རྒྱ་གཞུང་གིས་ནུབ་གློག་ཤར་འདྲེན་ཆེད་བོད་དུ་ཆུ་མཛོད་ཆེ་ཁག་མང་པོ་བརྒྱབས་ནས་བོད་མི་ཚོ་ཡུལ་ཕུད་གཏོང་བཞིན་པ་མཚམས་འཇོག་དགོས།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་སོགས་ནས་རྒྱུས་ལོས་བྱས་པ་ལྟར་ན་ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་རྒྱ་ནག་ཤར་ཕྱོགས་ཀྱི་བཟོ་ལས་གྲོང་ཁྱེར་ཁག་གི་གློག་གི་དགོས་མཁོ་གཙོ་བོར་དམིགས་ནས་“ནུབ་གློག་ཤར་འདྲེན་West-East Power Transmission Programme”ཞེས་པའི་ལས་གཞིའི་ཁྲོད་འབྲི་ཆུའི་སྟོད་རྒྱུད་གཙོས་བོད་ཀྱི་ཆུ་བོ་ཆེ་ཁག་ལ་གློག་འདོན་ཆུ་མཛོད་ཆེ་ཁག་ཧ་ཅང་མང་པོ་བརྒྱབས་དང་རྒྱག་མུས་ཁྲོད་བོད་མི་སྟོང་ཕྲག་མང་པོ་བཙན་ཤེད་ཀྱི་སྒོ་ནས་ཡུལ་ཕུད་གནས་སྤོ་བྱས་ཡོད་པ་ཤེས་རྟོགས་བྱུང་།  

ཉེ་ལམ་བོད་མི་ཚོས་ལོ་གསར་གཏོང་བཞིན་པའི་དུས་སྐབས་དང་བསྟུན་ནས་རྒྱ་གཞུང་གིས་འབྲི་ཆུའི་སྟོད་རྒྱུད་སྐམ་ཐོག་གློག་འདོན་ཆུ་མཛོད་ཀྱི་ལས་གཞི་མཇུག་སྐྱོང་ཆེད་ཁམས་སྡེ་དགེ་དང་འཇོ་མདའ་རྫོང་གཉིས་ཀྱི་འབྲེལ་མཚམས་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཡེ་ན་དགོན་པ་དང་། དབོན་སྟོད་དགོན་པ། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་པ་བཅས་དགོན་ཁག་དྲུག་དང་། དབོན་སྟོད་གྲོང་ཚོ་དང་ཞེ་པ་གྲོང་ཚོ་སོགས་གྲོང་ཚོ་ཁག་ཅིག་གནས་སྤོ་དགོས་པའི་བཙན་བཀའ་བཏང་འདུག རྒྱ་གཞུང་གིས་བོད་མི་ཚོ་འདྲོགས་མགོ་མི་སློང་བའི་ཆེད་དུ་བསམ་བཞིན་དུ་བཀོད་ཁྱབ་འདི་བོད་ཀྱི་ལོ་གསར་དང་བསྟུན་ནས་ཕྱིར་བསྒྲགས་བྱས་པ་ཡིན་ཤས་ཆེ་ཡང་ལོ་གསར་ཚེས་པ་ལྔ་སྟེ་ཕྱི་ཚེས་ ༡༤ ཉིན་སྡེ་དགེ་རྫོང་ཐོག་ཏུ་བོད་མི་ ༣༠༠ ཡས་མས་ཤིག་བསྡུ་འཛོམས་བྱས་ཏེ་གནས་སྤོའི་ལས་གཞི་ཕྱིར་འཐེན་བྱ་རྒྱུའི་རེ་འབོད་ཤུགས་ཆེར་བྱས་འདུག ཕྱི་ཚེས་ ༢༡ ནས་སྡེ་དགེ་རྫོང་ཐོག་དང་དབོན་པོ་སྟོད་སོགས་སུ་དྲག་ཆས་ཉེན་རྟོག་མི་སྣ་ཕོན་ཆེན་འབྱོར་ནས་དབོན་སྟོད་དགོན་གྱི་ལས་སྣེ་དང་མི་མང་གི་འཐུས་ཚབ་ལ་གྲོས་བསྡུར་བྱ་རྒྱུ་ཡིན་ཚུལ་བཤད་ནས་འབོད་འགུག་བྱས་རྗེས་བཀག་ཉར་བྱས་ཡོད་པ་མ་ཟད་ཕྱི་ཚེས་ ༢༢ ཉིན་ལའང་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་ས་གནས་མི་མང་ཕོན་ཆེན་འཇུ་བཟུང་བྱས་འདུག་ཅིང་ཉེན་རྟོག་པས་ཞུ་འབོད་གནང་མཁན་ཚོར་སུར་ཆུ་དང་གློག་ཤུགས་མེ་མདའ་སོགས་སྤྱད་པས་མི་མང་པོ་རྨས་སྐྱོན་བྱུང་ནས་སྡེ་དགེ་རྫོང་གི་སྨན་ཁང་དུ་མྱུར་སྐྱོབ་བྱེད་དགོས་ཐུག་པའི་གནས་ཚུལ་ཐོན་འདུག དེ་བཞིན་ཕྱི་ཚེས་ ༢༤ ཉིན་ཡང་བསྐྱར་ཞུ་འབོད་གནང་མཁན་མང་པོར་རྡུང་རྡེག་བཏང་བ་དང་ཁྱོན་ཞུ་འབོད་པ་ ༡༠༠༠ ལྷག་ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། བཀག་ཉར་འོག་ཚུད་པའི་དམངས་ཚོགས་རྣམས་ལ་ཟས་གོས་མ་རག་པའི་དཀའ་ངལ་ཆེན་པོ་འཕྲན་བཞིན་པ་གསལ་འདུག 

གཡས་པ་ཐང་ཆུ་མཛོད་ལས་གཞི་འགྲོ་བཞིན་པ། (༢༠༢༣ ཟླ་ ༣)

འདི་ག་ལྟེ་གནས་ཁང་ནས་དགེ་སྡེ་ནས་ཡིན་པའི་བོད་མི་ཁག་ཅིག་ལས་རྒྱུས་ལོན་བྱུང་བ་ལྟར་ན་སྡེ་དགེ་རྫོང་ཐོག་དང་དབོན་སྟོད་སོགས་སུ་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་མི་སྣ་ཕོན་ཆེན་འགྲེམས་གཏོང་བྱས་ནས་ཞུ་འབོད་གནང་མཁན་ཚོ་འཇུ་བཟུང་བཀག་ཉར་བྱས་ཐོག་ཡུལ་དངོས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་སྤེལ་བ་ལམ་སེང་ནག་སུབ་གཏོང་མ་ཟད་ད་ལྟ་ཡུལ་དངོས་ཀྱི་དྲྭ་རྒྱ་བཀག་ཟིན་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་། 

འཛུགས་སྐྲུན་བྱེད་བཞིན་པའི་ཞོལ་ལུང་ཆུ་གློག་ས་ཚུགས། (༢༠༢༣ ཟླ་ ༡༡ )པར་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲྭ་བ།

ད་ལན་སྡེ་དགེའི་ས་གནས་བོད་མི་ཚོས་ཞུ་འབོད་བྱས་པའི་རྐྱེན་གྱིས་ཡུལ་ཕུད་ཀྱི་གནས་ཚུལ་མངོན་གསལ་དོད་པོར་གྱུར་བ་མ་གཏོགས་རྒྱ་ནག་གཞུང་གིས་ཉེ་ལམ་གཡས་པ་ཐང་ཆུ་གློག་དང་བཤོལ་བ་ལུང་ཆུ་གློག་སོགས་འཛུགས་སྐབས་ཀྱང་འཇོ་མདའ་རྫོང་དང་། དཔལ་ཡུལ་རྫོང་སོགས་ནས་དམངས་ཚོགས་སྟོང་ཕྲག་མང་པོ་ཡུལ་ཕུད་དེ་དྲྭ་མིག་དོ་དམ་ཅན་གྱི་གྲོང་ཚོ་གསར་པར་འདུག་ཏུ་བཅུག་འདུག དེ་ལྟ་བུའི་ཡུལ་ཕུད་ལས་གཞིའི་ཁྲོད་དམངས་ཚོགས་དཀྱུས་མའི་འཚོ་རྟེན་ཡོངས་སུ་བཅོམ་པ་མ་ཟད་ཤུལ་བཞག་རིག་གནས་རྩ་ཆེན་ཁག་ཀྱང་གཏོར་བརླག་འགྲོ་བཞིན་འདུག དཔེར་ན་ད་ལན་གྱི་གནས་སྤོའི་ཉེན་གནས་སུ་ལྷུང་བའི་དགེ་སྡེ་རྫོང་གི་དབོན་སྟོད་དགོན་པ་དང་ཡེ་ན་དགོན་པ་སོགས་སུ་དུས་རབས་བཅུ་བཞི་པའི་ནང་བཞེངས་བསྐྲུན་བྱས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་ཤུལ་བཞག་རིག་དངོས་མང་དག་ཅིག་ཀྱང་ཚུད་ཡོད། 

ལྷག་བ་ཆུ་མཛོད་ཀྱི་ལས་གཞི་འགྲོ་བཞིན་པ། (༢༠༢༡ ཟླ ༡༢) པར་ཁུངས། ཁམས་པའི་དྲྭ་བ།
གཡས་པ་ཐང་ཆུ་མཛོད་བརྒྱབས་ནས་དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་གྱི་གནས་སྤོ་གྲོང་གསར། པར་ཁུངས། ཁམས་པའི་དྲྭ་བ།

བོད་མིའི་འཚོ་གནས་གཏོར་བྱེད་ཀྱི་ནུབ་གློག་ཤར་འདྲེན་ལས་གཞི། 

ཕྱི་ལོ་ ༢༠༢༠ ལོར་འབྲི་ཆུའི་སྟོད་རྒྱུད་ཀྱི་བོད་ལྗོངས་མཚམས་སུ་ཆུ་གློག་གསར་སྤེལ་ལས་གཞིའི་ཆེད་རོབ་རྩིས་ལྟར་ན་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢༢༡.༤༢ (Equivalent to 3.075 billion US dollar) བཏང་ཡོད་པར་གསལ་ཞིང་ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ ༡༦ ལྷག་ཙམ་ཟིན་ཏེ་རྒྱ་ནག་གི་“ནུབ་གློག་ཤར་གཏོང”གི་རྒྱུན་མཐུད་ནུས་ཁུངས་རྟེན་གཞིར་གྱུར་ཡོད་ཚུལ་གསལ། མ་ཟད་ས་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་ས་ཁག་ལ་ནུབ་གློག་ཤར་འདྲེན་ཆེད་ཆུ་མཛོད་ལྟེ་གནས་དེ་ལས་ཀྱང་ཆེ་བ་བཙུགས་འདུག 

རྒྱ་ནག་གཞུང་གིས་“ནུབ་གློག་ཤར་འདྲེན་”གྱི་དམིགས་ཡུལ་འགྲུབ་ཆེད་དུ་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་CHN Energy Investment Group (CHN Energy) ལྟ་སྐུལ་དང་གཞུང་འབྲེལ་ཆུ་གློག་བཟོ་གྲྭ་ཧྭ་གློག་སྤྱི་གཉེར་ཁང་ China Huadian Corp གི་ཡན་ལག་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ Huadian Jinsha River Upstream Hydropower Development Co.Ltd གིས་འཛུགས་བསྐྲུན་ལག་བསྟར་བྱས་ནས་འབྲི་ཆུའི་སྟོད་རྒྱུད་དུ་ཆུ་མཛོད་མང་པོ་ཞིག་བརྒྱབས་དང་རྒྱག་མུས་རེད་འདུག འབྲི་ཆུའི་སྟོད་རྒྱུད་ཀྱི་བོད་ཀྱི་ས་ཐོག་ཁོ་ནར་ད་ལྟའི་ཆར་མ་མཐའ་ཡང་ཆུ་གློག་ས་ཚུགས་ ༡༣ ཡོད་པར་གསལ་ཞིང་དེའི་ནང་ནས་ཆུ་གློག་ས་ཚུགས་ ༦ ནི་གློག་འདོན་ནུས་ཤུགས་ཝ་ས་ཡ་ million kilowatts ལྷག་ཡོད་པའི་ཆུ་མཛོད་ཆེན་མོ་ཤ་སྟག་ཡིན་པ་མ་ཟད་དེ་དག་ཕལ་ཆེ་བའི་འཛུགས་སྐྲུན་གྱི་ལས་གཞི་དངོས་ཏོག་དབྱིབས་རིམས་ནད་སྐབས་སུ་འགོ་བཙུགས་ཏེ་ད་ལྟ་རྒྱུན་སྐྱོང་བཞིན་པའི་ལས་གཞི་གསར་པ་རེད་འདུག

ཆུ་མཛོད་ཆེ་ཁག་དེ་དག་“ནུབ་གློག་ཤར་འདྲེན་”ཆེད་བརྒྱབས་པར་གསལ་བས་དེ་དག་གིས་བཏོན་པའི་གློག་ཤུགས་རྒྱ་ནག་གི་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གི་འགན་ཁུར་འོག་སྤྱི་ལེ་སྟོང་ཕྲག་དུ་མ་ཡོད་པའི་གློག་དྲྭ་བརྒྱུད་དེ་ཤར་ཕྱོགས་ཞིང་ཆེན་ཁག་ལ་འདྲེན་རྒྱུ་ཡིན་པ་རེད།  

ཆུ་མཛོད་ཀྱིས་གང་བའི་བོད་ཀྱི་འབྲི་ཆུའི་སྟོད་རྒྱུད། 

འབྲི་ཆུའི་སྟོད་རྒྱུད་འཛུགས་བཞིན་པའི་ཆུ་མཛོད་ཆེ་ཁག་དྲུག་གི་ནང་ནས་སྐམ་ཐོག་ཆུ་མཛོད་ནི་འབྲི་ཆུའི་སྟོད་རྒྱུད་འཇོ་མདའ་རྫོང་ཁུངས་སྐམ་ཐོག་གྲོང་རྡལ་གྱི་ཉེ་འདབས་སུ་བཙུགས་ཡོད་ཅིང་ཆུ་མཛོད་དེ་ལ་གློག་འདོན་ནུས་ཤུགས་ཝ་ས་ཡ་ 1.1 million kilowatts ཡོད་ཚུལ་གསལ། དེ་མིན་ཤེས་རྟོགས་བྱུང་བའི་ཆུ་གློག་ཁག་ཅིག་ནི་གཡས་པ་ཐང་ཆུ་གློག་ས་ཚུགས་དང་བཤོལ་བ་ལུང་ཆུ་གློག་ས་ཚུགས། འབའ་ཐང་ཆུ་གློག་ས་ཚུགས། ལྷག་བ་ཆུ་གློག་ས་ཚུགས། ཞོལ་ལུང་ཆུ་གློག ཀོང་རྩེད་ར་ཆུ་གློག འཕྲང་པོ་ཆུ་གློག ཕོ་ལོ་ཆུ་གློག མགོན་མདོ་ཆུ་གློག སྐྱོར་པ་ཆུ་གློག ཝ་ཐོག་ཆུ་གློག་སོགས་རེད་འདུག 

ཆུ་གློག་དེ་དག་གི་ནང་ནས་དེ་སྔ་ཆུ་གློག་ས་ཚུགས་ཆེ་ཤོས་ནི་ཕྱི་ལོ་ ༢༠༡༩ ལོར་གོ་འཇོ་རྫོང་དང་དཔལ་ཡུལ་རྫོང་གཉིས་ཀྱི་མཚམས་སུ་རྒྱག་འགོ་བརྩམས་པའི་གཡས་པ་ཐང་ཆུ་མཛོད་ཡིན་ཞིང་དེའི་གློག་འདོན་ནུས་ཤུགས་ཝ་ས་ཡ་  2.24 million kilowatts ཡིན་པར་གསལ། འོན་ཀྱང་ཕྱི་ལོ་ ༢༠༢༣ ལོར་ཆུ་ལམ་བཅད་ནས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཞོལ་ལུང་ཆུ་མཛོད་ནི་དེ་ལས་ཀྱང་ཆེ་བར་ཆགས་རྒྱུ་ཡིན་པ་རེད། ཞོལ་ལུང་ཆུ་མཛོད་ནི་སྡེ་རོང་རྫོང་དང་འཇོལ་རྫོང་གཉིས་ཀྱི་ས་མཚམས་འབྲི་ཆུའི་སྟོད་རྒྱུད་དུ་འཁེལ་ཡོད་ཅིང་དེ་ལ་གློག་འདོན་ནུས་ཤུགས་ཝ་ས་ཡ་ 2.4 million kilowatts ཡོད་པར་གསལ། འཇོལ་རྫོང་ཁོངས་ཀྱི་ཞོལ་ལུང་ཆུ་གློག་དང་ད་ལྟ་ལས་གཞི་འགོ་འཛུགས་བཞིན་པའི་ཀོང་རྩེད་རའི་ཆུ་གློག་གཉིས་བསྡོམས་ན་མ་འོངས་པར་གློག་ཤུགས་ཝ་ས་ཡ་ 5 million kilowatts བཏོན་ཐུབ་པར་གསལ་འདུག 

གཞན་ཡང་ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཏུ་འགོ་བརྩམས་པའི་འབའ་ཐང་རྫོང་དང་སྨར་ཁམས་རྫོང་གི་འབྲེལ་མཚམས་སུ་བཙུགས་པའི་ལྷག་བ་ཆུ་གློག་(ཐང་ལ་ཆུ་གློག་ཀྱང་ཟེར་)ལ་གློག་འདོན་ནུས་ཤུགས་ཝ་ས་ཡ་ 2 million kilowatts གསལ་ཞིང་ཕྱི་ལོ་ ༢༠༢༦ ལོའི་ལོ་མཇུག་ཏུ་ལས་གཞི་གྲུབ་འཆར་འདུག  ཕྱི་ལོ་ ༢༠༢༡ ལོར་གློག་གཏོང་འགོ་བཙུགས་པའི་བོད་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་འབའ་ཐང་རྫོང་གི་འབྲེལ་མཚམས་སུ་གནས་པའི་འབྲི་ཆུའི་ཆུ་གཞུང་ཨ་མའི་བཤོལ་བ་ལུང་ཆུ་མཛོད་ལ་གློག་ཤུགས་ཝ་ 1.2 milin kilowatts ཡོད་པར་གསལ།

གཞི་རྒྱ་ཆེ་བའི་ཡུལ་ཕུད་དང་དོ་དམ་འོག་གི་གྲོང་ཚོ་གསར་པ། 

རྒྱ་ནག་གཞུང་གིས་འདི་ལྟར་བོད་ཀྱི་ཆུ་བོ་ཆེ་ཁག་ལ་ཆུ་མཛོད་བརྒྱབས་ནས་ཆུ་གློག་ས་ཚུགས་བཙུགས་པ་དེས་བོད་ཀྱི་ཁོར་ཡུག་དང་ཆུ་རྒྱུད་དུ་ཆགས་པའི་བོད་མི་ཚོའི་འཚོ་གནས་སོགས་ལ་དོ་ཕོག་ཚབས་ཆེན་ཐེབས་བཞིན་ཡོད། སྐམ་ཐོག་ཆུ་མཛོད་ལས་གཞིའི་རྐྱེན་གྱིས་ཉེ་ལམ་འཇོ་མདའ་དང་ས་འབྲེལ་སྡེ་དགེ་རྫོང་ཁོངས་སུ་ཆགས་པའི་དགོན་གྲོང་མི་ཉུང་བ་ཞིག་ཡུལ་ཕུད་ཀྱི་ཉེན་ཁར་ལྷུང་ཡོད་ལ་སྔོན་གཡས་པ་ཐང་ཆུ་གློག་དང་བཤོལ་བ་ལུང་ཆུ་གློག་སོགས་འཛུགས་སྐབས་ཀྱང་འཇོ་མདའ་རྫོང་དང་། དཔལ་ཡུལ་རྫོང་སོགས་ནས་དམངས་ཚོགས་སྟོང་ཕྲག་མང་པོ་ཡུལ་ཕུད་དེ་དྲྭ་མིག་དོ་དམ་ཅན་གྱི་གྲོང་ཚོ་གསར་པར་འདུག་ཏུ་བཅུག་པའི་གནས་ཚུལ་བྱུང་ཡོད།

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཆུ་མཛོད་གསར་རྒྱག་གིས་མངོན་གསལ་དུ་ཁོར་ཡུག་གཏོར་བརླག་བཏང་ནས་བོད་མི་ཚོ་ཡུལ་ཕུད་གཏོང་བ་དང་ཕྱོགས་གཞན་ནས་དབུལ་སྐྱོར་སོགས་ལ་ཁ་གཡར་ནས་བོད་མི་ཚོ་སྟོང་ཕྲག་མང་པོ་འབྲི་ཆུའི་སྟོད་རྒྱུད་སོགས་ནས་ཡུལ་ཕུད་བཏང་ཡོད། 

ཕྱི་ལོ་ ༢༠༡༦ ལོ་ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བས་ཡུལ་ཕུད་དམ་གནས་སྤོའི་ལས་གཞི་སྤེལ་ཤུགས་ཇེ་ཆེར་བཏང་ནས་“ཡུལ་གཞན་གནས་སྤོའི་དབུལ་སྐྱོར་”གྱི་མིང་ཐོག་ནས་“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་དེའི་མི་གསོ་མི་ཐུབ་”ཅེས་པའི་དྲིལ་བསྒྲགས་སྤྱད་དེ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དང་སྨར་ཁམས་རྫོང་སོགས་ཀྱི་ཁོངས་གཏོགས་འབྲི་ཆུའི་སྟོད་རྒྱུད་ས་ངན་ཁུལ་ཟེར་སའི་རྒོད་པོ་ཡུལ་ཚོ་དང་ཁེར་རི། གླང་སྨད།  གསེར་གདོང་། མིག་མདོ། བྱང་གསུམ་ཤང་། འབུམ་སྐྱེས་སོགས་ནས་དམངས་ཚོགས་ ༡༡༦༠༠ (༢༠༡༦ ནས་ ༢༠༢༡ བར་)ཙམ་ལེ་བར་སྟོང་ཕྲག་དུ་མ་ཡོད་པའི་གཞིས་ཀ་རྩེ་དང་། ལྷོ་ཁ། ལྷ་ས། ཉིང་ཁྲི་བཅས་ཀྱི་གནས་སྤོ་བྱ་སའི་དྲྭ་མིག་དོ་དམ་ཅན་གྱི་གྲོང་ཚོ་ཁག་ལ་བགོ་འགྲེམས་བྱས་འདུག  ཕྱི་ལོ་ ༢༠༡༨ ལོར་ཆབ་མདོའི་ས་ངན་ཁུལ་ནས་ཡིན་པའི་བོད་མི་ ༤༠༠༠ ལྷག་རྒྱ་ནག་གིས་ཡུལ་ཕུད་གནས་སྤོའི་ལས་གཞི་སྤེལ་སྐབས་ཕ་ཡུལ་དུ་མེད་པར་ས་ཆ་གཞན་དུ་ཞོར་ལས་སོགས་ལ་སོང་ཡོད་པར་བརྟེན་ཕྱིས་སུ་ཕ་ཡུལ་དུ་འདུག་མི་ཆོག་པ་བཟོས་པ་དང་གནས་སྤོ་སའི་ས་ཆ་གཞན་དག་ཀྱང་མ་རག་པར་འགྲོ་ས་འདུག་ས་མེད་པར་དཀའ་ངལ་ཆེན་པོ་འཕྲད་འདུག  སྐབས་དེ་དུས་ནས་“དབུལ་སྐྱོར་”ཟེར་བ་མ་གཏོགས་འབྲི་ཆུའི་ཆུ་རྒྱུད་ཀྱི་བོད་མིའི་གྲོང་ཚོ་དེ་དག་མེད་པ་བཟོ་རྒྱུ་ནི་ད་ལྟའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལེགས་འགྲུབ་ཆེད་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད།  

དོ་དམ་འོག་གི་གྲོང་ཚོ་གསར་པ། 

རྒྱ་གཞུང་གིས་གནས་སྤོའི་ལས་གཞིའི་འདྲ་མིན་གྱི་མིང་ཐོག་ནས་བོད་མི་ཁྲི་ཕྲག་མང་པོ་ཡུལ་ཕུད་གནས་སྤོ་བཅུག་ཡོད། དེའི་ནང་དུ་“ཡུལ་གཞན་གནས་སྤོའི་དབུལ་སྐྱོར་”ཟེར་བའི་མིང་ཐོག་ནས་བོད་རང་སྐྱོང་ཁོ་ནར་གནས་སྤོས་ས་ཚུགས་(གྲོང་ཚོ་)༩༦༤ ཙམ་གོ་སྒྲིག་བྱས་འདུག་པས་བོད་མི་ཡུལ་ཕུད་གཏོང་བྱེད་ཀྱི་གནས་སྤོའི་རྣམ་གྲངས་ཚང་མ་བསྡོམས་ན་བོད་རང་སྐྱོང་ཟེར་བ་ཁོ་ནའི་ནང་དུ་གནས་སྤོ་བྱ་ཡུལ་ས་ཚུགས་(གྲོང་ཚོ་) ༡༠༠༠ ལྷག་བཙུགས་ཡོད་ཧ་ཅང་གསལ། 

གནས་སྤོའི་ས་ཚུགས་གྲོང་ཚོ་གསར་པ་དེ་དག་གི་ཁང་པ་ཚང་མའི་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་བཙུགས་ཤིང་ཁང་པའི་གྱང་ངོས་དང་སྲང་ལམ་སོགས་སུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་སྦྱར་ཡིག་ཧ་ཅང་མངོན་གསལ་དོད་པོར་སྦྱར་ཡོད་ཅིང་རྒྱ་གཞུང་གིས་“སྤྱི་ཚོགས་དོ་དམ་”བྱེད་ཐབས་ལག་བསྟར་ཆེད་“གནམ་རྒྱ་ས་རྙི་”དང་ “གྲོང་ཚོ་ཚང་མ་མཁར་རྫོང་དང་མི་ཚང་མ་སོ་དམག”ཡིན་པའི་བླང་བྱ་གཞིར་བཟུང་གྲོང་ཚོ་དེ་དག་ཐམས་ཅད་“དྲྭ་མིག་ཅན་གྱི་དོ་དམ་”དང་“དུད་སྦྲེལ་”ལམ་ལུགས་ཀྱི་ཚད་གཞི་ལྟར་བརྒྱབས་ཡོད་པར་གསལ།  མ་ཟད་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཞེས་དམར་ཤོག་ཚོགས་པའི་དབང་འཛིན་ལས་ཁུངས་བཙུགས་ཤིང་“གྲོང་ཚོའི་གཅའ་སྡོད་མི་སྣ་”ཞེས་པའི་དོ་དམ་མི་སྣ་རྒྱུན་སྡོད་བྱས་ཏེ་དུས་རྒྱུན་“གནས་སྤོའི་དམངས་ཚཽགས་ལ་བསམ་བློའི་སློབ་གསོ་”བརྒྱག་པ་དང་“མཚན་མོའི་འཛིན་གྲྭ་”ཟེར་བ་སོགས་ཚོགས་པ་མ་ཟད་སློབ་གསོ་བསྒྱུར་བཀོད་ལྟ་བུའི་བྱེད་སྒོ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་རེད།  

འུ་ཐུག་ཐབས་ཟད་ཀྱི་འཚོ་ཐབས་གསར་པ།   

རྒྱ་གཞུང་གིས་གནས་སྤོ་བྱ་སའི་གྲོང་ཚོ་དེ་དག་གི་ནང་དུ་“ལག་ཤེས་གསོ་སྦྱོང་ཁང་”ཟེར་བ་བཙུགས་ཏེ་གྲོང་མི་རྣམས་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་རྣམ་པ་མངོན་པའི་ལག་ཤེས་དང་བཟོ་ལས་བྱེད་དུ་བཅུག་པ་དང་འགའ་རེའི་ནང་དུ་སྔོ་ཚལ་ར་བ་བཙུགས་ནས་ཞིང་ལས་བྱེད་དུ་བཅུག་པ་སོགས་འདོད་མོས་ཡོད་མེད་ལ་མ་བལྟོས་པར་ངལ་རྩོལ་འདྲ་མིན་ལ་ཞུགས་དགོས་ཀྱི་འདུག་ཀྱང་དེ་དག་གི་ཡོང་འབབ་ལས་ཆ་ཤས་ངེས་ཅན་ཞིག་གཞུང་ངམ་སྤྱི་གཉེར་ཁང་ལ་སྤྲད་དགོས་ཀྱི་ཡོད་པར་བརྟེན་འཚོ་ཐབས་ལ་འདང་ངེས་ཀྱི་ཁེ་ཕན་ཐོབ་རྒྱུ་མེད་པ་གསལ་པོ་རེད། 

དཔེར་ན་ནག་ཆུ་བྱང་ཐང་གི་འབྲོག་པ་སྟོང་ཕྲག་མང་པོ་གནས་སྤོས་བཅུག་ཡོད་པའི་གནས་སྤོས་ས་ཚུགས་ཆེ་གྲས་ལྷོ་ཁ་སྲིན་པོ་རིར་མཚོན་ན་བོད་མི་ཚོས་སྲོལ་རྒྱུན་གྱི་འབྲོག་ལས་འཚོ་ཐབས་ཡོངས་སུ་དོར་ནས་ད་ལྟའི་འཚོ་ཐབས་གཙོ་བོ་ཞིག་ནི་བོད་ལྗོངས་ཁང་ཆི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུ་སི་ཞེས་པའི་དོ་དམ་འོག་ཀུ་ཤུ་འདེབས་འཛུགས་ཀྱི་ཞིང་ལས་ལ་བརྟེན་བཞིན་ཡོད་ནའང་དེའི་ཡོང་འབབ་བརྒྱ་ ༣༥% ཀུང་སིར་སྤྲོད་དགོས་ཀྱི་ཡོད་པར་བརྟེན་འཚོ་བར་དཀའ་ཁག་ཆེས་ཆེར་འཕྲད་ཀྱི་ཡོད་པ་མངོན་གསལ་རེད། 

མཇུག་བསྡོམས། 

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་དགོས་ཚུལ་གྱིས་བོད་མི་ཁྲི་ཕྲག་མང་པོ་རང་ས་ནས་ཡུལ་ཕུད་གཏོང་བཞིན་ཡོད་ལ། ཕྱོགས་གཞན་ནས་འབྲི་ཆུའི་སྟོད་རྒྱུད་སོགས་བོད་ཀྱི་ཆུ་བོ་ཆེ་ཁག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་སྔལ་ལས་ཤུགས་ཆེར་རྒྱར་བསྐྱེད་བཏང་ནས་རང་བྱུང་ཁོར་ཡག་ལ་གཏོར་བརླག་ཚབས་ཆེན་བཏང་བ་དང་བོད་མི་སྟོང་ཚོ་མང་པོ་ཡུལ་ཕུད་གཏོང་བཞིན་ཡོད། རྒྱ་གཞུང་གིས་བོད་ཀྱི་ཆུ་བོ་འབབ་རྒྱུན་གྱི་འཇིགས་སླ་བའི་རང་བྱུང་ (fragile ecosystem)ཁོར་ཡུག་རང་བཞིན་མ་ཤེས་པ་རྩ་ནས་མིན། འབྲི་ཆུའི་སྟོད་རྒྱུད་ལ་མཚོན་ན་ས་བབ་ཆགས་བཀོད་རི་མཐོ་ཀླུང་གཟར་ཡིན་པས་ལོ་འགའི་གོང་རི་ཉིལ་ཐེངས་གཉིས་བྱུང་ནས་འབྲི་ཆུའི་བཞུར་རྒྱུན་འགག་སྟེ་དམངས་ཚོགས་བརྒྱ་ཕྲག་མང་པོ་ཉེན་ཡོལ་དུ་འགྲོ་དགོས་ཐུག་པ་བྱུང་ཡོད། མ་ཟད་ཕྱི་ལོ་ ༢༠༢༠ ལོར་འབྲི་ཆུའི་སྟོད་རྒྱུད་ནི་(རྒྱ་ནག་)རྒྱལ་ཡོངས་ཀྱི་ཆུ་ལོག་གི་ཉེན་ཁ་ཅན་ཨང་གསུམ་པར་སླེབས་པ་སོགས་རང་བྱུང་གི་གནོད་འཚེ་འབྱུང་ས་ཞིག་ཡིན་པའང་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་བསྒྲགས་ཡོད། འདི་ལྟར་བོད་ཆུ་རྒྱུན་གྱི་གོད་ཆག་འབྱུང་སླ་བའི་རང་བཞིན་ཤེས་བཞིན་དུ་དཔལ་འབྱོར་གྱི་དགོས་མཁོ་ཆེད་ཆུ་མཛོད་ཆེ་ཁག་རབ་དང་རིམ་པ་རྒྱག་བཞིན་པ་དེ་ནི་བོད་ཀྱི་སྣོད་བཅུད་གཉིས་ཀའི་བདེ་འཇགས་ལ་འགན་རྩ་ནས་མ་ཁུར་བའི་དན་རྟགས་ཡིན་པ་མ་ཟད་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དང་། གདོན་མའི་མི་རྒྱུད་སྲུང་སྐྱོབ་ཀྱི་སྤྱི་ཆིངས། ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་སོགས་ཡོངས་སུ་འགལ་བ་ཡིན་པས་བོད་མིའི་སྣོད་བཅུད་གཏོར་བཤིག་གཏོང་བའི་ལས་གཞི་འདི་རིགས་མྱུར་དུ་མཚམས་འཇོག་དགོས། 

ཤུལ་བཞག་རིག་དངོས་རྩ་ཆེན་བཞུགས་པའི་དབོན་པོ་དགོན། དྲ་ལམ་གྱི་པར།
to top