རྒྱ་གཞུང་གི་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་བྱས་པའི་བོད་མི་ཚོར་དམིགས་བསལ་གྱི་དབྱེ་འབྱེད་དང་བཀག་ཉར་བྱེད་བཞིན་འདུག 

དེང་གི་དུས་སུ་རྒྱ་གཞུང་གི་རིམས་ནད་གཙང་དག་གི་སྲིད་ཇུས་དང་དམ་དྲག་བཀག་བསྡོམས་ལ་མི་དམངས་ཀྱིས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་འདུག བོད་དུ་རིམས་ནད་ཀྱི་ངོ་རྒོལ་བྱུང་བའི་སྐབས་སོགས་སུ་རྒྱ་གཞུང་གིས་བོད་མི་ཚོར་དམིགས་བསལ་གྱི་དམ་དྲག་དང་བོད་མི་མང་པོ་བཀག་ཉར་བྱས་ནས་རྒྱ་བོད་གཉིས་ཀྱི་དབར་ལ་དབྱེ་འབྱེད་བྱས་པའི་གནས་ཚུལ་མང་དག་ཅིག་བྱུང་འདུག 

ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ལྕགས་རོང་སྡེ་ཁུལ་སོགས་སུ་རྒྱ་མི་ལས་གཉེར་བ་གཙོ་བྱས་པའི་རྒྱ་བོད་གཉིས་ཀྱི་མི་མང་པོས་རིམས་ནད་བཀག་བསྡོམས་རྒྱུན་རིང་དྲགས་པར་ངོ་རྒོལ་བྱས་རྗེས་དེ་འབྲེལ་གྱི་མི་ ༢༠༠ ལྷག་འཇུ་བཟུང་བྱས་ཏེ་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགསས་སྐྲུན་ཐིང་གི་ཁང་བརྩེགས་ཆེན་མོ་ཞིག་ཏུ་བཀག་ཉར་བྱས་འདུག བཀག་ཉར་འོག་ཏུ་ཚུད་མཁན་གྱི་བོད་མི་གཅིག་བརྒྱུད་དེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་དེའི་ཁྲོད་དུ་བོད་མི་ ༤༧ ཡས་མས་ཤིག་ཡོད་པ་དང་ཕལ་ཆེ་བ་ཡུལ་གཞན་ནས་ཡོང་བའི་ལས་མི་བ་ཡིན་པ་རེད། 

ལྷ་སར་རིམས་ནད་བཀག་བསྡོམས་ལ་མི་མང་གི་ངོ་རྒོ་བྱེད་བཞིན་པ། པར་ཁུངས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། RFA

བཀག་ཉར་འོག་ཚུད་པའི་རྒྱ་མི་ཚོར་ཁོང་ཚོས་ངོ་རྒོལ་བྱས་པ་ནོར་འཁྲུལ་དང་ཁྲིམས་འགལ་ཡིན་ཙང་གཞུང་ངོས་ནས་ཁང་གླ་དང་རོགས་དངུལ་གང་ཡང་སྤྲོད་ཀྱི་མིན་ཞེས་བཤད་པ་མ་གཏོགས་ཉིན་གྲངས་གཅིག་ཙམ་ལས་བཀག་ཉར་མ་བྱས་པར་རང་སར་གློད་བཀྲོལ་བཏང་འདུག 

འོན་ཀྱང་བོད་མི་ཚོ་ཁང་མིག་གཅིག་གི་ནང་ལ་མི་རེ་གཉིས་ཙམ་བྱས་ནས་ནང་ཁུལ་ཕན་ཚུན་འབྲེལ་གཏུག་བྱེད་མི་བཅུག་པར་ཁྱོན་ཉིན་གྲངས་བཅུ་བཞི་ཙམ་ལ་བཀག་སྐྱིལ་བྱས་འདུག བཀག་སྐྱིལ་བྱས་པའི་རིང་ལ་ཉིན་རེར་དུས་ཚོད་ངེས་མེད་ལ་ཟ་མ་ཐེངས་གཅིག་ཙམ་ལས་མ་སྤྲད་པའི་ཁར་དུས་ནས་དུས་སུ་འདྲི་གཅོད་བྱེད་མཁན་མི་མི་འདྲ་བ་རེ་ཡོང་ནས་ངོ་རྒོལ་འགོ་རྩོམ་མཁན་སུ་ཡིན་པ་དང་། ངོ་རྒོལ་བྱེད་པར་དང་པོ་ནས་རྩ་འཛུགས་ཡོད་མེད། ངོ་རྒོལ་བྱེད་དགོས་དོན་ག་རེ་ཡིན་མིན། གཞན་གྱིས་སྐུལ་མའི་འོག་ནས་ངོ་རྒོལ་བྱས་པ་ཡིན་མིན་སོགས་དྲི་བ་འདྲ་མིན་དྲིས་ཏེ་ཉིན་རེར་འདྲི་གཅོད་ཐེངས་གསུམ་བཞི་རེ་བྱས་པའི་གནས་ཚུལ་བྱུང་འདུག 

རིམས་ནད་གནས་ཚུལ་ཁྱབ་སྤེལ་ལ་དབྱེ་འབྱེད། 

ཡང་བོད་མི་མང་པོས་འདི་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་རིམས་ནད་ཁྱབ་པ་དང་ཉེ་ལམ་ཟླ་བརྒྱད་པའི་ནང་བོད་དབུས་སུ་རིམས་ནད་ཁྱབ་པ་གཉིས་གཤིབ་བསྡུར་བྱས་ཏེ་ལྷ་སའི་རིམས་ནད་ཀྱི་གནས་ཚུལ་ཁྱབ་སྤེལ་ཐད་རྒྱ་གཞུང་གི་ངོས་ནས་བསམ་བཞིན་དུ་“དཀྲོག་གཏམ་”དང་“གནས་ཚུལ་རྫུན་མ”འགོག་པའི་མིང་ཐོག་ནས་དྲྭ་ལམ་གྱི་གནས་ཚུལ་སོགས་ལ་བཀག་བསྡོམས་ཤིན་ཏུ་ཆེན་པོ་བྱས་པ་མ་ཟད་མི་མང་ཧ་ཅང་མང་པོར་གནས་ཚུལ་ཁྱབ་སྤེལ་བྱས་པའི་རྐྱེན་གྱིས་ཉེས་ཆད་འདྲ་མིན་ཕོག་འདུག 

ལྷ་སའི་དྲྭ་དམངས་མང་པོས་“ལྷ་སའི་ཛ་དྲག་གི་གནས་ཚུལ་ནི་འདང་ལ་རི་རྒྱུད་ཀྱི་ཕ་མཐར་བརྒལ་ཐུབ་ཀྱི་མེད་པ་”དང་ “ལྷ་སའི་མི་མང་ཁོ་ནས་ལྷ་སའི་དཀའ་སྡུག་གི་གནས་བབ་རྟོགས་ཐུབ་པ་”སོགས་ཀྱི་དྲྭ་འཕྲིན་དུ་མ་སྤེལ་འདུག་ཀྱང་དེ་དག་ཕལ་ཆེ་བའང་ཚོུད་ཁ་ཤས་ཀྱི་ནང་ནག་སུབ་གཏོང་བཞིན་འདུག རྒྱ་ནག་གི་དྲྭ་རྒྱའི་སྟེང་དུ་རྒྱའི་ས་ཁུལ་གང་དུ་རིམས་ནད་ཁྱབ་པ་ཡིན་ན་དེ་ཉིད་དུས་ཡུན་ཐུང་ངུའི་ནང་དུ་ཚ་གླེང་བྱ་ཡུལ་དུ་འགྱུར་བཞིན་ཡོད་ཀྱང་བོད་དུ་གནས་ཚུལ་བཀག་བསྡོམས་བྱས་པའི་རྐྱེན་གྱིས་རྒྱ་ནག་སྐམ་སའི་མི་ཚོ་ལྟ་ཅི་བོད་ཡུལ་མདོ་སྟོད་སྨད་དུ་གནས་པའི་བོད་མི་ཚོས་ཀྱང་དབུས་ཁུལ་གྱི་གནས་སྟངས་ཤེས་རྟོགས་མི་ཐུབ་པར་གྱུར་འདུག 

ཕྱི་ཟླ་ ༡༠ པའི་ཚེས་ ༣༠ ཉིན་འཁྱུག་དབྱིངས་ཀྱི་དྲྭ་མིང་ལ་སྤེན་ཚེ་ཟེར་བའི་བོད་མི་ཞིག་གིས་གནས་ཚུལ་སྤེལ་དོན་ལ་ “དེ་རིང་ཞོགས་པ་ཁ་པར་ནང་ལ་བལྟས་པ་ཡིན། རིམས་ནད་ཡོད་ས་ཚང་མ་དྲྭ་ལམ་གྱི་དོ་སྣང་བྱ་ཡུལ་དུ་གྱུར་འདུག་ཀྱང་ང་ཚོ་བོད་མཐོ་སྒང་གི་ས་ཆ་གཅིག་པུ་རིམས་ནད་བྱུང་ནས་ཟླ་གསུམ་འགྲོ་གྲབས་ཡོད་ཀྱང་།  ང་ཚོའི་ས་གནས་འདི་སུ་གཅིག་གིས་ཀྱང་མཐོང་མི་འདུག   འོ་ན་ཁོང་ཚོས་ང་ཚོ་དྲན་པ་བརྗེད་སོང་བ་ཡིན་ནམ། (ང་ཚོའི་)ཆེད་དུ་སྐད་རྒྱག་མཁན་སུ་གཅིག་མི་འདུག་ལ་གསར་ཁང་ཡང་གཅིག་ཀྱང་མི་འདུག ད་ལྟའི་གནས་སྟངས་ང་ཚོ་ཚང་མའི་སེམས་ནང་ལ་གསལ་པོ་ཡོད་རེད།  ཡིན་ན་ཡང་། རང་ཉིད་ཀྱིས་དཀའ་སྡུག་ཤོད་མཁན་མི་སུ་གཅིག་མི་འདུག   བཤད་ན་ཡང་མི་སུ་གཅིག་གིས་ཡ་བྱེད་ཀྱི་མེད་པ་ང་ཚོ་རང་ཉིད་ཀྱིས་གསལ་པོ་ཤེས་ཀྱི་ཡོད། ད་ལྟའི་སྤྱི་ཚོགས་དེ། སྐད་ཆ་དྲང་མོ་གཅིག་བཤད་རྒྱུ་དེ་འདྲ་དཀའ་ལས་ཁག་པོ་ཞིག་རེད་དམ། ཁྱེད་ཚོས་ང་ཚོའི་གནས་སྟངས་ལ་ལྟ་རྟོག་བྱ་རྒྱུ་དེ་འདྲ་དཀའ་ལས་ཁག་པོ་ཞིག་རེད་དམ། ཚོགས་པ་དང་སྡེ་ཁག་རེ་རེས་ང་ཚོའི་དངོས་ཡོད་གནས་སྟངས་བཤད་རྒྱུ་དེ་འདྲ་དཀའ་ལས་ཁག་པོ་ཡོད་རེད་དམ། ང་ཚོའི་གྲོང་ཁྱེར་འདི་ལ་ཁྱེད་ཚོས་ཐུགས་ཁུར་རྒྱབ་སྐྱོར་དང་དྲྭ་ཐོག་དོ་ཁུར་ཧ་ཅང་གལ་ཆེན་པོ་འདུག”ཟེར་བ་སོགས་བཀོད་འདུག 

སྔོན་འགོག་བྱེད་སྟངས་ལ་འབྱེ་འབྱེད། 

བོད་དབུས་སུ་རིམས་ནད་ཁྱབ་བརྡལ་སོང་བ་གསལ་བསྒྲགས་བྱས་ནས་བདུན་ཕྲག་དང་པོའི་ནང་དུ་ལྷ་སར་ཡོད་པའི་མདོ་སྟོད་ཀྱི་བོད་མི་མང་དག་ཅིག་ཕྱིར་རང་ཡུལ་དུ་ཕྱིར་སློག་བྱས་ཡོད་པ་དང་དེ་དག་རང་རང་གི་རྫོང་དུ་འབྱོར་རྗེས་ཉུང་མཐར་བདུན་ཕྲག་གཅིག་གི་རིང་ལོགས་བཀར་ཟུར་འཇོག་བྱས་ཡོད་པ་རེད། ཕྱི་ཟླ་ ༨ པའི་ཚེས་ ༡༥ ཉིན་འདི་ག་ལྟེ་གནས་ཁང་དུ་ལྷ་ས་ནས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་འབྱོར་བའི་བཟོད་པ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་དོན་ “ང་ཚོ་འདིར་སླེབས་པ་དང་མགྲོན་ཁང་ཞིག་ཏུ་ཟུར་བཀག་བྱས་སོང་། ང་ཚོ་སླེབས་ནས་ཉིན་གསུམ་ཡིན། ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་བྱས་ཟིན། བརྟག་དཔྱད་ཀྱི་གྲུབ་འབྲས་ཚང་མ་སྲིབས་གཤིས་(ནད་རྟགས་མེད་པ་)རེད་འདུག  འོན་ཀྱང་། བདུན་ཕྲག་གཅིག་ལ་ངེས་པར་དུ་འདུག་དགོས་རེད་ལབ་སོང་། ང་ཚོ་དང་མཉམ་དུ་ལྷ་ས་ནས་ཡོང་བའི་རྒྱ་མི་ཁག་ཅིག་ཡོད་པ་དེ་ཚོ་དེ་རིང་གཏོང་གི་འདུག་ཟེར། འོན་ཀྱང་། ང་ཚོ་མགྲོན་ཁང་འདི་རུ་བཀག་ཡོད་རེད། མགྲོན་ཁང་འདིའི་ནང་དུ་ད་ལྟ་ཆུ་དང་གློག་མི་འདུག  ང་ཚོར་ཟ་རྒྱུ་དང་འཐུང་རྒྱུ་མ་རག་པའི་དཀའ་ངལ་ཆེན་པོ་འདུག ཟ་མ་མངགས་ས་རེད་ལབ་ནས་ཁ་པར་ཨང་གྲངས་ཁ་ཤས་ཤིག་སྤྲད་སོང་།  དེ་ཚོར་འབྲེལ་བ་བྱེད་དུས་ཁོང་ཚོ་ཟ་མ་མངགས་ས་དེ་འདྲ་མིན་ལབ་ཀྱི་འདུག རང་གི་ཉེ་འབྲེལ་སོགས་ལ་ཡར་མར་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་བྱས་མཐར་གཞི་ནས་ཕྱི་ལོགས་ནས་ངོ་ཤེས་ཤིག་ལ་ཟ་རྒྱུ་འཐུང་རྒྱུ་ཞིག་སྐྱེལ་དུ་ཡོང་རོགས་ཞེས་མངགས་ཐུབ་སོང་།  སྤྱིར་བཏང་གྲོང་ཁྱེར་འདིའི་ནང་དུ་གློག་ཆད་མི་འདུག འོན་ཀྱང་། ང་ཚོ་བཀག་སའི་མགྲོན་ཁང་འདིའི་ནང་ཆུ་དང་གློག་གཉིས་ཀ་མི་འདུག མགྲོན་ཁང་ཚང་གིས་བསམ་བཞིན་དུ་ཆུ་དང་གློག་བཀག་ཡིན་ས་རེད། ད་འདིར་བཀག་པའི་མི་ཚང་མས་རྙོག་གྲ་བཤད་ཀྱི་འདུག  ཆུ་དང་གློག་མ་བཏང་ན་ང་ཚོ་ཕྱི་ལ་ཐོན་གྱི་ཡིན་ལབ་བཞིན་འདུག”ཅེས་སྐབས་དེའི་ཟུར་བཀག་གི་གནས་སྟངས་འགྲེལ་བརྗོད་བྱས་བྱུང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་ཐེའུ་རང་ལགས་ཀྱིས་ཀྱང་ཕྱི་ཟླ་ ༨ པའི་ཚེས་ ༢༠ ཡས་མས་ཤིག་ལ་སྒེར་གྱི་སྐད་འཕྲིན་སྟེང་དུ་རྒྱ་ནང་དུ་སྔོན་འགོག་བྱེད་སྟངས་དང་མི་འདྲ་བར་ཁོང་གི་ཕ་ཡུལ་དང་མཐའ་འཁོར་གཡས་གཡོན་གྱི་རྫོང་དང་ཡུལ་ཚོ་སོགས་ཀྱིས་རིམས་ནད་ཚོད་འཛིན་བྱེད་སྟངས་དེས་རྒྱ་ནང་གི་རིམས་ནད་ས་ཁུལ་གཙོ་བྱས་པའི་ཕྱི་ཕྱོགས་ནས་ཡོང་བའི་ཡུལ་སྐོར་བ་ཚོ་མི་འགོག་པར་རིམས་ནད་དང་ཁ་ཐག་རིང་བའི་བོད་ཡུལ་གྱི་རང་སའི་ཆོས་ལུགས་དང་བྱེད་སྒོ།  གཉེན་སྟོན་སོགས་འགོག་ཅི་ཐུབ་བྱེད་པའི་སྔོན་འགོག་ཡ་མ་བརླ་དེའི་མཇུག་འབྲས་ནི་རིམས་ནད་བཀག་ཀྱང་མི་ཁོག་པར་གང་སར་ཐོན་འདུག རྒྱ་ནང་དུ་ནད་པ་གང་དུ་བྱུང་ན་སྡོད་ཁུལ་དེའི་མིའི་འགྲོ་འོང་འགོག་པ་ལས།  དེ་དང་འབྲེལ་མེད་ཀྱི་སྡོད་ཁུལ་གཞན་དག་མི་འགོག་ཅེས་པ་སོགས་བྲིས་འདུག་ཅིང་གནས་སྟངས་དེ་ནི་ཕལ་ཆེར་བོད་ཡུལ་གཞན་དག་ལའང་གཅིག་མཚུངས་ཡིན་ཤས་ཆེ་རབ་བཀོད་འདུག 

གཞན་ཡང་ཕྱི་ཟླ་ ༨ པའི་ཚེས་ ༢༩ ཉིན་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུར་བཞུགས་པའི་བརྩོན་འགྲུས་ལགས་ཀྱིས་ཡུལ་དེའི་རིམས་ནད་བཀག་བསྡོམས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་དོན་“ད་ལྟ་རྔ་བ་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་སོང་ནས་གཟའ་འཁོར་གསུམ་ལྷག་ཡིན། དེ་སྔོན་ནས་རྔ་བ་ཁུལ་ཁོངས་ཀྱི་བོད་མི་རྣམས་ལ་ཕར་འགྲོ་ཚུར་འོང་མི་ཆོག་པའི་བཀག་བསྡོམས་བྱས་པ་རེད། ཡིན་ན་ཡང་། རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་གཅིག་ཀྱང་བཀག་མ་སོང་། ཁ་སང་(ཚེས་༢༨ ཉིན་)ང་ཚོའི་ཡུལ་ཚོ་ནས་མི་བཞི་ལ་རིམས་ནད་ཕོག་འདུག  ང་ཚོའི་ཡུལ་ཚོའི་སྟེང་དུ་རིམས་ནད་ཁྱབ་བརྡལ་གཏོང་མཁན་ནི་ཉེ་ལམ་རྒྱ་ནག་ནས་ན་ཚ་ཡོད་མཁན་གྱི་ཡུལ་སྐོར་བ་ཁག་ཅིག་འབྱོར་བ་དེ་དག་རེད། ཡུལ་མི་བཞི་པོ་ཁོང་ཚོ་དང་མཉམ་དུ་རིམས་ནད་བརྟག་དཔྱད་ཁང་དུ་ཐུག་འཕྲད་བྱུང་བར་བརྟེན་འགོས་ཁྱབ་བྱུང་བ་རེད།”ཅེས་འགྲེལ་བརྗོད་གནང་སོང་།

རྒྱ་ནག་ནི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་ལག་བསྟར་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ན་ཡང་བོད་མི་ཚོའི་རྒྱུན་ལྡན་གྱི་འཚོ་བ་དང་ལས་རིགས་དང་ཤེས་ཡོན་མཁོ་སྤྲོད་བྱེད་སྐབས་དང་། རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་དབྱེ་འབྱེད་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་པ་མ་ཟད་མཐའ་ན་རིམས་ནད་ཁྱབ་བརྡལ་འགྲོ་བའི་དུས་སྐབས་སོགས་ཧ་ཅང་ཛ་དྲག་གི་དུས་སུའང་རྒྱ་བོད་མི་རིགས་གཉིས་ཀྱི་དབར་ལ་འདི་ལྟར་དབྱེ་འབྱེད་འདྲ་མིན་བྱེད་བཞིན་པ་ནི་རྒྱལ་སྤྱིའི་སྤྱི་ཆིངས་ལ་རྩིས་མེད་ཐོག་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་གནད་དོན་ཚབས་ཆེན་ཞིག་ཡིན། རྒྱ་གཞུང་གིས་རྒྱུན་དུ་མི་རིགས་འདྲ་མཉམ་ཡིན་ཞེས་འུར་ཤོབ་ཤུགས་ཆེར་བྱེད་བཞིན་པའི་ཁར་རྩ་ཁྲིམས་སོགས་སུའང་མི་རིགས་འདྲ་མཉམ་ཡིན་ཞེས་བཀོད་པ་ཙམ་མ་ཡིན་པར་དོན་དངོས་སུ་རྒྱ་བོད་མི་རིགས་དབར་དབྱེ་འབྱེད་ཀྱི་རིགས་འགོག་དགོས་

to top