རྒྱ་ནག་གཞུང་གིས་བོད་དུ་རིག་གཞུང་བཙན་བསྒྱུར་བྱེད་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་མི་སྣས་རྒྱ་ནག་ལ་ཚ་འདྲིའི་འཕྲིན་ཡིག་བཏང་བ། 

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་མི་སྣ་བཞི་ཡིས་རྒྱ་ནག་གི་བོད་ཀྱི་ཤེས་ཡོན་དང་སྐད་ཡིག ཆོས་ལུགས་བཅས་ཀྱི་སྒང་ལ་བཙན་གནོན་རང་བཞིན་ཅན་གྱི་ཁྲིམས་དང་སྲིད་ཇུས་ལག་ལེན་བསྟར་བཞིན་པ་ནི་རྒྱ་ནག་གིས་འགན་ཁུར་ཁས་ལེན་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་སྒྲིག་གཞིར་ཇི་ལྟར་མཐུན་པ་ཡིན་ནམ་ཞེས་ཚ་འདྲི་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། 

ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པའི་ནང་སྒོ་བརྒྱབས་ཟིན་པའི་མགོ་ལོག་གི་བོད་ཡིག་སློབ་གྲྭ་སེང་འབྲུག་སྟག་རྩེ་སློབ་གྲྭ།

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་བའི་གནད་དོན་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ་དང་། རིག་གཞུང་གི་ཐོབ་ཐང་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ། ཤེས་ཡོན་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ། ཆོས་ལུགས་དད་མོས་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ་བཅས་མཉམ་འབྲེལ་ཐོག་“རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་ལུགས་དད་མོས་རང་དབང་དང་། ཤེས་ཡོན་དང་རིག་གཞུང་གི་ཐོབ་ཐང་ཁག་དང་འགལ་ནས་བཙན་གནོན་རང་བཞིན་ཅན་གྱི་ལག་ལེན་སྣ་མང་ཞིག་གི་ཁྲོད་ནས་བོད་དུ་རིག་གཞུང་བཙན་བསྒྱུར་བྱེད་བཞིན་པའི་མཐོང་ཚུལ་ཞིག་འདུག་”པར་བློ་འཚབ་ཡོད་ཚུལ་བཀོད་འདུག 

ན་ནིང་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༥ པའི་ནང་དུ་འདི་ག་ལྟེ་གནས་ཁང་གིས་‘ང་ཚོའི་རུས་རྐང་འཇིབས་སོང་།: ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་’ཞེས་པའི་དམིགས་བསལ་སྙན་ཐོ་ཞིག་བཏོན་ཡོད་ཅིང་སྙན་ཐོ་དེའི་ནང་དུ་འདས་པའི་མི་ལོ་བཅུ་ཡི་རིང་ཞི་ཅིན་ཕིང་གི་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་སྲིད་ཇུས་དེས་བོད་ཀྱི་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་ལ་དོ་ཕོག་ཚབས་ཆེན་བཏང་ཡོད་པ་ར་སྤྲོད་བྱས་ཡོད། ན་ནིང་ཕྱི་ཟླ་ ༩ པའི་ནང་དུ་འདི་ག་ལྟེ་གནས་ཁང་གི་སྐུ་ཚབ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་དུས་ ༥༡ པར་མཉམ་ཞུགས་བྱེད་སྐབས་འབྲེལ་ཡོད་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་གྱི་འགན་ཁུར་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་ལ་མཇལ་བཅར་ཞུས་ཏེ་སྙན་ཐོ་སྤྱན་འབུལ་ཞུས་ཡོད། 

ཉེ་ལམ་དམིགས་བསལ་སྙན་སྒྲོན་པ་དག་གིས་བཏང་བའི་འཕྲིན་ཡིག་དེས་ཉེ་ལམ་བོད་ནང་གི་སྐད་ཡིག་དང་རིག་གཞུང་། ཤེས་ཡོན་བཅས་ཀྱི་ཐོབ་ཐང་རྡོག་རོལ་ཐེབས་པ་དང་དེ་དག་སྲུང་སྐྱོབ་བྱེད་མཁན་ཚོའི་མགོ་ཐོག་ཏུ་གོད་ཆགས་ཆེན་པོ་ལྷུང་བཞིན་པ་སོགས་འདི་ག་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དོན་དང་དོན་འདྲ་བ་ཁག་ཅིག་གསལ་བ་གཤམ་གསལ་ལྟར་རོ། 

  • རྒྱ་གཞུང་གི་‘མི་རིགས་སྲིད་ཇུས་གཉིས་པའི་’ནང་གི་མིང་ཚིག་གཙོ་གནད་ཅན་‘མི་རིགས་’ཟེར་བ་དེས་མི་རིགས་དང་རིགས་རྒྱུད། སྐད་རིགས་བྱེ་བྲག་སྨྲ་མཁན་དང་། ཆོས་ལུགས་བྱེ་བྲག་ཉམས་ལེན་བྱེད་མཁན་གྱི་སྡེ་ཁག་ཚང་མ་སྲིད་གཞུང་ལས་གལ་གནད་ཆུང་བའམ་རིམ་པ་དམའ་བ་ལྟ་བུར་ངོས་འཛིན་བྱེད་བཞིན་འདུག 

  • རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་གྱིས་གྲངས་ཉུང་བ་མཐའ་དག་ཧན་མི་རིགས་ཀྱི་ཁོངས་སུ་བསྡུ་བཞིན་ཡོད་པའི་དོགས་གཞི་འདུག  

  • རྒྱ་ནག་གི་‘མི་རིགས་སྲིད་ཇུས་གཉིས་པ་’ནི་ལོ་ངོ་བཅུ་ཕྲག་བདུན་གྱི་རིང་གི་མི་རིགས་རང་སྐྱོང་གི་དབང་ཚད་ཕྱིར་བསྡུ་བྱས་ཏེ་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་མི་རིགས་དང་སྐད་ཡིག་གཞན་བསྒྱུར་བྱ་བར་དམིགས་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པའི་དོགས་གཞི་འདུག 

  • ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པའི་ ‘མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་’དོན་ཚན་བཅུ་གཉིས་བགྲངས་པའི་ནང་དུ་‘ངེས་པར་དུ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་། དད་སེམས། བརྩེ་དུང་། རིག་གནས་བཅས་ཐད་མི་རིགས་ཁག་མཐུན་སྒྲིལ་གཅིག་གྱུར་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་བསམ་བློའི་འདུ་ཤེས་དང་།བསམ་པའི་དགའ་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་གྱི་རྗེས་སུ་སྙེག་ཐབས་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་ཧན་མི་རིགས་མ་ཡིན་པའི་མི་རིགས་གྲངས་ཉུང་བ་ཚོའི་རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་ལ་ལག་ལེན་གྱི་ཐོག་ནས་ཁྲིམས་ཀྱི་སྲུང་སྐྱོབ་གང་ཡང་མེད་པ་མ་ཟད་འཆར་གཞི་དང་གོ་རིམ་ལྡན་པའི་ངང་ཁོང་ཚོར་དབྱེ་འབྱེད་སྣ་ཚོགས་བྱེད་བཞིན་ཡོད་པར་བརྟེན་ད་ལན་གྱི་གནས་བབ་དེས་རིམ་གྱིས་མི་རིགས་ཆུང་བ་དག་ཧན་མི་རིགས་ཀྱི་ཁོངས་སུ་འཐིམ་འགྲོ་ཉེན་ཆེ་བའི་འཇིགས་སྣང་ཞིག་འདུག 

  • བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་དགུ་བཅུ་གོ་གྲངས་ནས་བཟུང་སྟེ་རྒྱའི་སྤྱི་སྐད་དམའ་རིམ་སློབ་གྲྭའི་བསླབ་གཞིར་བེད་སྤྱོད་བཏང་ཡོད་ཅིང་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་དམའ་རིམ་སློབ་གྲྭའི་བརྒྱ་ཆ་ ༩༥ དང་འབྲིང་རིམ་སློབ་གྲྭ་མང་ཆེ་བའི་ནང་དུ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་ཡོད་པའི་སྙན་ཐོ་ཐོན་འདུག ལག་བསྟར་དེ་ཉིད་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་གྲོང་གསེབ་ཀྱི་དམའ་རིམ་སློབ་གྲྭ་ཆ་ཚང་ལ་ཁྱབ་འདུག  མ་ཟད་ཉེ་དུས་མཚོ་སྔོན་ཞིང་ཆེན་སོགས་བོད་རིགས་ས་ཁུལ་མང་པོར་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་འགོ་བརྩམས་ཡོད་པའི་སྙན་ཐོ་ཐོན་འདུག 

  • ཕྱི་ལོ་ ༢༠༡༧ལོརང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱའི་སྤྱི་སྐད་བསླབ་གཞིའི་སྐད་ཡིག་ཏུ་བསྒྱུར་རྒྱུའི་འཆར་གཞི་བཏིང་། ཕྱི་ལོ་༢༠༡༩ ནས་༢༠༢༠ བར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཁག་ཏུ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་དགོས་པའི་བཀོད་ཁྱབ་བཏང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུའང་རྒྱའི་སྤྱི་སྐད་བསླབ་གཞིའི་སྐད་ཡིག་བཟོས་ནས་དུས་ཡུན་རིང་པོར་སོང་ཡོད་པ་རེད། 
to top