རྒྱ་ནག་གཞུང་གིས་“གཙོ་གནད་མི་སྣར”བརྩི་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་འབུར་འཇོམས་གཏོང་ཐབས་བྱེད་བཞིན་པ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་བོད་མདོ་སྨད་ས་ཕྱོགས་སམ་རྒྱ་ནག་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཁུལ་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་ཐོབ་པ་རྣམས་ཀྱི་རྐང་པར་ཉིན་ཞག་གཉིས་ཀར་སོ་ལྟ་བྱེད་ཐུབ་པའི་“གློག་རྡུལ་ལྕགས་སྒྲོག་”བཏགས་ཡོད་པའི་གནས་ཚུལ་འདུག་ཅིང་གསར་ལམ་གྱི་གནས་ཚུལ་ལྟར་ན་བོད་ནང་གི་ཆབ་སྲིད་བཙོན་ཟུར་རྣམས་ལ་སྟངས་འཛིན་བྱེད་པར་དམིགས་ནས་རྒྱ་ནག་གཞུང་ཕྱོགས་ནས་མཁོ་སྤྲོད་བྱས་པའི་ལག་འཁྱེར་ཁ་པར་ཞིག་ངེས་པར་དུ་སྤྱོད་དགོས་པ་དང་དེ་ཉིད་བརྒྱུད་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོའི་བྱ་སྤྱོད་ལ་རྒྱ་ནག་གཞུང་གིས་རྒྱུན་དུ་ལྟ་རྟོགས་ནན་པོ་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་བཀོད་འདུག

རྒྱ་ནག་གཞུང་གིས་“གཙོ་གནད་མི་སྣ་”ཞེས་གཞུང་གི་སྲིད་ཇུས་དང་ལངས་ཕྱོགས་ལ་དགག་པ་བརྒྱག་མཁན་ཚོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་བོད་ནང་གི་ཆབ་སྲིད་བཙོན་ཟུར་རྣམས་ནི་ཆབ་སྲིད་ཀྱི་གཙོ་གནད་མི་སྣའི་ནང་ནས་ཀྱང་དོ་སྣང་ཆེ་ཤོས་བྱ་ཡུལ་ཞིག་ཏུ་ཆགས་ཡོད། གཙོ་གནད་མི་སྣ་ཞེས་པ་ནི་རྒྱ་ནག་གཞུང་གི་མིག་ནང་ནས་ཆབ་སྲིད་དང་སྤྱི་ཚོགས་བརྟན་རླིང་ལ་གནོད་ཤས་ཆེ་བའི་མི་སྣར་གོ་བ་ཡིན་ཞིང་དེ་དག་གི་འགྲོ་འདུག་དང་བྱ་སྤྱོད་སོགས་ལ་རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་དུས་ལྟར་སོ་ལྟ་དང་དོ་དམ་བྱེད་ཀྱི་ཡོད་པ་རེད།  དོན་དངོས་ཐོག་བོད་ནང་གི་གཙོ་གནད་མི་སྣའི་གྲངས་ཐོར་འཁོད་པའི་བོད་མི་རྣམས་ནི་ཆབ་སྲིད་བཙོན་ཟུར་རྣམ་པ་དང་བཙན་བྱོལ་ནས་ཕྱིར་ལོག་པའི་བོད་མི།  དགོན་སྡེ་གྲྭ་ཚང་གི་ཁྱབ་ཁོངས་སུ་ཐད་ཀར་མ་གཏོགས་པའི་གྲྭ་བཙུན། ༢༠༠༨ ལོའི་ཞི་བའི་ངོ་རྒོལ་ཁྲོད་མཉམ་ཞུགས་བྱས་པར་དོག་པ་ཡོད་པའི་བོད་མི། ༧གོང་ས་མཆོག་གི་མདུན་ནས་དུས་དབང་གི་བཀའ་ཆོས་ཞུ་མཁན་གྱི་བོད་མི་་སོགས་ཚུད་ཡོད། རྒྱ་ནག་གཞུང་གིས་གཙོ་གནད་མི་སྣའི་གྲངས་ཐོའི་ནང་ཐེབས་པའི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་ནག་གཞུང་གིས་ལྟ་རྟོག་ནན་པོ་བྱེད་པ་མ་ཟད་དེ་དག་ལ་དུས་ནས་དུས་སུ་རྒྱལ་གཅེས་སློབ་གསོ་དང་བསམ་བློ་བཅོས་བསྒྱུར་གཏོང་དགོས་ཚུལ་གྱི་སློབ་གསོ་ཡང་ཡང་གཏོང་གི་ཡོད་པ་རེད།  

རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་བཏང་བའི་རྗེས་སུ་མུ་མཐུད་ལོ་གཅིག་ནས་ལྔ་བར་དུས་བཀག་ངེས་ཅན་ཞིག་གི་ནང་དུ་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་ཡིན་ཟེར་ནས་ས་ཕྱོགས་གང་སར་འགྲོ་ཆོག་གི་མེད་པ་དང་། དུས་བཀག་མ་ཡོལ་བར་དུ་ཟླ་རེ་བཞིན་ས་གནས་ཉེན་རྟོག་ལས་ཁུངས་སུ་ཆར་ཅན་ཐེངས་རེ་གཉིས་ཐོ་འགོད་བྱེད་དུ་འགྲོ་དགོས་པ། མི་གཞན་ལ་གང་བྱུང་འབྲེལ་གཏུག་བྱེད་མི་ཆོག་པ་སོགས་བྱས་ནས་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོལ་རོལ་ཆེན་པོ་གཏོང་གི་ཡོད་པ་ཡིན།  

རྒྱ་ནག་ནང་དུ་གློག་རྡུལ་ལྕགས་སྒྲོག་བཟོ་མཁན་གྱི་བཟོ་གྲྭ་ཞིག་གིས་ཡོ་བྱད་དེའི་བྱེད་ལས་དང་ཁྱད་ཆོས་སྐོར་འགྲེལ་བརྗོད་བྱས་པ་ལྟར་ན་གློག་རྡུལ་ལྕགས་སྒྲོག་དེའི་ནང་དུ་བརྡ་སྟོན་བྱང་བུ་བཅུགས་ནས་བཙོན་པའི་ལུས་ཐོག་ཏུ་བསྒར་བ་ཡིན་ན་དེས་བཙོན་པ་རྣམས་ཀྱི་བྱ་སྤྱོད་ལ་སོ་ལྟ་བྱེད་ཐུབ་ཅིང་ཆོག་མཆན་མེད་པར་ས་མཚམས་བརྒལ་བའམ་འཕྲུལ་ཆས་ལུས་སྟེང་ནས་ཕུད་པ་ལྟ་བུ་བྱས་ན་དེ་མུར་འབྲེལ་ཡོད་དོ་དམ་པར་བརྡ་ལན་སྤྲོད་ཐུབ་ཀྱི་ཡོད་པ་རེད། གློག་རྡུལ་ལྕགས་སྒྲོག་དེ་གནམ་གཤིས་དྲོད་གྲང་དང་སྐམ་རློན་གང་སར་སྤྱོད་ཐུབ་པ་མ་ཟད་བཙོན་པའི་སྐད་ཆ་ཡང་སྒྲ་འཇུག་བྱ་ཐུབ་པ་བཟོ་ཆོག་ཅེས་འགྲེལ་བརྗོད་བྱས་འདུག  

སྤྱིར་གློག་རྡུལ་ལྕགས་སྒྲོག་ནི་འཛམ་གླིང་རྒྱལ་ཁབ་མང་པོས་བཙོན་པ་དམིགས་བསལ་བའི་བྱ་སྤྱོད་སྟངས་འཛིན་བྱེད་ཐབས་དང་གནས་སྐབས་གློད་གྲོལ་བཏང་བའི་བཙོན་པ་དང་སྨན་བཅོས་ཆེད་ཕྱི་ལོགས་སུ་ཁྲིད་དགོས་འཁེལ་བའི་བཙོན་པའི་རིགས་བྲོས་བྱོལ་དུ་མི་འགྲོ་བའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན་རྒྱ་ནག་གཞུང་གིས་བཙོན་འཇུག་གི་དུས་ཡུན་ཡོངས་སུ་རྫོགས་ཟིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ལུས་ལ་གློག་རྡུལ་ལྕགས་སྒྲོལ་འདོགས་བཞིན་ཡོད་ཚོད་འདུག གལ་ཏེ་གནས་ཚུལ་ནི་དངོས་བདེན་ཡིན་ན་འདི་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཅིག་ཡིན་པས་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བ་ཡིན།  

རྒྱ་ནག་གིས་བོད་ནང་གི་བོད་མི་ཚོའི་འགྲོ་འོང་དང་འབྲེལ་གཏུག་བྱེད་པར་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་ཅིང་ལྷག་པར་དུ་ཉེ་བའི་ཆར་“དྲྭ་ཐོག་གི་ཁྲིམས་འགལ་བྱ་སྤྲོད་ལ་རྡུང་རྡེག་ཚ་གནོན་གཏོང་”བའི་ལས་འགུལ་བརྒྱུད་བོད་ནང་དུ་ཁ་པར་དང་གསང་བའི་གློག་མིག་སོགས་གློག་རྡུལ་འཕྲུལ་ཆས་དང་བརྡ་འཕྲིན་སོགས་ལ་བརྟེན་ནས་བོད་མི་ཚོའི་བྱ་སྤྱོད་ལ་རྟོག་ཞིབ་དང་ཚོད་འཛིན་བྱེད་ཤུགས་ཧ་ཅང་ཆེ་རུ་གཏོང་བཞིན་ཡོད། ཉེ་ལམ་རྫ་ཆུ་ཁ་དང་ནག་ཆུ།  སྐྱེ་དགུ་མདོ་སོགས་སུ་བོད་མི་ཕོན་ཆེན་འཛིན་བཟུང་བྱས་པ་དང་དམ་དྲག་རྒྱ་ཆེར་བྱེད་བཞིན་པའང་གནས་ཚུལ་དེ་དང་འབྲེལ་བ་དམ་ཟབ་ཆགས་ཡོད། འདི་ལྟར་བོད་ནང་དུ་འབྲེལ་གཏུག་བྱ་རྒྱུར་ཧ་ཅང་དཀའ་ཚེགས་ཆེན་པོར་གྱུར་ནས་ད་ལྟའི་ཆབ་སྲིད་བཙོན་ཟུར་རྣམས་ལ་གློག་རྡུལ་ལྕགས་སྒྲོག་བཏགས་ཡོད་མེད་ཀྱི་གནས་ཚུལ་འབྱོར་བ་དངོས་བདེན་ཡིན་མིན་གྱི་ཐད་ནས་འདི་ག་ལྟེ་གནས་ཁང་ལ་ད་བར་དུ་དཔང་རྟགས་གསལ་པོ་ལག་སོན་མ་བྱུང་ཡང་རྒྱ་ནག་གི་དུས་རྒྱུན་གྱི་སྤྱོད་ཚུལ་ལ་གཞིགས་ན་གནས་ཚུལ་འདི་དངོས་བདེན་མིན་པའི་ངེས་པ་རྩ་ནས་མེད།  

ནམ་རྒྱུན་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་བཙོན་འཇུག་གི་དུས་བཀག་ཡོངས་སུ་ཚང་ནས་གློད་གྲོལ་བཏང་བའི་རྗེས་སུ་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་ཡིན་ཟེར་ནས་མུ་མཐུད་ཁོང་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཀུན་ལ་རྡོག་རོལ་ཆེས་ཆེར་གཏོང་གི་ཡོད་པ་རེད། དཔེར་ན་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་ནས་འདི་ལོ་ཕྱི་ཟླ་དང་པོའི་ནང་གློད་གྲོལ་ཐོབ་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་བཙོན་གྲོལ་ཐོབ་པའི་ཉིན་ནས་བརྩིས་ཏེ་ལོ་ལྔ་བསྟུན་མར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ནས་འགྲོ་འདུག་རང་དབང་མེད་པ་དང་ཕྱི་མིར་འབྲེལ་བ་བྱེད་མི་ཆོག་པ་མ་ཟད་ཐ་ན་རང་གི་ཁྲིམས་རྩོད་པ་ལའང་འབྲེལ་གཏུག་བྱེད་མི་ཐུབ་པར་བཟང་བཙོན་གྱི་རྣམ་པའི་འོག་ཏུ་བཅུགས་ཡོད།  འདི་ལོ་ཕྱི་ཟླ་དགུ་པའི་ནང་ས་གནས་ཉེན་རྟོག་པར་ཆོག་མཆན་ཞུས་མཐར་གཞི་ནས་བཀྲ་ཤིས་དབང་ཕྱུག་ལགས་ཆོས་མཇལ་དུ་འགྲོ་ཐུབ་ཡོད་པའི་གནས་ཚུལ་འདུག་ཅིང་ཁོང་གིས་ཉེ་ལམ་སྒོ་ཕྱེས་མ་ཐག་པའི་ཝེ་པོ་དྲྭ་སྟེང་དུ་སྤེལ་བའི་གནས་ཚུལ་མང་པོ་ཞིག་གཞུང་གིས་ནག་གསུབ་གཏོང་གི་ཡོད་པར་བརྟེན་“སྨྲ་བརྗོད་རང་དབང་ནི་ཐོབ་ཐང་ཐམས་ཅན་གྱི་ཨ་མ་ཡིན་”ཞེས་ནག་གསུབ་བཏང་ཟིན་པའི་འཆར་ངོས་རྣམས་པར་བརྒྱབས་ཏེ་དྲྭ་ཐོག་ཏུ་བཞག་འདུག ད་དུང་ཁོང་གིས་ཕྱི་ཟླ་ ༩ པའི་ཚེས་ ༢༦ ཉིན་“དཀའ་ཚེགས་ཆེ་བའི་ཆོས་མཇལ་”ཞེས་ཆོས་མཇལ་དུ་སོང་བའི་འདྲ་པར་ཐོག་མ་དེ་དྲྭ་ལམ་དུ་བཞག་འདུག  འགོ་བརྗོད་དང་ཚིག་སྦྱོར་འདི་དག་ལས་རྒྱ་ནག་གཞུང་གིས་མུ་མཐུད་ཁོང་གི་འགྲོ་འདུག་སྤྱོད་གསུམ་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་རྡོག་རོལ་ཆེན་པོ་གཏོང་བཞིན་ཡོད་པ་ཤུགས་ཀྱིས་བསྟན་ཡོད། དེ་བཞིན་ཉེ་ལམ་ཕྱི་ཟླ་བརྒྱད་པའི་ནང་གློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་གྲྭ་དགེ་འདུན་གྲགས་པ་ལགས་ཀྱི་སྐོར་ཁོང་གི་ནང་མི་གཙོས་འབྲེལ་ཡོད་སུས་ཀྱང་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན་ཟླ་བ་གཉིས་ཀྱི་རྗེས་ནས་གཞི་ནས་ཁོང་གི་གནས་བབ་ཤེས་རྟོགས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཡོད་ན་ཡང་མུ་མཐུད་སུན་བཙེར་བྱེད་ཀྱི་ཡོད་པ་མ་ཟད་ས་གནས་སྲིད་གཞུང་ལས་ཁུངས་སུ་ཟླ་རེར་ཆར་ཅན་དུ་སོང་ནས་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་རེད། 

to top