རྒྱ་གཞུང་གིས་གཞས་པ་བགེགས་འཇོམས་ལགས་མྱུར་དུ་གློད་བཀྲོལ་གཏོང་དགོས། 

རྒྱ་གཞུང་ཉེན་རྟོག་པས་ཉེ་སྔོན་ཁྱུང་མཆུ་རྫོང་ནས་ཡིན་པའི་གཞས་པ་བགེགས་འཇོགས་ལགས་“སྐྱོ་གླུ་མཆི་མ་དགུ་འཁྱིལ ”ཞེས་པའི་གླུ་གཞས་ཤིག་བཏང་བར་བརྟེན་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ད་དུང་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་བཅུག་ཡོད་པ་ནི་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བ་ཡིན་པས་གཞས་པ་བགེགས་འཇོམས་ལགས་མྱུར་དུ་གློད་བཀྲོལ་གཏོང་དགོས། 

གཞས་པ་བགེགས་འཇོམས་ལགས་ཀྱི་གནད་དོན་དང་འབྲེལ་ནས་འདི་ག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་གསུང་རྒྱུར་“ང་ཚོར་གཞས་པ་བགེགས་འཇོམས་ལགས་ཀྱི་བདེ་འཇགས་ཐད་སེམས་འཚབ་ཆེན་པོ་ཡོད། གང་ཡིན་ཟེར་ན་ནམ་རྒྱུན་གསང་བའི་བཀག་ཉར་འོག་ཚུད་པའི་བོད་མི་རྣམས་ཀྱི་མགོར་ཉེས་མིང་འདྲ་མིན་འགེལ་ཐབས་སུ་རྒྱ་གཞུང་ཉེན་རྟོག་མི་སྣས་རྡུང་རྡེག་མནར་གཅོད་དྲག་པོ་གཏོང་གི་ཡོད་པ་དང་། གསང་བའི་བཀག་ཉར་བྱེད་རིང་གཉེན་འཕྲད་དང་དྲང་བདེན་གྱི་ཁྲིམས་བཤེར་སོགས་ཀྱི་ཐོབ་ཐང་རྩ་ནས་སྤྲོད་ཀྱི་མེད་པའི་གནས་ཚུལ་འབྱུང་མུས་ཡིན། རྒྱ་གཞུང་གིས་ངེས་པར་གཞས་པ་བགེགས་འཇོམས་ལགས་ཀྱི་གནས་བབ་ཐད་ནང་མིར་གསལ་བཤད་ལན་འདེབས་དགོས་པ་མ་ཟད་ཆ་རྐྱེན་གང་ཡང་མེད་པར་ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས།”

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ཉེ་སྔོན་ཕྱི་ཟླ་ ༢ པའི་ཚེས་ ༡༨ ཉིན་བོད་ནང་དུ་བཞུགས་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན་ཉེ་སྔོན་བོད་ཀྱི་ལོ་གསར་སླེབས་ལ་ཉེ་སྐབས་ཕྱི་ཟླ་ ༡ པོའི་ཚེས་ ༡༥ ཉིན་མདོ་སྨད་རྔ་བ་ཁྱུང་མཆུ་རྫོང་གི་སྒྱུ་རྩལ་བ་མང་པོ་ཞིག་གིས་མཉམ་སྒྲུབ་བྱས་པའི་ལོ་གསར་དགོང་ཚོགས་སྟེང་ལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཚོ་ནས་ཡིན་པའི་གཞས་པ་བགེགས་འཇོམས་ལགས་ཀྱིས་“སྐྱོ་གླུ་མཆི་མ་དགུ་འཁྱིལ”ཞེས་པའི་བོད་ཀྱི་ལས་དབང་མཚོན་བྱེད་ཀྱི་གླུ་གཞས་ཤིག་བླངས་འདུག

གཞས་པ་ཁོང་གི་ལོ་གསར་དགོང་ཚོགས་སྟེང་བླངས་པའི་གཞས་ཚིག་གི་ནང་དོན་གཤམ་གསལ། 

རྒྱལ་བ་མེད་པའི་རྒྱལ་ཁམས་འདི་ན།། 
མགོ་ཁྲིད་ཡོད་རུང་རྫུབ་མ་རེད་འདུག །
ཁ་ཕྱོགས་མེད་པའི་བོད་འབས་འདི་ཚོ།། 
སྨུག་ལུང་ཁྲོད་ཀྱི་ཡུ་མོ་བཞིན་རེད།།
དྲང་བདེན་མེད་པའི་ས་ཆ་འདི་ན།། 
སྲིད་ཇུས་ཉི་མ་གཟའ་ཡིས་བཟུང་སོང་།།
འདྲ་མཉམ་མིན་པའི་གདོང་དམར་བ་འདི།། 
མི་ཆེན་རྐང་འོག་གྲོག་མ་བཞིན་རེད།།
 གཅར་རྡུང་མང་པའི་ཡུལ་གྲུ་འདི་ན།། 
ཞི་བདེ་སྒྲོན་མེ་སྟོང་གཏམ་རེད་སོང་།།
རང་དབང་མེད་པའི་བོད་པ་ངེད་ཚོ།།
སྨྱུག་གཟེབ་ནང་གི་བྱེའུ་ཆུང་བཞིན་རེད།།

ཕྱི་ཟླ་ ༢ པའི་ཚེས་ ༡༢ ལོ་གསར་ཚེས་པ་ ༣ པར་གཞས་པ་བགེགས་འཇོམས་ལགས་ལ་ཁྱུང་མཆུ་རྫོང་ཉེན་རྟོག་པས་ཁ་པར་བཏང་ནས་རྫོང་ཉེན་རྟོག་ཁང་དུ་ཡོང་དགོས་རབས་བཤད་འདུག་ལ། ཉིན་དེའི་དགོང་མོ་ནས་བཟུང་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ནང་མི་རྣམས་རྫོང་ཉེན་རྟོག་ཁང་ལ་སོང་ཡང་ཉེན་རྟོག་ཁང་ནས་ཁོང་ག་བར་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་མིན་གནས་ཚུལ་བཤད་མེད་པ་དང་། ཁོང་ཚོ་ལ་“གཞས་པ་ཁོང་གི་གཞས་ཚིག་ལ་གནད་དོན་ཡོད་པ་དང་བསམ་བློ་ལ་གནད་དོན་ཡོད་ཙང་ད་ལྟ་ཁུལ་ཉེན་རྟོག་ཚན་པའི་གཞས་པ་ཁོང་ལ་འདྲི་གཅོད་བྱེད་བཞིན་ཡོད་པ་རེད། ཡག་ཤོས་ཡིན་ན་ནང་མི་ཚོས་གང་བྱུང་སྐད་ཆ་མ་བཤད་ན་ཡག་ཤོས་རེད་ལ་ཁོང་གི་སྐོར་གྱི་སྐད་ཆ་ཕྱི་བསྒྲགས་མ་བྱས་ན་ཁོང་གི་གནས་སྟངས་ཡག་ཏུ་འགྲོ་གི་རེད”ཅེས་ནང་མི་ཚོའི་ཁ་འགོག་ཐབས་ཀྱི་སྐད་ཆ་བཤད་ཀྱིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཉེ་དུས་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་ཆེས་ཆེར་བྱེད་པ་དང་བོད་མི་ཚོའི་བྱ་སྤྱོད་ལ་དོ་དམ་སྔར་ལྷག་བྱེད་བཞིན་ཡོད་པར་བརྟེན་གདུག་རྩུབ་ཆེ་བའི་རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱ་རྒྱུའི་ཁོར་ཡུག་ཅིག་ཧ་ལམ་མེད་པར་གྱུར་ཡོད། ཡིན་ན་ཡང་བོད་མི་ཚོས་མུ་མཐུད་སྒྱུ་རྩལ་སོགས་རྣམ་པ་གཞན་དག་གི་ལམ་ནས་རང་གི་གནས་བབ་གསལ་བཤད་དང་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་མུ་མཐུད་སྟོན་བཞིན་ཡོད། དེའི་ནང་ནས་མང་དག་ཅིག་ནི་གླུ་གཞས་ཀྱི་གཞས་ཚིག་སོགས་ལ་བརྟེན་ནས་རང་སེམས་ཀྱི་སྡུག་བསྔལ་མངོན་ཐབས་བྱས་ཡོད། ཡིད་སྐྱོ་བ་ཞིག་རྒྱ་ནག་གཞུང་གིས་དེ་ལྟ་བུའི་རྣམ་འགྱུར་ཙམ་ཡང་སྟོན་མི་ཆོག་པ་བཟོས་ནས་གླུ་གཞས་སྒྱུ་རྩལ་བ་མང་པོར་ཁྲིམས་ཆད་ལྕི་མོ་བཅད་དང་གཅོད་བཞིན་ཡོད། ཧ་ཅང་གུ་དོག་པའི་རྒྱ་གཞུང་གི་སྤྱོད་ཚུལ་དེས་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་གི་གནས་བབ་ཤིན་ཏུ་ཛ་དྲག་ཅན་དུ་གྱུར་ཡོད་པ་གསལ་པོར་མཚོན་ཐུབ། 

 

to top