རྒྱ་གཞུང་གི་བཙན་དབང་གི་ཆབ་སྲིད་སློབ་གསོ་དང་ལེན་མ་གནང་བར་བཀག་བསྐྱིལ་བྱས་པའི་བོད་མིའི་འདས་རྐྱེན་ལ་ཞིབ་འཇུག་བྱེད་དགོས།

རྒྱ་གཞུང་གིས་ངེས་པར་དུ་རང་དབང་དང་དྲང་བདེན་གྱི་ཐོག་ནས་བྱིས་པ་དྲུག་གི་ཨ་ཕ་ནོར་བཟང་གི་འདས་རྐྱེན་ལ་མྱུར་དུ་ཞིབ་འཇུག་བྱེད་དགོས། ཁོང་དེ་སྔོན་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྟར་ཆེན་ཤང་དུ་བཀག་ཉར་བྱས་ནས་གཟའ་འཁོར་གཅིག་ལྷག་གི་རྗེས་སུ་ཁོང་གི་སྐུ་གཟུགས་བདེ་ཐང་རྟོགས་ཐབས་བྲལ་བའི་གནས་སྟངས་འོག་འདས་གྲོངས་སུ་གྱུར་ཡོད།

ནོར་བཟང་གློ་བུར་འདས་གྲོངས་སུ་གྱུར་བ་དེའི་རྒྱབ་ལོགས་ཀྱི་དངོས་འབྲེལ་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་དང་ཐག་གཅོད་ནན་མོ་བྱེད་དགོས། “རྒྱ་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ་ཚེ་སྲོག་གི་ཐོབ་ཐང་ལ་རྡོག་རོལ་བཏང་བ་གསལ་བཤད་དང་བཙན་དབང་གི་ཁྲིམས་འགལ་བྱེད་པོ་དཔོན་རིགས་ཚོར་དུས་ཐོག་ཏུ་ཉེས་ཆད་གཅོད་དགོས།” ཞེས་འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མས་གསུང་དོན། “རྒྱ་གཞུང་གིས་ད་དུང་གནོད་འཚེ་ཕོག་མཁན་གྱི་ནང་མི་ཚོར་གུན་གསབ་འོས་འཚམས་སྤྲོད་དགོས་པར་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་བཏོན་ནས་མ་འོངས་པར་བཀག་ཉར་འོག་གི་བོད་མིའི་ཚེ་སྲོག་གི་ཐོབ་ཐང་རྡོལ་རོལ་གཏོང་རྒྱུ་སྔོན་འགོག་བྱེད་དགོས།”

ཕྱི་ལོ་༢༠༡༩ ཟླ་༩ བའི་ནང་རྒྱ་གཞུང་གིས་ནོར་བཟང་སྟར་ཆེན་ཤང་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་པ་དང་། ཁོང་དང་མཉམ་དུ་གཞན་བོད་མི་༥ བཀག་ཉར་བྱས་འདུག ཁོང་ཚོས་རྒྱ་ནག་དམར་ཤོག་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠ ལོན་པའི་རྒྱལ་སྟོན་སྐབས་སུ་ས་གནས་སྲིད་གཞུང་གིས་གོ་སྒྲིག་བྱས་པའི་བཙན་དབང་གི་ཆབ་སྲིད་སློབ་གསོའི་ལས་འགུལ་དང་ལེན་མ་གནང་བའི་རྐྱེན་གྱིས་ཁོང་ཚོ་བཀག་ཉར་བྱས་པ་རེད།

སྐབས་དེར་ངོ་རྟགས་མ་ཆོད་པའི་བོད་མི་༥ དུས་ཡུན་བདུན་གཅིག་མ་ཟིན་ཙམ་ལ་གློད་ཀྲོལ་བཏང་ཡོད་ནའང་། རྒྱ་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་རིགས་ཚང་མར་དམ་དྲག་བྱས་རྐྱེན་ནོར་བཟང་གར་ཡོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་མ་ཐུབ་པར་ལྷག་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་དོན་ལྟར་ན། བཀག་ཉར་ཁང་དུ་ནོར་བཟང་ལ་གཅར་རྡུང་དང་མནར་གཅོད་བཏང་བར་བརྟེན་ནས་ཁོང་འདས་གྲོངས་སུ་འགྱུར་བ་ཡིན་ངེས་རེད། ཁྲིམས་འགལ་གྱིས་དམར་གསོད་བཏང་བའི་དོན་དངོས་གསང་རྒྱར་སྡོམ་ཐབས་སུ།  རྒྱ་ནག་ས་གནས་སྤྱི་བདེ་ཉེན་རྟོག་པས།  ནོར་བཟང་གིས་བུ་ལོན་འབོར་ཆེན་འཇལ་མ་ཐུབ་པའི་རྐྱེན་གྱིས་ཁོང་ས་གནས་དེ་གའི་ཤག་ཆུའི་ཟམ་ཁ་ནས་མཆོངས་ཏེ་རང་ཤི་བརྒྱབ་ལུགས་བསྒྲགས་འདུག

གང་ལྟར་ས་གནས་བོད་མིས་འདི་ག་ལྟེ་གནས་ཁང་ལ་གསུང་དོན་ལྟར་ན། ནོར་བཟང་ཚང་གི་དཔལ་འབྱོར་གྱི་གནས་སྟངས་འགྲིག་ཐག་ཆོད་ཡོད་པ་དང་། ཁོང་གི་མིང་ཐོག་ན་བུ་ལོན་སྐར་གང་ཡང་མེད་འདུག མ་ཟད་ས་གནས་བོད་མི་ཚོས་ད་དུང་ས་གནས་ཉེན་རྟོག་པས་ནོར་བཟང་ལ་གཅར་རྡུང་བཏང་ནས་བསད་རྗེས། ཁོང་རྐྱེན་འདས་ཀྱི་འགན་འཁྲི་ལ་གཡོལ་ཆེད་ཁོང་གིས་རང་ཤི་བརྒྱབ་ལུགས་ཀྱི་གནས་ཚུལ་རྫུན་སྒྲིག་བྱས་པར་ཡིད་ཆེས་གནང་གི་འདུག

ཕྱི་ལོ་༢༠༡༩ ཟླ་༡༠ བའི་ཟླ་བསྟོད་ཙམ་ལ་ནོར་བཟང་འདས་གྲོངས་སུ་གྱུར་བ་དང་འཕྲལ་དུ་ས་གནས་ཉེན་རྟོག་རུ་ཁག་སླེབས་ནས་ཉིན་གྲངས་ཁ་ཤས་རིང་ལ་ཁོང་གི་ཁྱིམ་ཚང་སྔོག་བཤེར་བྱས་པ་དང་། བཙན་དབང་གིས་སྔོག་བཤེར་བྱས་པ་དེས། ཁྱོ་བོ་གྲོངས་པའི་སྡུག་བསྔལ་གཟིར་བའི་ཤུལ་ལུས་བཟའ་ཟླར་སུན་གཙེར་ཚད་མེད་བཟོས་འདུག་ལ། སྐབས་དེར་ནོར་བཟང་གི་བཟའ་ཟླར་མངལ་སྦྲུམ་ཡོད་ཁར་ཁྱིམ་དུ་བྱིས་པ་དྲུག་ཡོད་འདུག

ནོར་བཟང་བཀག་ཉར་བྱས་རྗེས། ནང་མི་ཚོས་ཁོང་མཐོང་ཐུབ་མེད་པ་རེད། དེ་ཡང་ནང་མི་ཚོས་ཁོང་ལ་ཟ་མ་སོགས་མཁོ་ཆས་ཁྱེར་ནས་ཐུག་འཕྲད་དུ་ཕྱིན་སྐབས། ས་གནས་ཉེན་རྟོགས་པས་ཁོང་ཚོ་ཐུག་བཅུག་མེད་པར་མ་ཟད། ལྡོག་སྟེ་ཁོང་ཚོས་མུ་མཐུད་དུ་ཐུག་འཕྲད་ཀྱི་རེ་བ་ཞུས་ཚེ། ནོར་བཟང་ལ་ཉེས་ཆད་ལྕིད་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བཏང་འདུག

རྒྱ་གཞུང་གིས་ནོར་བཟང་ལ་ཁྲིམས་མཐུན་གྱི་གཞི་འཛིན་ས་ཅི་གང་མེད་པར་གང་བྱུང་བཀག་ཉར་བྱས་ནས་མཐར་དམར་གསོད་བཏང་བ་དེས། ནོར་བཟང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། དེའི་ནང་དུ་ཁོང་གི་བསམ་བློའི་རང་དབང་དང་སྲིད་གཞུང་གི་དབང་འཛིན་ཇུས་གཏོགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་པའི་ཐོབ་ཐང་སོགས་རྡོག་རོལ་བཏང་བ་ཚུད་ཡོད།

ནོར་བཟང་ནི་སྟར་ཆེན་ཤང་སྲ་བྷ་གྲོང་ཚོའི་ཡུལ་མི་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསོད་ནམས་དབྱངས་དགའ་དང་མ་མིང་ལ་གངས་ཆུང་ཞུ་བ་དང་། ཁོང་ནི་མངོན་གསལ་དོད་པོར་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་དང་ལེན་མི་གནང་མཁན་ཞིག་དང་དེ་ལ་ཞི་རྒོལ་གནང་མཁན་ཞིག་ཡིན་ཞིང་། རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ནང་དུ་ས་གནས་བོད་མི་ཚོས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་སྒྱུར་འོག་ཏུ་རང་ཉིད་ལ་བདེ་སྐྱིད་དང་རང་དབང་ཅི་གང་མེད་བཞིན་དུ་ད་དུང་ཡོད་མདོག་གི་འཁྲབ་སྟོན་བྱེད་དགོས་ཁར། དམར་ཤོག་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་འདྲ་པར་སྒྲིག་ཤོམ་དང་དར་དམར་སྒྲེང་འཛུགས་བྱེད་དགོས་པའི་བཙན་སྐུལ་གཏོང་གི་ཡོད་འདུག ཡིན་ནའང་ནོར་བཟང་ནི་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་གནང་མཁན་ཞིག་ཡིན་འདུག

ཕྱི་ལོ་༢༠༢༠ ཟླ་༥ ནང་རྒྱ་གཞུང་གིས་ནོར་བཟང་གི་ཕ་ཡུལ་གྲོང་སྡེ་ཞིབ་བཤེར་གྱི་དམིགས་འབེན་དུ་བཟུང་ནས་“ཕྱི་རྒྱལ་གྱི་ལས་ཁུངས་ཁག་”ལ་འབྲེལ་གཏུག་བྱེད་ཀྱི་ཡོད་མེད་རྩད་གཅོད་ནན་མོ་བྱེད་མུས་ཡིན་པ་དང་། དོགས་ཡོད་ཡུལ་མི་ཚོའི་ཁྱིམ་ཚང་དང་ལག་འཁྱེར་ཁ་པར་སྔོག་བཤེར་བྱེད་ཁར་ད་དུང་བཙན་དབང་གི་བྱེད་ཐབས་གཞན་མང་པོ་སྤྱོད་མུས་ཡིན་འདུག མ་ཟད་ས་གནས་སྲིད་གཞུང་གིས་ཡུལ་མི་ཚོར་“ཁ་བྲལ་རིང་ལུགས་པར་”འབྲེལ་གཏུག་བྱས་ན། མཇུག་འབྲས་ཚབས་ཆེན་ཡིན་པའི་འཇིགས་སྐུལ་བཏང་བ་དང་། གྲོང་སྡེའི་ནང་དོགས་ཡོད་མི་སྣ་ཐེར་འདོན་དང་བཀར་ཉར་བྱེད་ཀྱི་ཡོད་འདུག

to top