རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཇུ་བཟུང་བཙན་ཁྲིད་བྱས་ནས་མི་ལོ་ ༢༩ འཁོར་བ།

དེ་རིང་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་དང་བཅས་པ་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སུ་བཅུག་ནས་མི་ལོ་ ༢༩ འཁོར་བའི་དུས་དྲན་དུ་འཁེལ་ཡོད། འདས་པའི་ ༢༩ རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་དང་སྤྱི་རྒྱལ་སྤྱི་ཚོགས། རྒྱལ་ཁབ་མང་པོའི་སྲིད་གཞུང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་རྒྱ་ནག་གཞུང་ལ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་བབ་སྐོར་གསལ་བཤད་ཡང་དག་དགོས་པ་དང་ཁོང་ཉིད་བཙོན་ལས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་དང་ལས་འགུལ་ཆགས་མེད་དུ་སྤེལ་ཡང་ད་བར་རྒྱ་གཞུང་གིས་ཁོང་གི་གནས་བབ་སྐོར་ལ་གསལ་བཤད་ཁུངས་བཙན་ཞིག་ཀྱང་བྱས་མེད་པ་ཤིན་ཏུ་བློ་ཕམ་པའི་རྒྱུ་ལས་མ་འདས། 

བོད་དུ་སྔ་མོ་ནས་༧རྒྱལ་པཎ་རྣམ་གཉིས་བར་ཕན་ཚུན་གྱི་ཡང་སྲིད་ངོས་འཛིན་གནང་སྲོལ་ཡོད་པའི་སྲོལ་རྒྱུན་ལམ་ལུགས་བཞིན་ཕྱི་ལོ ༡༩༩༥ ལོའི་ཟླ་ ༥ པའི་ཚེས་ ༡༤ ཉིན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ནག་ཆུ་ལྷ་རི་རྫོང་ནས་ཡིན་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གསལ་བསྒྲགས་མཛད་ཅིང་མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ། ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་ངོས་འཛིན་མཛད་པར་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་ཏེ་བོད་སྤྱི་དང་ལྷག་པར་དུ་རི་བོ་དགེ་ལུགས་པའི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ལམ་ལུགས་ལ་རྡོག་རོལ་བཏང་། 

ཡིད་སྐྱོ་བོ་ཞིག་ལ་ཉིན་གསུམ་ཙམ་ལས་མ་འགོར་བར་ཕྱི་ཟླ་ ༥ པའི་ཚེས་ ༡༧ ཉིན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཡབ་ཡུམ་དང་བཅས་པ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པས་དེ་ནས་བཟུང་འདས་པའི་མི་ལོ་ ༢༩ རིང་ཁོང་རྣམས་ཀྱི་གནས་བབ་ཤེས་རྟོགས་མི་ཐུབ་པར་གྱུར་ནས་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སུ་ལྷུང་། 


འཁྲུལ་མེད་ཡང་སྲིད་ཆེད་དུ་དཀའ་ཚེགས་ཡོད་ཚད་གདོང་ལེན་གནང་མཁན་གྱི་བྱ་བྲལ་རིན་པོ་ཆེ། 

རྒྱ་ནག་དམར་ཤོག་ཚོགས་པས་༧པཎ་ཆེན་སྐུ་ཕྲེང་གོང་མའི་སྐུ་འཁོར་ཉེ་ས་བྱ་བྲལ་རིན་པོ་ཆེ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོར་བསྐོས། རྒྱ་གཞུང་གིས་བསྐོ་བཞག་བྱས་མིན་ལ་མ་བལྟོས་པར་ཁོང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཅིག་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ལམ་ལུགས་གཞིར་བཟུང་ཡོང་ཐབས་སུ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་འབྲེལ་བརྒྱུད་ལམ་སོགས་བརྒྱུད་ནས་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དུ་ཡིག་འབྲེལ་གནང་། དེ་རིགས་ཀྱི་འཕྲིན་ཡིག་ཅིག་གི་ཕྱི་ལོ་ ༡༩༨༩ ལོའི་ ༡ པོའི་ཚེས་ ༣༡ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་དུ་སླེབས་ཡོད། 

དེ་བཞིན་བོད་གཞུང་སྐུ་ཚབ་ཚོགས་ཆུང་པེ་ཅིང་དུ་ཕེབས་སྐབས་ཀྱང་འབྲེལ་གཏུག་གནང་། ཕྱི་ལོ་ ༡༩༩༣ ལོའི་ཟླ ༧ པའི་ཚེས་ ༡༧ ཉིན་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དུ་པེ་ཅིང་ནས་གཞུང་འབྲེལ་སྙན་ཞུ་འབྱོར་བའི་ནང་དུ་སྲོལ་རྒྱུན་ལམ་ལུགས་གཞིར་བཟུང་༧གོང་ས་མཆོག་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གང་མགྱོགས་ངོས་འཛིན་གནང་རྒྱུའི་རེ་འདུན་བཏོན།  

བྱ་བྲལ་རིན་པོ་ཆེས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཆེད་༧གོང་ས་མཆོག་ལ་ཡང་ཡང་འབྲེལ་བ་གནང་བའི་རྐྱེན་གྱིས་གསང་ཆེན་བློ་བཟང་རྒྱལ་མཚན་སོགས་ཀྱིས་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོའི་གོ་གནས་ལེན་རྒྱུ་ཡིན་པའི་ཉེན་བརྡ་བཏང་། 

ཕྱི་ལོ་ ༡༩༩༥ ལོའི་རྒྱ་ནག་གི་སྲིད་གྲོས་ཚོགས་ཆེན་ཁར་བྱ་བྲལ་རིན་པོ་ཆེ་དང་བྱམས་པ་ཆུང་ལགས་གཉིས་ཀྱིས་རྒྱ་གཞུང་གི་ངོས་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་གླེང་གཞི་ལ་དགག་པ་བྱས་པས་དེའི་མཇུག་འབྲས་སུ་བྱ་བྲལ་རིན་པོ་ཆེར་འཇིགས་སྐུལ་ལན་མང་བྱས་ཤིང་བཟང་བཙོན་དུ་བཞུགས་དགོས་བྱུང་། ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་ ༡༧ ཉིན་བྱ་བྲལ་རིན་པོ་ཆེ་ཁྲེན་ཏུ་གྲོང་ཁྱེར་ནས་འཇུ་བཟུང་བྱས་ཏེ་པེ་ཅིང་དུ་བཙན་ཁྲིད་བྱས་ནས་བཟང་བཙོན་དུ་བཅུག ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༤ པའི་ཚེས་ ༢༡ ཉིན་བྱ་བྲལ་རིན་པོ་ཆེ་ལ་“ཁ་བྲལ་གྱི་ངན་ཇུས་བཤམས་པ་”དང་“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་”བྱས་པའི་ཉེས་མིང་འོག་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཆད་དང་ལོ་གསུམ་གྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག  

ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༧ པའི་ཚེས་ ༡༤ ཉིན་གཞིས་ཀ་རྩེ་ཆོས་ལུགས་ལས་དོན་ལྷན་ཁང་གིས་བྱ་བྲལ་རིན་པོ་ཆེ་སོགས་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་ཅིག་ཅིག་གནས་དབྱུང་བཏང་ནས་ཚབ་ཏུ་གསང་ཆེན་བློ་བཟང་རྒྱལ་མཚན་སོགས་བསྐོ་བཞག་བྱས། 

རྒྱ་ནག་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་དུ་ངོས་འཛིན་བྱས་པ།  

ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༡༡ པའི་ཚེས་ ༢༩ ཉིན་རྒྱ་གཞུང་གིས་རང་གི་ཆབ་སྲིད་ཀྱི་དགོས་དམིགས་འགྲུབ་ཆེད་དུ་རྒྱལ་མཚན་ནོར་བུ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས།  རྒྱ་ནག་གི་ཐག་གཅོད་དེར་བོད་ནང་གི་བོད་མི་ཚོ་གཙོས་པའི་ཕྱི་ནང་གཉིས་ནས་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན་ངོ་རྒོལ་དང་སྐྱོན་བརྗོད་འགོག་ཐབས་སུ་ཧ་ཅང་དམ་དྲག་ཅན་གྱི་བྱ་ཐབས་སྣ་མང་སྤེལ་ཏེ་བོད་མི་སྐྱ་སེར་མང་པོ་བཙོན་དུ་བཅུག  རྒྱ་ནག་གིས་བོད་ཀྱི་ཆོས་ལུགས་དད་མོས་ལ་རྡོག་རོལ་ཚབས་ཆེན་བཏང་སྟེ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱང་བཙོན་དུ་བཅུག་ནས་ཚབ་བསྐོས་ཡོང་བའི་སྐྱོ་གར་ལ་གཟིགས་བཟོད་མེད་པར་ཨྲཅྱ་རིན་པོ་ཆེ་མཆོག་བྲོས་བྱོལ་དུ་ཕེབས་ཡོད། ཁོང་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སྐབས་སུ་རྒྱ་གཞུང་གིས་ངན་ཇུས་ཇི་ཙམ་བཤམས་ཡོད་མེད་གསལ་པོར་བདེན་དཔང་གནང་ཡོད་པ་འདི་ན་གསལ། 

ཕྱི་ལོ་ ༡༩༩༦ ལོའི་ཟླ་ལྔ་པའི་ནང་དུ་རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་གི་ཕ་མའི་ཐུགས་རེ་ལྟར་“ཁ་བྲལ་བའི་བཙན་ཁྲིད་”ལས་སྐྱོབ་ཕྱིར་དུ་གསང་ཉར་བྱས་ཡོད་ཚུལ་བརྗོད།

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པའི་ཚེས་ ༦ ཉིན་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་ཟེར་བའི་ལས་བྱེད་ནོར་བུ་དོན་འགྲུབ་ཀྱིས་གསར་འགོད་པར་ལན་འདེབས་བྱས་པའི་ནང་དུ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་རྒྱུན་ལྡན་གྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་རོལ་བཞིན་ཡོད་ཚུལ་དང་། ཁོང་ལ་རིག་གནས་སློབ་སྦྱོང་ཐོབ་ཡོད་པ་དང་ཁུ་སུམ་པའི་འཚོ་བ་ཞིག་བསྐྱལ་འདོད་ཡོད་ཚུལ་སོགས་བརྗོད་ཡོད།   

འོན་ཀྱང་ཁོང་དང་ཁོང་གི་ཡབ་ཡུམ་གཉིས་ཀྱི་སྐོར་ལ་མི་གཅིག་ལ་རྒྱུས་ལོན་བྱེད་དུ་མི་འཇུག་པ་མ་ཟད་ཁོང་གི་ད་ལྟ་གནས་བབ་མཚོན་བྱེད་ཀྱི་བརྙན་པར་དང་བདེན་དཔང་དུ་བརྩི་བར་འོས་པའི་གནས་ཚུལ་གཅིག་ཀྱང་བཏོན་མེད་པར་བརྟེན་གོང་དུ་བཤད་པའི་སྐད་ཆ་མཐའ་དག་དོགས་གཞི་ཅན་ཞིག་ཡིན་པ་སྨྲོས་མེད་རེད།  

རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྔ་རྗེས་བར་གསུམ་དུ་རེ་འབོད་དང་ཞུ་སྐུལ་ཇི་ཙམ་བྱས་མིན་ལ་མ་བལྟོས་པར་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནད་དོན་ཐད་རྒྱ་གཞུང་གིས་ད་བར་ཡིད་ཆེས་འཕེར་བའི་གསལ་བཤད་གཅིག་རྩ་ནས་བྱས་མེད་པ་མ་ཟད་རྒྱ་གཞུང་རང་གིས་བསྐོས་པའི་རྒྱལ་མཚན་ནོར་བུ་གང་དུ་སྐྱོད་ཀྱང་དེར་བོད་མི་ཚོ་ཕེབས་བསུར་བཅར་དགོས་པའི་བཙན་བཀའ་བཏང་བ་དང་ཕེབས་བསུ་བཅར་མཁན་ཚོར་དངུལ་སྤྲོད་པ་སོགས་ཧ་ཅང་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཐ་ཤལ་མང་དག་རྩོམ་བཞིན་པ་དེས་རྒྱ་གཞུང་གིས་བོད་མིའི་དད་འདུན་རྡོག་རོལ་བཏང་ཡང་ཆབ་སྲིད་ཀྱི་དམིགས་ཡུལ་ཇི་བཞིན་འགྲུབ་ཀྱི་མེད་པ་གསལ་པོ་མཚོན་ཡོད། 

༧རྒྱལ་བ་པཎ་ཆེན་རྣམ་གཉིས་ནི་བོད་བརྒྱུད་ནང་བསྟན་དང་ལྷག་པར་དུ་རི་བོ་དགེ་ལུགས་པའི་བླ་ཆེན་རྣམ་གཉིས་ཡིན་ཞིང་ལོ་ངོ་བརྒྱ་ཕྲག་གི་རིང་ལ་ཕན་ཚུན་གྱི་ཡང་སྲིད་ངོས་འཛིན་གནང་བའི་ལམ་སྲོལ་དར་ཡོད། རྒྱ་ནག་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་དུ་བཅུག་ནས་ཚབ་བསྐོས་པ་དེ་ཡི་ཕུགས་ཀྱི་འཆར་གཞི་གཞན་ཞིག་ནི་༧རྒྱལ་བའི་ཡང་སྲིད་ལ་ཐེ་ཇུས་བྱ་རྒྱུ་བསམ་བློ་ཡོད་པ་ཡིན།  

༧པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་དྲུག་གི་སྐབས་ནས་འཇུ་བཟུང་བཙན་ཁྲིད་བྱས་ནས་བཙན་དབང་འོག་གར་སོད་ཆ་མེད་ཀྱི་གནས་སུ་བཅུག་པ་ནི་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིགས་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཁག་དང་ཡོངས་སུ་འགལ་བའི་ནག་ཉེས་ཚབས་ཆེན་ཞིག་ཡིན། 

རྒྱ་ནག་གཞུང་གིས་ནག་ཉེས་གསོག་མཁན་གྱི་ཉེས་ཅན་མ་གཏོགས་གསང་བའི་བཀག་ཉར་དང་བཙན་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སུ་སྐྱེལ་གྱི་མེད་ཚུལ་བཤད་ཀྱང་དོན་དངོས་ཐོག་༧པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་མི་བརྒྱ་ཕྲག་མང་པོ་ཁྲིམས་ཀྱི་བརྒྱུད་རིམ་གང་ལའང་མ་བསྟུན་པར་བཙན་ཁྲིད་དང་གསང་བའི་བཀག་ཉར་བྱས་དང་བྱེད་མུས་ཡིན། 

༧པཎ་ཆེན་རིན་པོ་ཆེ་ད་ལོ་དགུང་གྲངས་ ༣༥ སོན་ཡོད་པས་ཁོང་གིས་རྒྱུན་ལྡན་གྱི་འཚོ་བ་སྤྲོ་སྣང་ལྡན་པ་ཞིག་རོལ་བར་རྒྱ་ནག་གཞུང་གིས་རོགས་རམ་རྩ་ནས་དགོས་དོན་མེད། དེ་ནི་ཁ་གཡར་ས་ཙམ་ལས་དོན་དུ་ཁོང་ཉིད་རང་དབང་མེད་པར་བཙན་དབང་འོག་གནས་པ་མཚོན་ངེས་ཤིང་བོད་མིའི་ཆོས་ལུགས་དད་མོས་རང་དབང་ལ་རྒྱ་གཞུང་གིས་མངོན་སུམ་འཛེམ་མེད་དུ་རྡོག་རོལ་བཏང་བ་མཚོན་ཐུབ།  

དེར་བརྟེན་འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་བཙན་འོག་གི་གསང་བའི་བཀག་ཉར་ལས་མྱུར་དུ་གློད་དགོས་པ་དང་ཁོང་དང་ཁོང་གི་ཡབ་ཡུམ་གཉིས་ཀྱི་གནས་བབ་ཐད་རང་དབང་ལྡན་པའི་ཞིབ་འཇུག་རུ་ཁག་ཅིག་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བསྐྲུན་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།