ་མཁོ་འདོན་བྱེད་མ་ཐུབ་པའི་རྐྱེན་གྱིས་མི་མང་ཧ་ཅང་མང་པོ་འཚང་ཁ་ཤིག་ཤིག་ངང་ཕྱི་ལོགས་སུ་སྒུག་བཞིན་པ་དང་བགྲེས་སོང་དང་བྱིས་པ་སོགས་ཀྱང་ཕྱི་ལོགས་སུ་ཆར་པའི་ནང་ལྷག་འདུག་པའི་བརྙན་པར་མང་པོ་ཁྱབ་བཞིན་འདུག 

ལྷ་སའི་མི་མང་མང་པོ་ཞིག་ལོགས་བཀར་ཟུར་འཇོག་ཁང་དུ་ཁྲིད་སྐབས་དུས་ཐོག་དུ་འདུག་ས་མ་རག་པར་ཆར་པའི་ནང་སྒུག་བཞིན་པ།

ལྷ་སའི་ས་ཁུལ་གཅིག་གི་སྐད་འཕྲིན་ཚོགས་པའི་ནང་དུ་བུད་མེད་ཅིག་གིས་འབྲེལ་ཡོད་ལས་བྱེད་ཀྱི་མངགས་བཅོལ་བྱས་པའི་གནས་ཚུལ་འགྲེལ་བརྗོད་བྱས་པའི་ནང་དུ་“ཁ་སང་སྔོན་ལ་ནང་ནས་ནད་རྟགས་ཐོན་ཟིན་པའི་ཁྱིམ་ཚང་གི་མི་ནད་རྟགས་མེད་མཁན་ཚང་མ་རང་ཤུགས་ཀྱིས་མགྱོགས་པོ་ཡོང་དགོས། ད་ལྟ་ཡོང་ན་ཉེ་འཁོར་མལ་གྲོ་གུང་དཀར་གྱི་ལོགས་བཀར་ཁང་དུ་ཁྲིད་རྒྱུ་ཡིན་པ་དང་གལ་ཏེ་མ་ཡོང་ན་རྗེས་མ་གང་ལྟར་འགྲོ་དགོས་ཀྱི་ཡོད་ཙང་འདུག་ས་ཡག་པོ་མེད་པའི་སྙེ་མོ་སོགས་ལ་བསྐྱལ་རྒྱུ་ཡིན་”ཚུལ་གྱི་བརྡ་ལན་བསྐུར་བའི་ལན་དུ་སྐྱེས་པ་ཞིག་གིས་“དགོངས་དག  ང་རང་ལོགས་བཀར་ཁང་དུ་ཉིན་གྲངས་ ༡༧ ཏག་ཏག་བསྡད་ནས་ཁ་སང་གཞི་ནས་ནང་ལ་སླེབས་པ་ཡིན། དེ་བར་དུ་སྲིད་གཞུང་གིས་ནང་གི་ཨ་མར་བརྟག་དཔྱད་བྱས་ནས་སྔོན་པོ་སྔོན་རྐྱང་(ནད་རྟགས་མེད་པ་)ཡིན་པའི་དཔང་རྟགས་ཡོད་རེད། དེ་ལ་མ་བརྩིས་ནས་རང་རྗེས་མ་དམར་པོ་(ནད་རྟགས་ཡོད་པ་)ཆགས་ཀྱི་རེད། འགྲོ་དགོས་རེད་ཟེར་བའི་བཀའ་མོལ་དེ་ཁྱད་མཚར་ཞིག་འདུག རྗེས་མ་དམར་པོ་ཆགས་སོང་ན་སྙེ་མོ་མ་གཏོགས་མངའ་རིས་ལ་སྐྱེལ་ན་ཡང་འགྲོ་རྒྱུ་རང་རེད། དེ་མིན་ནད་ཚ་མེད་པར་ཤོག་ལབ་ན་དང་ལེན་མི་ཞུ་སེམས་ཐག་ཡིན་”ཞེས་ལན་བཏབ་འདུག 

ཉིན་གྲངས་ ༡༤ རིང་ནད་པ་དང་མཉམ་དུ་བཞག་རྗེས་གཞོན་ནུ་ཁོང་ལའང་ནད་རྟགས་ཐོན་པ།

ཡང་བོད་ལྗོངས་དགེ་འོས་སློབ་ཆེན་ནས་ཡིན་ཤས་ཆེ་བའི་བོད་མི་ཞིག་གིས་རང་ཉིད་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཐེངས་ ༢༠ ཙམ་བྱས་ནས་ནད་རྟགས་ཐོན་མེད་ན་ཡང་། ཁོ་རང་ཡོད་སའི་ར་སྐོར་ནང་ནས་མི་ཞིག་ན་བར་བརྟེན་ཕྱི་ཟླ་ ༨ པའི་ཚེས་ ༡༩ ཉིན་ནས་བཟུང་དོགས་ཡོད་ནད་པའི་ཁོངས་སུ་བཅུག་སྟེ་མི་མང་པོ་ཞིག་དང་མཉམ་དུ་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་འཚང་ག་ཤིག་ཤིག་ངང་ཟུར་བཀག་ཁང་ཞིག་དུ་ཁྲིད་ཡོད་པ་དང་།  ཟུར་བཀག་ཁང་དེ་རུ་ཁོང་རང་ནད་པ་དང་ཐད་ཀར་འབྲེལ་བ་བྱུང་མཁན་གྱི་མི་གསུམ་དང་མཉམ་དུ་བཞག་འདུག མ་ཟད་ཉིན་ལྟར་བརྟག་དཔྱད་བྱས་པ་བརྒྱུད་ཁོང་རང་གི་ཉལ་ཁང་གཅིག་པའི་མི་གཉིས་གཙོས་པའི་ཟུར་བཀག་ཁང་དེར་ཡོད་པའི་མི་མང་པོ་ཞིག་བརྟག་དཔྱད་ཐེངས་གསུམ་བཞི་ཙམ་ལ་ནད་རྟགས་ཐོན་འདུག་ཀྱང་ནད་རྟགས་ཐོན་མཁན་དང་ནད་རྟགས་མེད་མཁན་གཉིས་ཁ་ཁར་མ་བཞག་པར་ཚང་མ་སྔར་བཞིན་མཉམ་གཅིག་ཏུ་བཞག་ནས་སེམས་ལ་འཇིགས་སྣང་ཆེན་པོ་སློང་གི་ཡོད་པའི་གནས་ཚུལ་སྤེལ་འདུག མི་དེ་རང་གིས་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྤེལ་བའི་གནས་ཚུལ་དུ་ཁོ་རང་བཀག་ཉར་ཁང་དེ་རུ་ནད་ཕོག་མཁན་དང་ཁང་མིག་ཅིག་ཏུ་ཟུར་བཀག་བྱས་ནས་ཉིན་ ༡༤ ཡི་རྗེས་སུ་གཞི་ནས་ནད་རྟགས་དངོས་སུ་ཐོན་ཡོད་པ་སོགས་ཀྱི་གནས་ཚུལ་དཔང་རྟགས་དང་བཅས་པ་བཀོད་འདུག 

རིམས་ནད་གཙང་དག་ཟེར་བའི་གཡོ་ཐབས། 

བོད་དབུས་ཁུལ་དུ་ནད་ཡམས་ཁྱབ་ཟིན་པའི་རྒྱ་ནག་གཞུང་འབྲེལ་གྱི་ཁྱབ་བསྒྲགས་བྱས་རྗེས་ཉིན་གཅིག་གཉིས་ཀྱི་ནང་སྒོ་རྒྱག་བཀག་བསྡོམས་རྒྱ་ཆེར་བྱས་པ་ནས་བཟུང་ད་བར་ཉིན་གྲངས་ ༣༧ ཙམ་འགྲོ་བཞིན་ཡོད། ཧ་ཅང་དམ་དྲག་ཆེ་བའི་སྒོ་རྒྱག་བཀག་བསྡོམས་དེའི་ཁར་ཟས་རིགས་ཧ་ཅང་དཀོན་པོར་གྱུར་བ་དང་རིན་གོང་ཆེས་ཆེར་འཕར་བ་སོགས་ལ་བརྟེན་ནས་བོད་མི་རྣམས་ལ་དཀའ་སྡུག་ཤིན་ཏུ་ཆེན་པོ་འཕྲད་བཞིན་ཡོད་ན་ཡང་རྒྱ་གཞུང་གིས་་ཞི་ཅིན་ཕིང་གི་ནད་ཡམས་གཙང་དག་གི་སྲིད་ཇུས་ཟེར་བའི་གཡོ་ཐབས་དེ་ཉིད་ལག་བསྟར་དོན་འཁྱོལ་ཡོང་ཐབས་ལ་ཨུ་ཚུགས་མཐའ་སྐྱེལ་བྱེད་བཞིན་འདུག དེ་ནི་དོན་དུ་ཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞི་ཅིན་ཕིང་གི་སྲིད་དབང་མི་མཐུད་གནས་ཐབས་སུ་འགལ་རྐྱེན་རིགས་མི་ཡོང་བའི་ཆེད་དུ་བསམ་བཞིན་མི་མང་ལ་སྔར་ལས་དམ་དྲག་བྱེད་པ་ཞིག་ཡིན།   

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་གཞུང་གིས་བོད་ནང་གི་ནད་ཡམས་སྟངས་འཛིན་མ་ཐུབ་པའི་དངོས་ཡོད་གནས་ཚུལ་ཤོད་མཁན་ཚོའི་དྲྭ་ལམ་གྱི་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་མཚམས་འཇོགས་དགོས་པ་མ་ཟད་ཁོང་ཅག་གི་བདེ་སྡུག་དང་རེ་སྐུལ་ལ་དུས་ལྟར་ཡ་ལན་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

འདི་ག་ལྟེ་གནས་ཁང་གིས་སྤྱི་དམངས་ཚོགས་པ་དང་གང་ཟག་སྒེར་མང་པོས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྐབས་སུ་“གནོད་སྐྱོན་དང་བརྙས་བཅོས། ཚབས་ཆེའི་བྱ་སྤྱོད་ངན་པ་”རིགས་འབྱུང་བཞིབ་པ་ཐེར་འདོན་བྱེད་མཁན་གྱི་མི་རྣམས་སྲུང་སྐྱོབ་དགོས་པའི་་རེ་འདུན་བྱས་པ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱ་གཞུང་གི་ངོས་ནས་ཀྱང་ཛ་དྲག་གི་དུས་སྐབས་འདི་འདྲའི་ནང་དུ་ནད་ཡམས་སྔོན་འགོག་གི་ལས་གཞི་མཐའ་དག་སྦས་གསང་མེད་པར་ཕྱི་གསལ་ནང་གསལ་བྱས་ཏེ་དུས་ཐོག་ཏུ་ནད་པར་སྨན་བཅོས་དང་དམངས་ཀྱི་འཚོ་བར་ལྟ་རྟོགས་ལེགས་པོ་བྱ་དགོས་པ་ཡིན།  

to top