རྒྱ་གཞུང་གིས་རིམས་ནད་བཀག་བསྡོམས་འོག་ནང་ཆེན་བཀྲ་ཤིས་ཀྱི་ཚ་བོའི་ཚེ་སྲོག་ཕྲོག་འདུག 

རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་བཅུ་གཅིག་གི་ནང་ནས་དམ་དྲག་ཤིན་ཏུ་ཆེ་བའི་རིམས་ནད་གཙང་དག་གི་སྲིད་ཇུས་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་རྣམ་འགྱུར་བསྟན་ཡང་དེའི་རྗེས་སུ་མུ་མཐུད་བོད་མི་མང་པོས་བཀག་བསྡོམས་འོག་མནར་གཅོད་མྱངས་ཡོད། ཡུལ་ཤུལ་ནང་ཆེན་གྱི་རང་ལོ་ ༥༨ ཡས་མས་ཡིན་པའི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་ནང་ཆེན་བཀྲ་ཤིས་ནི་རྒྱ་ནག་གི་རིམས་ནད་བཀག་བསྡོམས་འོག་མནར་གཅོད་ཐེབས་མཁན་གསར་ཤོས་ཀྱི་གྲས་ཤིག་ཡིན། 

ཡུལ་ཤུལ་གྲོང་ཁྱེར།

ཉེ་ལམ་ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་གྱི་མཚན་མོར་ཡུལ་ཤུལ་གྲོང་ཁྱེར་རིམས་ནད་སྔོན་འགོག་ལས་ཁུངས་ཀྱིས་ནང་ཆེན་བཀྲ་ཤིས་ཀྱི་ནང་མི་ཚང་མར་རིམས་ནད་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ན་ཡང་རིམས་ནད་ཕོག་ཡོད་པའི་བརྡ་འབྱོར་ནས་ཟུར་བཀག་ཁང་དུ་བཙན་གྱིས་ཁྲིད་ཡོད་པ་དང་། ཉིན་འགའི་རྗེས་སུ་ལོ་ན་གཉིས་ལ་སོན་པའི་ནང་ཆེན་བཀྲ་ཤིས་ཀྱི་ཚ་བོ་ལ་རིམས་ནད་ཕོག་ནས་ཁ་ལུད་ཡང་ཡང་བསགས་ཏེ་དབུགས་གཏོང་དཀའ་བའི་ཚོད་དུ་སླེབས་སྐབས་སྨན་པར་བསྟེན་ཐབས་བྱས་ཀྱང་། རིམས་ནད་ལ་ཁག་གཡར་ནས་ཕྱིར་མ་བཏང་བ་མ་ཟད་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མ་སྦྱར་བར་ཉིན་འགར་ལྷག་རྗེས་ཕྲུ་གུའི་ཚེ་སྲོག་ཤོག་འདུག 

སྨན་བཅོས་མ་རག་པར་ལོ་གཉིས་ཅན་གྱི་ཕྲུ་གུའི་ཚེ་སྲོག་ཤོར་བ། 

ཕྱི་ཟླ་ ༡༢ པའི་ཚེས་ ༦ ཉིན་ཟུར་བཀག་ཁང་མིག་ ༡༣༡ ནས་ ༡༧༦ བར་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་ནང་ཆེན་བཀྲ་ཤིས་ཀྱིས་“ཁ་སྔོན་ཕྱི་ཚེས་ ༣༠ ཉིན་རང་གི་ཁྱིམ་མི་གང་པོ་ནད་ཚ་མེད་བཞིན་དུ་ཟུར་བཀག་ཁང་དུ་ཁྲིད་སོང་། ཟུར་བཀག་ཁང་དུ་ངའི་བུ་མོའི་ཕྲུ་གུ་ལོ་གཉིས་ཅན་པ་དེར་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སུ་གྱུར་སྐབས་ཁ་པར་བཏང་ནས་སྨན་པར་སྟོན་དུ་ཁྲིད་རོགས་ཞེས་རེ་བ་བྱས་ཀྱང་འགོ་ཁྲིད་ཚོས་ཁྲིད་རོགས་མ་བྱས་པར་ཕྲུ་གུ་ཤི་ཤོར་སོང་།  ཚོུད་ཧ་ཅང་མང་པོ་འགོར་འགྱངས་བྱས་སོང་། དེ་ཚོ་སྒང་གི་བཀའ་རེད་འདུག ཞབས་འོག་ལས་བྱེད་ཚོ་ཡང་སྒང་གི་འགོ་ཁྲིད་ཚོའི་གཉེན་ཉེ་དང་དགའ་ས་ཤ་སྟག་རེད་འདུག  ཁ་ནས་རྒྱལ་ཁབ་རྒྱལ་ཁབ་ཟེར་བ་མ་གཏོགས་ལས་ཀ་བྱེད་སྟངས་དེ་འདྲ་རེད་འདུག

ནང་ཆེན་བཀྲ་ཤིས་ཀྱིས་ཡུལ་ཤུལ་རིམས་ནད་ཟུར་བཀག་ཁང་གི་སྐད་འཕྲིན་ཚོགས་པའི་ནང་གནས་ཚུལ་ཇི་བཞིན་བཤད་པ།

ཁྱིམ་དུ་ནད་མེད་ནའང་སྨན་ཁང་དུ་ཁྲིད་རྗེས་རིམས་ནད་ཕོག་ཡོང་གི་འདུག  བྱིས་པ་དང་རྒན་རྒོན་ཚོས་དམིགས་བསལ་གཟབ་གཟབ་དགོས་ས་རེད། ང་ནང་ཆེན་བཀྲ་ཤིས་ཀྱིས་དམངས་ཚོགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ཕར་བཤད་དུས་ཆབ་སྲིད་པ་དེ་ཚོས་ང་རྐུན་མ་རེད། ཁྲམ་པ་རེད་ཅེས་ཚུར་བཤད་ཀྱི་ཡོད་རེད། རང་ཉིད་ལ་མཚོན་ན་སྤྱི་ཚོགས་ལ་ཕན་ཐོགས་མ་ཐུབ་ནའང་གནོད་ནམ་ཡང་མི་བསྐྱལ་བའི་བསམ་བློ་ཡོད། དམངས་ཚོགས་ལ་དེ་འདྲ་དཀའ་ངལ་འཕྲད་ཡོང་དུས་ཅུང་ཙམ་བཤད་དགོས་ཐུག་སོང་།

རིམས་ནད་སྔོན་འགོག་གི་འགོ་འཛིན་ཉི་མ་བཀྲ་ཤིས་དང་གྲོང་ཁྱེར་འགོ་དཔོན། རྒྱ་འགོ་ཁྲིད་དེ་ཚོས་རང་གི་གོ་གནས་དང་མི་རིགས་དབྱེ་འབྱེད་མ་གཏོགས་དམངས་ཚོགས་ཀྱིས་སྡུག་བསྔལ་བཤད་ན་ཕན་ཐོགས་མི་འདུག དེ་ཚོས་དམངས་ཚོགས་ལ་འཇིགས་སྐུལ་བྱེད་པ་དང་ལྟ་སྟངས་ངན་པ་འཛིན་རྒྱུ་བཞག་ནས་དམངས་ཚོགས་ཀྱི་བདེ་སྡུག་ལ་ལྟ་རྟོགས་ཡག་པོ་བྱེད་དགོས་ས་རེད། དེ་ཚོས་ཀྲུང་དབྱང་གི་སྲིད་ཇུས་ལ་རྒྱབ་འགལ་བྱེད་ཀྱི་འདུག གོང་རིམ་གྱི་རྒྱ་བོད་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ཆེད་བསམ་བློ་གཏོང་རོགས།  ང་ལ་མཚོན་ན་དེ་སྔ་དཀའ་ལས་མང་པོ་མྱངས་ཚར། རྗེས་མའང་དཀའ་ལས་མྱོང་གི་རེད། ཡིན་ན་ཡང་སྐྱོན་མི་འདུག  ངས་སྡུག་བསྔལ་ཚང་མ་དམངས་ཚོགས་ལ་བཤད་ཡོད།”ཅེས་པ་སོགས་བཤད་འདུག

ནང་ཆེན་བཀྲ་ཤིས་ཀྱི་བུ་མོ་གཡང་འཛོམས།

ཡང་ཛ་དྲག་གི་གནད་དོན་དེའི་ཐད་ནང་ཆེན་བཀྲ་ཤིས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་གནས་ཚུལ་ཞིག་རྩོམ་པ་པོ་ཚེ་རིང་འོད་ཟེར་སོགས་ཀྱིས་བརྒྱུད་འགོད་བྱས་པའི་ནང་དུའང་ཉེ་ལམ་ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་གྱི་མཚན་མོར་ཡུལ་ཤུལ་གྲོང་ཁྱེར་རིམས་ནད་སྔོན་འགོག་ལས་ཁུངས་ཀྱིས་ནང་ཆེན་བཀྲ་ཤིས་ཀྱི་ནང་མི་ཚང་མར་རིམས་ནད་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ན་ཡང་རིམས་ནད་ཕོག་ཡོད་པའི་བརྡ་འབྱོར་ནས་ཟུར་བཀག་ཁང་དུ་བཙན་གྱིས་ཁྲིད་ཡོད་པ་དང་། ཉིན་འགའི་རྗེས་སུ་ལོ་ན་གཉིས་ལ་སོན་པའི་ཕྲུ་གུ་ལ་རིམས་ནད་ཕོག་ནས་ཁ་ལུད་ཡང་ཡང་བསགས་ཏེ་དབུགས་གཏོང་དཀའ་བའི་ཚོད་དུ་སླེབས་སྐབས་སྨན་པར་བསྟེན་ཐབས་བྱས་ཀྱང་། རིམས་ནད་ལ་ཁག་གཡར་ནས་ཕྱིར་མ་བཏང་བ་མ་ཟད་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མ་སྦྱར་བར་ཉིན་འགའ་ལྷག་འདུག  མཐར་ཕྲུ་གུའི་ཨ་མ་འུ་ཐུག་སྟེ་ཕྲུ་གུ་ཁུར་ནས་སྨན་ཁང་དུ་འགྲོ་ཐབས་བྱས་ཀྱང་ཟུར་བཀག་ཁང་གི་སྒོ་ཁར་སླེབས་དུས་དོ་དམ་པས་བཀག་ནས་གོང་རིམ་ལ་ཡར་ཞུ་བྱེད་དགོས་པ་དང་གོང་རིམ་གྱི་བཀའ་མེད་ན་ཁོང་ཚོས་རོགས་རམ་ཅི་ཡང་བྱེད་མི་ཐུབ་ཚུལ་བཤད་འདུག ཕྲུ་གུའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་ཡང་དོ་དམ་པས་འགོར་འགྱངས་བྱས་པ་མ་ཟད་མྱུར་སྐྱོབ་རླངས་འཁོར་ ༡༢༠ ལ་ཁ་པར་ཙམ་ཡང་རྒྱག་རོགས་བྱས་མི་འདུག

ནང་ཆེན་བཀྲ་ཤིས་ཀྱིས་ཕྱི་ལོ་ ༢༠༠༥ ཡས་མས་སུ་ཡུལ་ཤུལ་གྲོང་ཁྱེར་གྱི་དམར་སྲུང་ལམ་དུ་འབོད་པའི་སུམ་མདོ་རུ་རྒྱ་སྒོར་ཁྲི་ ༣༠༠༠ ལྷག་གི་མ་རྩ་བཏང་ནས་ས་ཉོས་ཤིང་དེར་“འཛམ་གླིང་ཞི་བདེ”ཟེར་བའི་མགྲོན་ཁང་དང་གླ་ཁང་། རང་གི་སྡོད་ཁྱིམ། ཚོང་ཁང་དང་ཟ་ཁང་སོགས་ཀྱི་ཁང་མིག་མང་པོ་བརྒྱབས་པ་རེད།  ༢༠༠༨ ལོར་ཁོང་གི་ཚོང་ལས་ལ་གྱོང་གུད་ཐེབས་ཏེ་བུ་ལོན་འོག་ལྷུང་།

ནང་ཆེན་བཀྲ་ཤིས་ལ་སྔོན་ཆད་ཀྱང་བརྙས་བཅོས་ལན་མང་བཏང་། 

ཕྱི་ལོ་ ༢༠༡༠ ལོའི་ཡུལ་ཤུལ་ས་འགུལ་སྐབས་དམངས་ཚོགས་ཀྱི་ཆེད་དུ་ཁོས་སྐད་ཆ་བཤད་པར་བརྟེན་ཟླ་བ་གསུམ་ཙམ་གྱི་རིང་ལ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར། ཕྱིས་སུ་ཁོས་མི་མང་ལ་“ངན་སྐུལ་”གཏོང་བར་བསྙད་ནས་རྒྱ་གཞུང་གིས་ཆབ་མདོའི་བཀག་ཉར་ཁང་ཞིག་ཏུ་བཅུག་ནས་རྡུང་རྡེག་དང་མནར་གཅོད་འདྲ་མིན་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ པའི་ ༡༢ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༢ སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་སྐབས་དང་བསྟུན་ནས། མི་སྐོར་ཞིག་ཁྱིམ་ནང་འཛུལ་ཡོང་ནས་ཁང་པ་གཏོར་ཞིག་བྱ་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་པས། བཟའ་ཟླ་བོད་བདེ་དང་། བུ་ཤེས་རབ་རྡོ་རྗེ་དང་། བུ་བསོད་ནམས་སྟོབས་རྒྱལ། བུ་མོ་གཡང་འཛོམས་བཅས་བསྡོམས་པས་ཁྱིམ་མི་བཞི་འཇུ་བཟུང་བྱས། དེའི་རྗེས་སུ་ནང་ཆེན་བཀྲ་ཤིས་ཀྱང་དུས་ཡུན་རིང་པོར་གང་སོང་ཆ་མེད་དུ་གྱུར། 

ཉེ་ལམ་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་ཡི་གེ་ལྟར་ན་སྐབས་དེར་ཁོང་ཚོའི་ཁང་པ་དང་ས་ཆ་ཡོངས་སུ་བཙན་འཕྲོག་བྱས་ཡོད་པ་མ་ཟད་བཀག་ཉར་སྐབས་སུ་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་ཁོང་གི་ནུ་བོ་དབང་པོ་སྐྱོན་ཅན་བཟོས་ཡོད་པ་དང་། ད་བར་ཁོང་ཚོར་ཁང་པ་གསར་རྒྱག་ཆོག་པའི་ཆོག་མཆན་ཡི་གེ་སྤྲད་མེད་པ་སོགས་གནས་སྟངས་ཤིན་ཏུ་ཡ་ང་བར་ལྷུང་བ་གསལ། 

ཡུལ་ཤུལ་སྲིད་གཞུང་གིས་དམངས་ཚོགས་ཀྱི་ཆེད་དུ་བདེ་སྡུག་ཤོད་མཁན་དང་འགོ་ཁྲིད་ངན་པའི་བྱ་སྤྱོད་ཐེར་འདོན་བྱེད་མཁན་གྱི་ནང་ཆེན་བཀྲ་ཤིས་ལ་འདི་ལྟར་སྒེར་ནད་དང་འཁོན་སེམས་བཅངས་ཏེ་སྔ་གཞུག་བར་གསུམ་དུ་འཇུ་བཟུང་བཀག་ཉར་དང་རྡུག་རྡེག་མནར་གཅོད། རྒྱུ་ནོར་བཙན་འཕྲོག་བྱེད་པ་སོགས་བརྙས་བཅོས་ཚད་མེད་བཏང་དང་གཏོང་བཞིན་པ་ནི་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བ་ཡིན། ལྷག་པར་དུ་ཉེ་ལམ་ཡང་རིམས་ནད་ཀྱི་མིང་ཐོག་ནས་བཙན་བཀག་བྱས་ཏེ་ལོ་གཉིས་ལ་སོན་པའི་ཁོང་གི་ཚ་བོའི་ཚེ་སྲོག་ཤོར་དུ་བཅུག་པ་འདི་དག་ཐམས་ཀྱི་འགན་འཁྲི་ཡོད་ཚད་ཡུལ་ཤུལ་སྲིད་གཞུང་ལ་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་ལ་བརྩེས་ཏེ་ཡུལ་ཤུལ་སྲིད་གཞུང་གི་རུལ་སུངས་ཅན་གྱི་འབྲེལ་ཡོད་དཔོན་རིགས་ཚོར་ཐག་གཅོད་ནན་པོ་བྱ་དགོས་ཤིང་ནང་ཆེན་བཀྲ་ཤིས་ལ་ཚུལ་བཞིན་གུད་གསབ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top