༧གོང་ས་མཆོག་གི་བརྙན་ཐུང་མཇལ་ནས་དགའ་ཚོར་སྟོན་མཁན་གྱི་རྔ་བའི་དགེ་རྒན་དེ་གློད་བཀྲོལ་བཏང་འདུག་ཀྱང་ལས་གནས་ནས་ཕུད་དེ་མུ་མཐུད་ལྟ་སྲུང་འོག་གནས་མུས་རེད་འདུག

རྒྱ་ནག་གཞུང་གིས་སྔ་མོ་ནས་༧གོང་ས་མཆོག་གི་སྐུ་པར་བོད་ནང་དུ་ཡོངས་སུ་བཀག་བསྡོམས་བྱས་ཡོད་ཅིང་ནམ་རྒྱུན་བོད་མི་ཚོའི་ཁང་ཁྱིམ་དང་ལག་ཁྱེར་ཁ་པར་སོགས་སུ་ཁོང་གི་སྐུ་པར་ཡོད་མེད་ཚོད་ཚོད་ལ་བསྔོག་བཤེར་གཏོང་བ་མ་ཟད། འདས་པའི་ལོ་གཅིག་གཉིས་ཀྱི་ནང་དུ་ཁོང་གི་མདུན་དུ་ཞུ་རྟེན་ཕུལ་མཁན་ཚོ་ལའང་ཁྲིམས་ཆད་ལྕི་མོ་གཏོང་བཞིན་འདུག འོན་ཀྱང་ཉེ་ལམ་གཅོད་གཏུབ་བྱས་པའི་ཁོང་གི་བརྙན་ཐུང་དེ་དང་དེ་མིན་གཞི་མེད་སྐྱོན་འཛུགས་བྱ་སའི་སྐུ་པར་ཁག་ཅིག་གི་ཐད་བཀག་བསྡོམས་ཡོངས་སུ་གློད་ཡོད་པ་མ་ཟད་དྲྭ་དམངས་ཁྲི་ཕྲག་མང་པོས་#ཏཱ་ལའི་བླ་མ་ནི་འདྲེ་ཞིག་རེད་ཅེས་པ་སོགས་ཀྱི་ཁྲིད་ཐག་hashtagསྤྱད་དེ་ཁོང་ལ་མཚན་དམོད་རྒྱ་ཆེར་བྱས་འདུག 

རྒྱ་གཞུང་གིས་༧གོང་ས་མཆོག་ལ་བསྙོན་འཛུགས་བྱེད་མཁན་ཁོ་ནར་གནས་ཚུལ་སྤེལ་སའི་ཁོར་ཡུག་བསྐྲུན་པ་མ་གཏོགས་ཁོང་གི་བརྙན་ཐུང་དེའི་སྔ་ཕྱིའི་དོན་དངོས་ཀྱི་གནས་ཚུལ་ཆ་ཚང་སྤེལ་མཁན་ཚོར་མུ་མཐུད་བཀག་བསྡོམས་བྱེད་པ་མ་ཟད་དུས་ཡུན་རིང་པོའི་རྗེས་སུ་དྲྭ་ལམ་ནས་༧གོང་ས་མཆོག་གི་སྐུ་པར་ཐད་ཀར་མཇལ་ཐུབ་པར་དགའ་ཚོར་སྟོན་མཁན་གྱི་བོད་མི་ཚོར་ཉེས་ཆད་གཏོང་བཞིན་འདུག

གཅོད་གཏུབ་བྱས་པའི་༧གོང་ས་མཆོག་གི་བརྙན་ཐུང་དེ་ཉིད་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་པེ་ཅིང་ཉིན་རེའི་ཚགས་པར་གྱི་ཁྱབ་ཁོངས་པེ་ཅིང་གསར་འགྱུར་དྲྭ་བ་(京报网)དང་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མ་ལག་ཆེ་གྲས་ByteDance གྱི་ཁྱབ་ཁོངས་སྐབས་དོན་མྱུར་འཕྲིན་(今日头条)་སོགས་ཀྱི་ནང་དུ་ཡང་ཡང་སྤེལ་འདུག་ཅིང་དེ་ཉིད་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་མ་ཐོན་པའི་སྔོན་ཕྱི་ཟླ་ ༤ པའི་ཚེས་ ༩ ཙམ་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་སྒང་དུ་མཐོང་རྒྱུ་འདུག ཕྱི་ཟླ་ ༤ པའི་ཚེས་ ༡༤ ནས་བཟུང་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་པོད་ཕྲན་སོགས་སུ་ཁྲིད་ཐག་hashtagའདྲ་མིན་གྱི་ལམ་ནས་བརྙན་ཐུང་དེ་ཁྱབ་སྤེལ་ཤིན་ཏུ་རྒྱ་ཆེར་བཏང་སོང་། དྲྭ་ཐོག་གི་གཞི་གྲངས་ལྟར་ན་ཕྱི་ཚེས་ ༡༦ གི་ཉིན་གཅིག་གི་རིང་པོད་ཕྲན་ཁོ་ནའི་ནང་དུ་གནས་ཚུལ་དེར་ལྟ་མཁན་ས་ཡ་ ༢༠༠ལྷག་བྱུང་བ་གསལ་འདུག

པོད་ཕྲན་སྟེང་དུ་ཁྲིད་ཐག་འདྲ་མིན་སྤྱད་དེ་༧གོང་ས་མཆོག་ལ་བསྙོན་འཛུགས་ཀྱི་གནས་ཚུལ་སྤེལ་བཞིན་པ།

 པོད་ཕྲན་ནང་དུ་གནས་ཚུལ་དེ་ཉིད་ཁྱབ་སྤེལ་ཤུགས་ཆེ་ཤོས་སོང་བའི་དུས་ཚོད་ནི་ཕྱི་ཚེས་ ༡༤ ནས་ ༡༧ བར་རེད་འདུག་ཅིང་དེའི་རིང་ལ་ཁྲིད་ཐག་hashtag #达赖舌吻男童有多恶心ཏཱ་ལའི་བླ་མས་བྱིས་པར་འོ་བྱེད་པ་ཅི་འདྲའི་སྐྱུག་བྲོ་བ་ལ་ཨང་ཟེར་བ་དང་#达赖喇嘛是恶魔ཏཱ་ལའི་བླ་མ་ནི་འདྲེ་ཞིག་རེད། #海外网民声讨达赖集团罪行 ཕྱི་རྒྱལ་གྱི་དྲྭ་དམངས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ནག་ཉེས་ཐེར་འདོན་བྱས་འདུག་ཟེར་བ་སོགས་ཀྱི་ལམ་ནས་གནས་ཚུལ་སྟོང་ཕྲག་མང་པོ་སྤེལ་འདུག་ཅིང་ལྟ་མཁན་ས་ཡ་ ༥༠༠ ཙམ་ཟིན་པ་དང་དྲྭ་དམངས་འབུམ་ཕྲག་མང་པོས་གྲོས་བྱས་ཡོད་པ་གསལ་འདུག  

པོད་ཕྲན་སྟེང་དུ་ཁྲིད་ཐག་འདྲ་མིན་སྤྱད་དེ་༧གོང་ས་མཆོག་ལ་བསྙོན་འཛུགས་ཀྱི་གནས་ཚུལ་ལ་ལྟ་མཁན་ས་ཡ་ ༥༠༠ ཙམ་ཟིན་པ།

རྒྱ་ནག་གི་དྲྭ་རྒྱའི་སྒང་༧གོང་ས་མཆོག་ལ་བསྙོན་འདུགས་འཛུགས་བྱེད་པའི་བརྙན་ཐུང་དེ་ཉིད་ཁྱབ་སྤེལ་མང་ཤོས་གཏོང་ས་ནི་པོད་ཕྲན་ཡིན་ཡང་། འཁྱུག་དབྱིངས་དང་སྐད་འཕྲིན་བཅས་སུའང་ཁྱབ་སྤེལ་རྒྱ་ཆེར་སོང་འདུག་ལ་སྤེལ་གྲངས་གཅིག་ལ་ལྟ་མཁན་དང་མཆན་འདེབས་མཁན་ཁྲི་ཕྲག་མང་པོ་ཡོད་པ་དེ་འདྲ་མི་ཉུང་བ་ཞིག་མཐོང་རྒྱུ་འདུག བརྒྱུད་ལམ་དེ་དག་གི་སྟེང་དུ་ཁོང་ལ་བསྙོན་འཛུགས་ཀྱི་རིགས་ཁོ་ནར་འཇོག་ཐུབ་པ་མ་གཏོགས་གསལ་བཤད་དང་དོན་དངོས་ཀྱི་བརྙན་ཐུང་ཆ་ཚང་འཇོག་པར་བཀག་བསྡོམས་བྱེད་བཞིན་འདུག 

རྒྱའི་དྲྭ་བྱང་འགའ་རེས་དང་ཐོག་བོད་ཡིག་གི་ལམ་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་རེ་འགའ་མཐོང་རྒྱུ་འདུག་ཀྱང་དེ་དག་ལ་དོ་ཁུར་བྱེད་མཁན་ཤིན་ཏུ་ཉུང་ཉུང་རེད་འདུག

འཁྱུག་དབྱངས་ནང་གི་དྲྭ་དམངས་ཤིག་(བདེ་འཇགས་ལ་དམིགས་ནས་མིང་བཀོད་མེད་)གིས་ཕྱི་ཟླ་ ༤ པའི་ཚེས་ ༡༧ ཉིན་འཁྱུག་དབྱངས་སྟེང་དུ་ཁ་བྱང་ལ་“ཏཱ་ལའི་བླ་མ་དང་བྱིས་པ་དེའི་དོན་དངོས་ཀྱི་བརྙན་ཆ་ཚང་ལ་གཟིགས་དང་达赖唎嘛和小孩真实完整视频”ཞེས་འཁོད་པའི་བརྙན་ཐུང་ཆ་ཚང་བ་ཞིག་བཞག་འདུག་ཀྱང་ཡུན་རིང་མ་སོང་བར་འཁྱུག་དབྱངས་ལས་ཁུངས་ཀྱིས་དྲྭ་ཐག་དེ་ནས་བརྙན་ཐུང་བསུབ་འདུག་པ་མ་ཟད་དྲྭ་བྱང་དེར་སྒྲིག་གཞི་འགལ་བའི་གནད་དོན་ལྷག་ཡོད་པའི་ཉེན་བརྡ་ཞིག་ཀྱང་སྤེལ་འདུག འདི་ག་ལྟེ་གནས་ཁང་གིས་དྲྭ་དམངས་དེའི་འཁྱུག་དབྱངས་དྲྭ་བྱང་ལ་དོ་དམ་གང་འདྲ་བྱུང་མིན་བརྩད་དཔྱོད་བྱས་པས་ཁོང་གི་དྲྭ་བྱང་ད་ལྟ་སྒོ་ཕྱེ་ཐུབ་ནའང་གཞན་གྱི་སྤེལ་བའི་གནས་ཚུལ་ལྟ་ཀློག་བྱེད་པ་མ་གཏོགས་རང་ངོས་ནས་གནས་ཚུལ་དྲྭ་ངོས་སུ་སྤེལ་མི་ཐུབ་པ་གྱུར་ཡོད་ཚུལ་འགྲེལ་བརྗོད་བྱས་བྱུང་།  

བརྙན་ཐུང་ཆ་ཚང་སྤེལ་མཁན་གྱི་དྲྭ་བྱང་ལ་འཁྱུག་དབྱངས་ལས་ཁུངས་ཀྱིས་བཀག་བསྡོམས་དང་ཉེན་བརྡ་འབྱོར་བ།

འདི་ལྟར་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་དུ་གནས་ཚུལ་ཁྱབ་སྤེལ་གཏོང་མཁན་གྱི་ནང་དུ་རྒྱ་ནག་གཞུང་ཕྱོགས་ཀྱི་ལས་ཁུངས་ཡོད་པ་མངོན་གསལ་དོད་པོ་མེད་ནའང་གཞུང་གི་དོ་དམ་འོག་གནས་པའི་གསར་ཁང་དང་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་སའི་དྲྭ་བྱང་མང་དག་ཅིག་འདུག་པས་ཚུལ་དེ་དག་ལ་བལྟས་ན་གནས་ཚུལ་དེ་རྒྱ་གཞུང་གིས་བསམ་བཞིན་དུ་ཁྱབ་སྤེལ་གཏོང་གི་ཡོད་པའང་གསལ་པོར་གྱུར་འདུག་མ་ཟད་བསྙོན་འཛུགས་ཁོ་ན་མ་གཏོགས་དོན་དངོས་ཁྱབ་སྤེལ་གཏོང་སའི་ཁོར་ཡུག་ཅིག་བསྐྲུན་གྱི་མེད་པའང་གསལ་པོ་རེད་འདུག

ཚུལ་དེ་ཡིས་བོད་ནང་བོད་མི་ཚོའི་སེམས་ལ་ན་ཟུག་ཆེན་པོ་བསླངས་ཡོད་པ་སྨྲོས་མེད་ཡིན་མོད། འོན་ཀྱང་། ཕྱོགས་གཞན་ནས་དུས་ཡུན་རིང་པོའི་རྗེས་སུ་༧གོང་ས་མཆོག་གི་སྐུ་པར་མངོན་སུམ་དུ་མཇལ་ཐུབ་པར་བརྟེན་བོད་མི་ཚོར་དགའ་ཚོར་སྐྱེས་པའང་བྱུང་འདུག 

ཉེ་སྔོན་འདི་ག་ལྟེ་གནས་ཁང་གི་བཏོན་པའི་གནས་ཚུལ་ལྟར་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་རྔ་བ་ནས་ཡིན་པའི་དགེ་རྒན་ཞིག་གིས་སློབ་གྲྭའི་ཞོགས་ཚོགས་ཐོག་“ད་ལྟ་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གྱི་བྱིས་པ་ཞིག་གི་བརྙན་ཐུང་སྤེལ་བཞིན་པ་དེ་སྐལ་པ་བཟང་པོ་རེད། ང་ཚོ་བོད་མི་ཚོར་ཁོང་དངོས་སུ་མཇལ་རྒྱུའི་སྐལ་པ་བཟང་པོ་མེད་ན་ཡང་། ལོག་ཕྱོགས་ནས་ཁོང་གི་བརྙན་མཇལ་རྒྱུ་ཡོད་པ་དེ་ནི་ང་ཚོའི་བསོད་ནམས་རེད། ༧རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་བོད་ལ་ཕེབས་ཐུབ་པའི་རྟགས་མཚན་ཡག་པོ་རེད། དགེ་སློབ་ཚང་མས་གསོལ་བ་སྨོན་ལམ་ཡག་པོ་ཐོབས་དང་ཁོང་ལ་དངོས་སུ་མཇལ་བ་དང་གཅིག་རེད། མ་གཞི་ཁོང་གི་བརྙན་ཐུང་དེ་ནི་ཁོང་ལ་མི་དགའ་མཁན་ཚོས་བསམ་བཞིན་དུ་བཟོས་པ་ཞིག་ཡིན་པ་ལས་ཁོང་ནི་སངས་རྒྱས་སྐྱོན་གྱིས་མ་གོས་པ་ཞིག་རེད་”ཅེས་གཏམ་བཤད་ཐུང་ཐུང་ཞིག་གནང་འདུག དེའི་རྒྱུ་མཚན་གྱིས་ཉིན་དེའི་ཉིན་གུང་རྒྱ་གཞུང་ཉེན་རྟོག་པ་སློབ་གྲྭར་ཡོང་ནས་དགེ་རྒན་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ནས་བདུན་ཕྲག་གཉིས་ཙམ་ལ་བཀག་ཉར་བྱས་འདུག་པ་མ་ཟད་དགེ་རྒན་གྱི་ལས་གནས་ནས་ཕུད་དེ་ད་དུང་བཟང་བཙོན་གྱི་ངོ་བོར་གནས་མུས་རེད་འདུག 

བོད་མི་ཞིག་གིས་པོད་ཕྲན་སྟེང་སྤེལ་བའི་སྤྱན་རས་གཟིགས་ཀྱི་གསོལ་འདེབས་བསྟོད་ཚིག

རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་དང་དམ་དྲག་གི་རྐྱེན་གྱིས་གཅོད་གཏུབ་བྱས་པའི་བརྙན་ཐུང་དེའི་ཐད་དྲྭ་ལམ་དུ་བོད་མི་ཚོས་མངོན་གསལ་དོད་པོས་བསམ་ཚུལ་ཤོད་པ་མཐོང་རྒྱུ་མེད་ནའང་གནས་ཚུལ་དེ་ཚ་གླེང་བྱེད་བཞིན་པའི་སྐབས་སུ་བོད་མི་མི་ཉུང་བ་ཞིག་གིས་སྤྱན་རས་གཟིགས་ཀྱི་སྐུ་པར་དྲྭ་ལམ་དུ་འཇོག་པ་དང་ “སྐྱོན་གྱིས་མ་གོས་སྐུ་མདོག་དཀར།། རྫོགས་སངས་རྒྱས་ཀྱི་དབུ་ལ་རྒྱན།། ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།། སྤྱན་རས་གཟིགས་ལ་གསོལ་བ་འདེབས་”ཞེས་པ་དང་”རྒྱང་རིང་ཡུལ་གྱི་ཨ་ཇོ།། སེམས་ཀྱི་དཀྱིལ་ན་ཉར་ཡོད།། དཔྲལ་བའི་གཙུག་ཏུ་བཀུར་ཡོད།། སྐྱབས་ཀྱི་མགོན་པོ་ཁྱེད་ཡིན་”ཞེས་པའི་བསྟོད་ཚིག་དང་གསོལ་འདེབས་ཚིགས་བཅད་འབྲི་བ།། དེ་བཞིན་ཤོག་བུའི་སྟེང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ་ཞེས་བྲིས་ཏེ་དྲྭ་ལམ་དུ་སྤེལ་བ་སོགས་གང་མང་ཞིག་མཐོང་རྒྱུ་འདུག་ཀྱང་བདེ་འཇགས་ལ་གཟབ་ནས་འདིར་ཇི་བཞིན་དུ་བཀོད་མེད། 

to top