རྒྱ་གཞུང་གིས་ཚེ་རིང་མཚོ་ལགས་སུ་བརྙས་བཅོས་གཏོང་མཚམས་འཇོག་དགོས།

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༡ པའི་ཚེས་ ༡༢ ཉིན་མདོ་སྨད་ཁྲི་ཀ་རྫོང་ནས་ཡིན་པའི་ཚེ་རིང་མཚོ་ལགས་ཀྱིས་དྲྭ་ལམ་དུ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་སྤེལ་བར་བསྙད་དེ་རྒྱ་གཞུང་ཉེན་རྟོག་པས་ཁོ་མོ་ཟི་ལིང་གྲོང་ཁྱེར་ནས་འཇུ་བཟུང་བྱས་རྗེས་ཁྲི་ཀ་རྫོང་བཀག་ཉར་ཁང་དུ་ཉིན་གྲངས་ ༡༠ རིང་བཅུག  བཀག་ཉར་ཁང་དུ་བཅུག་པའི་རིང་ཉིན་ལྟར་ཟས་སུ་ཆུ་རྐྱང་དང་རླངས་བཙོས་བག་ལེབ་ཙམ་ལས་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་བཏང་ཡོད་པ་མ་ཟད། ཉེན་རྟོག་པས་རྟག་ཏུ་ཁོང་མོ་དང་ལོ་ན་ ༨༠ སོན་པའི་ཁོང་མོའི་ཕ་རྒན་སོགས་ཁྱིམ་མི་ཡོངས་ལ་འཇིགས་སྐུལ་ཡང་ཡང་བྱས་པའི་གནས་ཚུལ་བྱུང་ཡོད། 

འཇུ་བཟུང་བཀག་ཉར་འོག་ཚུད་པའི་ཚེ་རིང་མཚོ་ལགས་ཀྱི་འདྲ་པར།

རྒྱ་གཞུང་ཉེན་རྟོག་པས་ཁྲིམས་འགལ་ཐོག་ཚེ་རིང་མཚོ་ལགས་འཇུ་བཟུང་བཀག་ཉར་བྱས་པར་དེར་ཁོ་རང་གི་འདི་ལྟར་གསུངས་འདུག “ཐེངས་འདིར་རྒྱུ་མཚན་གསལ་ཁ་གང་ཡང་མེད་པའི་ཐོག་ནས་ང་འཛིན་བཟུང་བྱས་པ་རེད། ཁོང་ཚོས་རྒྱུན་དུ་ང་འཛིན་བཟུང་བྱེད་འདོད་ཡོད་ནའང་ཁག་འགེལ་ས་ཞིག་རྙེད་གི་མེད་པ་རེད། ད་ཐེངས་ང་ཐའེ་ལན་ཌི་ནས་ཕྱིར་འབྱོར་བ་ནས་བཟུང་ཁོང་ཚོས་འཛིན་བཟུང་བྱེད་རྩིས་ཡོད་པའི་ཚོར་སྣང་ཞིག་བྱུང་། ང་གཱང་ཌའོ་(Guangzhou) ལ་ནད་ཡམས་དང་འབྲེལ་ནས་ཟུར་བཀག་བྱེད་སྐབས་ནས་ཁོང་ཚོས་ང་འཛིན་བཟུང་བྱེད་ཐབས་བྱས་ཡོད་སྲིད་པ་ཞིག་རེད། མཐའ་མར་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ངས་སྐད་འཕྲིན་ནང་གནས་ཚུལ་གཉིས་བཀོད་པ་ལ་བརྟེན་ནས། རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ཏེ་ཉིན་གྲངས་ ༡༠ རིང་བཀག་ཉར་བྱས་པ་རེད། དོན་དངོས་སུ་དོན་ཚན་གང་ཞིག་རྒྱལ་ཁབ་བདེ་འཇགས་དང་འགལ་ཡོད་པ་ཤེས་ཀྱི་མི་འདུག་”ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཐེངས་འདིར་ཚེ་རིང་མཚོ་ལགས་རྒྱ་ནག་གི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ ༢༦ པའི་ནང་གསེས་ ༤ བ་དང་འགལ་བའི་བསྙོན་འཛུགས་བྱས་ཤིང་། བཅའ་ཁྲིམས་དེའི་ནང་དུ་རྒྱ་གཞུང་གིས་ “ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་” ཅེས་གསལ་ཁ་ཅི་གང་མེད་པའི་ཆ་རྐྱེན་བཏོན་འདུག སྐབས་དེར་རྒྱ་གཞུང་གིས་ཚེ་རིང་མཚོར་དུས་ཡུན་ཉིན་ ༡༠ ཡི་སྲིད་འཛིན་བཀག་བསྐྱིལ་དང་རྒྱ་སྒོར་ཆིག་སྟོང་གི་ཉེས་ཆད་བཙན་འགེལ་བྱས་འདུག

ཉེན་རྟོག་ལས་ཁུངས་ཀྱིས་ཚེ་རིང་མཚོ་ལ་སྤྲད་པའི་བརྡ་སྦྱོར།

ཡིན་ནའང་རྒྱ་གཞུང་གིས་ཚེ་རིང་མཚོས་འཕྲིན་ཕྲན་ནང་“རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི”ཁྲིམས་འགལ་བསྒྲགས་ཡིག་ག་རེ་སྤེལ་ཡོད་མེད་གསལ་བཤད་བྱས་མི་འདུག རྒྱལ་ཁབ་བདེ་འཇགས་དོ་དམ་སྲིད་ཇུས་ཟེར་བ་དེའི་དམིགས་འབེན་གཙོ་བོ་དམར་ཤོག་ཚོགས་པའི་སྲིད་དབང་གཅིག་སྡུད་སྒེར་གཅོད་རྒྱུན་སྐྱོང་དང་སྤྱི་དམངས་ཀྱི་སྐྱོན་བརྗོད་འགལ་བ་འགོག་སྡོམ་བྱེད་ཐབས་ཤིག་རེད།

སྲིད་ཇུས་འདིའི་འོག་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བོད་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་སྤྱི་མང་ཚོགས་སྡེ་ཁག་གི་ལས་འགུལ་བ་ཚང་མ་འཛིན་བཟུང་བཀག་བསྐྱིལ་དང་མནར་གཅོད་གཏོང་བ། གར་སོང་ཆ་མེད་བཟོ་བཞིན་ཡོད། རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་སྲིད་ཇུས་ཟེར་བ་གལ་འགངས་ཆེན་པོར་འཛིན་པ་ཡིས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡབ་གསིག་ཚབས་ཆེན་ཐེབས་ཀྱི་ཡོད། སྲིད་ཇུས་དེ་ནི་བོད་ནང་དུ་ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་ཁྲིམས་མཐུན་བཟོ་ཐབས་ཤིག་ཡིན་པས། རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱལ་ཁབ་བདེ་འཇགས་ཟེར་བ་དེ་ “གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་” གི་ངོ་བོར་སྒྱུར་ཐབས་བྱེད་བཞིན་པ་ངེས་པར་དུ་མཚམས་འཇོག་དགོས།

to top