རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཕན་ཞབས་ཞུ་བ་བང་རི་རིན་པོ་ཆེ་མཆོག་ཚེ་བཙོན་ལས་གློད་གྲོལ་བཏང་ཟིན་པའི་དཔང་རྟགས་མཁོ་འདོན་བྱེད་དགོས།

རྒྱ་མཚོ་དྭ་ཕྲུག་སློབ་གྲྭ་དབུ་འཛུགས་གནང་མཁན་སྤྱི་ཕན་ཞབས་ཞུ་བ་སྤྲུལ་སྐུ་བང་རི་རིན་པོ་ཆེ་མཆོག་ལྷ་སའི་ཉེ་འགྲམ་ཆུ་ཤུར་བཙོན་ཁང་དུ་རྒྱ་གཞུང་གིས་ལོ་བཅོ་བརྒྱད་ཀྱི་དུས་བཀག་(ཁྱོན་ལོ་ཉི་ཤུ་རྩ་གཉིས)བཙོན་འཇུག་བྱས་མཐར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བཙོན་འཇུག་གི་ལོ་ཁ་གང་ནས་གློད་གྲོལ་གཏོང་རྒྱུའི་དུས་ལ་བབས་ཡོད།

འོན་ཀྱང་རྒྱ་ནག་གཞུང་གི་ངོས་ཐད་ནས་ད་བར་རིན་པོ་ཆེ་གློད་གྲོལ་བཏང་ཡོད་མེད་གནས་ཚུལ་གང་ཡང་གཏན་འཁེལ་བྱས་མེད་པས་ཁོང་གི་ད་ལྟའི་གནས་བབ་དང་སྐུ་གཟུགས་འཕྲོད་བསྟེན་ཐོག་ལ་བློ་འཚབ་ཆེས་ཆེར་ལངས་བཞིན་ཡོད། ཕྱི་ལོ་ ༢༠༠༥ ལོར་རིན་པོ་ཆེར་སྙིང་ནད་དང་མཁྲིས་རྡོ་བསགས་པའི་སྙུང་གཞི་བཞེས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་མ་གཏོགས་རྒྱ་ནག་གཞུང་གིས་ད་བར་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད། དེར་བརྟེན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རིན་པོ་ཆེའི་ད་ལྟའི་གནས་བབ་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད། 

འདི་ག་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་ལ་བང་རི་རིན་པོ་ཆེའི་སྐུའི་འཕྲོད་བསྟེན་གནས་བབ་དང་ཁོང་ཉིད་ད་ལྟ་གློད་གྲོལ་བཏང་ཟིན་ཡོད་ཚེ་དེ་འབྲེལ་གྱི་གནས་ཚུལ་གསལ་བསྒྲགས་དང་དཔང་རྟགས་ཁུངས་སྐྱེལ་དགོས་པ་མ་ཟད་དེ་སྔའི་ཁྲིམས་ཆད་ནང་དུ་རིན་པོ་ཆེའི་ཚེ་གང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པར་ཁག་གཡར་ནས་ཁོང་གི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་མི་ཐེབས་པའི་ཁག་ཐེག་གཙང་མ་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

བཙན་འགེལ་གྱི་ཉེས་ཆད།

ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༨ ཚེས་ ༢༧ ཉིན་བང་རི་རིན་པོ་ཆེ་མཆོག་དང་གང་ཉིད་ཀྱི་གཟའ་ཟླ་ཉི་མ་ཆོས་སྒྲོན་རྣམ་གཉིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐེངས་དྲུག་པའི་རྗེས་སུ་ཁང་པའི་ཆོད་གན་ལས་གཉེར་བ་བཀྲ་ཤིས་ཚེ་རིང་ཟེར་བ་ཞིག་གིས་ལྷ་སའི་མགྲོན་གཉེར་ཁང་ནས་རང་གསོད་འབར་རྫས་འགད་རྩིས་བྱས་པ་དེར་ངན་ཇུས་འདོན་མཁན་ཡིན་པར་བསྙད་ནས་འཛིན་བཟུང་བཀག་ཉར་བྱས་པ་རེད། 

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལྐོག་ཏུ་ཁྲིམས་བཤེར་བྱས་པའི་མཐར་ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༩ ཚེས་ ༢༦ ཉིན་རིན་པོ་ཆེ་དང་ཉི་མ་ཆོས་སྒྲོན་གཉིས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་རིན་པོ་ཆེར་ཚེ་བཙོན་དང་ཚེ་གང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་དང་ཉི་མ་ཆོས་སྒྲོན་ལ་ལོ་བཅུའི་བཙོན་འཇུག་དང་ལོ་ལྔར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ནས་ཁོང་རྣམ་གཉིས་གྲ་བཞི་བཙོན་ཁང་དུ་སྤོས་ཏེ་ལོ་གཅིག་ལ་ཟུར་བཅད་ཁེར་བཙོན་དུ་བཅུག 

(རྒྱ་ནག་གཞུང་གིས་བཙོན་ཁང་གི་སྐོར་གྱི་དྲིལ་བསྒྲགས་བརྙན་ཐུང་ནང་དུ་བང་རི་རིན་པོ་ཆེ་དང་གཟའ་ཟླ་ཉི་མ་ཆོས་སྒྲོན་གཉིས་ཀྱི་སྐོར་འཁོད་པ།)

ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༧ ཚེས་ ༣༡ ཉིན་རིན་པོ་ཆེའི་ཉེས་ཆད་ཚེ་བཙོན་ནས་ལོ་བཅུ་དགུའི་དུས་བཀག་བཙོན་འཇུག་ལ་བསྒྱུར་ཞིང་ཕྱི་ལོ་ ༢༠༠༥ ལོར་ཁོང་ཉིད་ཆུ་ཤུར་བཙོན་ཁང་དུ་སྤོས་ནས་སླར་ཡང་ལོ་གཅིག་ཆག་ཡང་བཏང་བར་བརྟེན་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པའི་ནང་གློད་གྲོལ་ཐོབ་རྒྱུ་ཡིན་པ་རེད། 

ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༢༥ ནས་ཟླ་ ༡༢ ཚེས་ ༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ་སྐུ་ཞབས་མན་ཕྷེརེདེ་ནོ་ཝག་ Dr. Manfred Novak མཆོག་བོད་རང་སྐྱོང་ལྗོངས་སུ་ལྟ་ཞིབ་ལ་ཕེབས་སྐབས་བཙོན་པ་གསུམ་ལ་བཅར་འདྲི་ཞུས་པའི་ནང་ནས་གཅིག་ནི་བང་རི་རིན་པོ་ཆེ་མཆོག་ཡིན།

དམིགས་བསལ་སྙན་སྒྲོན་པ་ཁོང་གི་སྙན་ཐོའི་ནང་དུ་“མནར་གཅོད་ཁྱབ་རྒྱ་ཆེན་པོ་”མྱོང་བཞིན་ཡོད་པ་དང་དེ་སྔོན་ལྟ་ཞིབ་སྐབས་སུ་མ་མཐོང་བའི་“སེམས་ལ་དངངས་སྐྲག་དང་རང་དོག་ཚོད་འཛིན་”ཤུགས་ཆེར་བྱེད་བཞིན་ཡོད་པའི་སྐོར་འཁོད་ཡོད།  

སྙན་ཐོ་དེའི་ནང་དུ་བང་རི་རིན་པོ་ཆེར་ཉིན་ཞག་ལྔ་ཙམ་བསྟུན་མར་འདྲི་བརྩད་ནན་པོ་བྱེད་པ་སོགས་སུན་བཙིར་བྱེད་ཀྱིན་ཡོད་པའི་གནས་ཚུལ་འཁོད་ཡོད།  དམིགས་བསལ་སྙན་སྒྲོན་པ་ཁོང་རིན་པོ་ཆེའི་གཟའ་ཟླ་ཉི་མ་ཆོས་སྒྲོན་ཐུག་ཏུའང་ཕྱིན་ཡོད།  ཁོ་མོར་ཉེས་ཆད་ཆག་ཡང་ཐེངས་གཉིས་བྱས་པས་ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༢ པའི་ནང་གློད་གྲོལ་ཐོབ་ཡོད་པ་རེད། 

རྒྱབ་ལྗོངས་ལོ་རྒྱུས། 

བང་རི་རིན་པོ་ཆེ་མཆོག་ནི་ཁམས་ནང་ཆེན་དུ་སྐུ་འཁྲུངས་ཤིང་༧རྒྱལ་མཆོག་ལྔ་པ་ཆེན་པོའི་རྙིང་མའི་སློབ་དཔོན་གཏེར་སྟོན་འཇའ་ཚོན་སྙིང་པོའི་འཁྲུངས་ཡུལ་ཀོང་པོ་རྒྱ་མདའི་ཁོངས་གཏོགས་ཉང་ཕུ་ས་ཁུལ་དུ་ཆགས་པའི་བང་རི་དགོན་པའི་བང་རི་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་།  རིན་པོ་ཆེ་ཉམ་ཐག་དྭ་ཕྲུག་རྣམས་ལ་ཤིན་ཏུ་ཐུགས་བརྩེ་ཟབ་པས་ལྷ་ས་ནོར་བུ་གླིང་ཁའི་ཉེ་འཁྲིས་སུ་་རྒྱ་མཚོ་སློབ་ཁང་ཞེས་པའི་དྭ་ཕྲུག་གི་སློབ་གྲྭ་ཞིག་གསར་འཛུགས་གནང་ཞིང་ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༥ པའི་ནང་བོད་ས་སྟོད་སྨད་ཀུན་ནས་དྭ་ཕྲུག་བཞི་བཅུ་ཙམ་དེར་བསྡུ་སྐོང་གནང་།  རིན་པོ་ཆེས་སྤྱི་ཁྱབ་ཀྱི་འགན་ཁུར་བཞེས་ཤིང་གཟའ་ཟླ་ཉི་མ་ཆོས་སྒྲོན་གྱིས་སློབ་གྲྭའི་འཛིན་སྐྱོང་གི་ཕྱག་རོགས་གནང་།  དྭ་ཕྲུག་སློབ་གྲྭ་དེར་བོད་རྒྱ་དབྱིན་གསུམ་དང་ཨང་རྩིས་སོགས་སློབ་བཞིན་ཡོད། འོན་ཀྱང་། རིན་པོ་ཆེ་འཛིན་བཟུང་བྱས་པའི་རྗེས་ནས་དྭ་ཕྲུག་སློབ་གྲྭ་དེའང་ཁྲིམས་འགལ་ཡིན་པར་བསྙད་དེ་ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༡༠ པའི་ནང་རྒྱ་གཞུང་གིས་སྒོ་བརྒྱབས་པ་རེད། 

to top