རྒྱ་གཞུང་གི་དྲིལ་བསྒྲགས་སོགས་ལ་དགག་པ་བྱས་པས་བོད་ཀྱི་དགེ་འདུན་པ་གཉིས་ལ་བཙོན་འཇུག་ཁྲིམས་ཆད་བཏང་འདུག

དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཁམས་རྫ་ཆུ་ཁ་བ་རོང་སྡེ་པ་ནས་ཡིན་པའི་གྲྭ་བསྟན་འཛིན་དར་རྒྱས་དང་རིག་ཚེ་གཉིས་ཀྱིས་རྒྱ་གཞུང་གི་དྲིལ་བསྒྲགས་རིགས་ལ་དགག་པ་བརྒྱབས་པ་དང་༧གོང་ས་མཆོག་གི་སྐུ་པར་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉར་ཚགས་བྱས་པ་སོགས་ནག་ཉེས་སུ་བརྩིས་ཏེ་ལོ་གཉིས་མ་ཟིན་ཙམ་བཀག་ཉར་བྱས་རྗེས་ཉེ་ལམ་ཕྱི་ཟླ་དྲུག་པའི་ནང་ཡས་མས་སུ་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་ཟེར་བས་བསྟན་འཛིན་དར་རྒྱས་ལགས་ལ་ལོ་གསུམ་དང་ཕྱེད་ཀ་དང་རིག་ཚེ་ལགས་ལ་ལོ་གསུམ་བཅས་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་འདུག 

ད་ལྟའི་ཆར་ཁོང་རྣམ་གཉིས་ཀྱི་གནས་ཚུལ་ལ་ཧ་ཅང་གསང་རྒྱ་ཆེན་པོ་བྱས་པ་དང་ནང་མི་ལའང་གཞི་རྩའི་གནས་ཚུལ་མཁོ་སྤྲོད་མ་བྱས་པ་མ་ཟད། དེའི་ཕྱོགས་ཀྱི་གནས་ཚུལ་གླེང་སློང་བྱེད་མཁན་ཚོར་གཞུང་གི་སྐྱོབ་གསོ་འགོག་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་ཡང་ཡང་བཏང་བར་བརྟེན་ཁོང་རྣམ་གཉིས་བཙོན་ཁང་གང་དུ་བཅུག་ཡོད་མེད་གསལ་པོ་ཤེས་རྟོགས་མི་ཐུབ་ནའང་ཁྲིམས་ཐག་བཅད་རྗེས་སེར་ཤུལ་རྫོང་ནས་ས་གནས་གཞན་ཞིག་ཏུ་ཁྲིད་དེ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག

ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༩ པའི་རྫ་ཆུ་ཁ་བ་རོང་སྡེ་པ་ནས་ཡིན་པའི་གྲྭ་བསྟན་འཛིན་དར་རྒྱས་ཀྱི་ཁ་པར་རྒྱ་གཞུང་ཉེན་རྟོག་པས་བསྔོག་བཤེར་བྱས་རྗེས་༸གོང་ས་མཆོག་གི་སྐུ་པར་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉར་ཚགས་བྱས་ཡོད་ཚུལ་སོགས་བཤད་དེ་འཇུ་བཟུང་བཀག་བྱས་པ་དང་ཁོང་དང་མཉམ་དུ་དགེ་འདུན་པ་གཞན་ཞིག་ཀྱང་འཇུ་བཟུང་བྱས་པ་ཡོད་པའི་གནས་ཚུལ་ཐོན་ཀྱང་དེ་ཉིད་ཡུན་རིང་ངོས་རྟགས་ཆོད་མེད། ཉེ་ལམ་འབྱོར་བའི་གནས་ཚུལ་ལྟར་ན་དགེ་འདུན་པ་གཞན་དེའི་མཚན་ལ་རིག་ཚེ་ཟེར་བ་དང་ཁོང་གཉིས་ཁྲིམས་ཐག་བཅད་པའི་དུས་ཚོིད་ཀྱང་གཅིག་པ་འཁེལ་ཡོད་པ་རེད།

བསྟན་འཛིན་དར་རྒྱས་ལགས་ཀྱི་སྐད་འཕྲིན་གྱི་ངོས་པར།

ཁོང་རྣམ་གཉིས་ཕ་ཡུལ་བ་རོང་སྡེ་པ་ནས་ཡིན་ཡང་རྫ་སེར་ཤུལ་དགོན་དུ་སློབ་གཉེར་གནང་གི་ཡོད་པ་རེད། གྲྭ་རིག་ཚེ་ཡི་སྐོར་གྱི་ཞིབ་ཕྲ་གནས་ཚུལ་གང་ཡང་ལག་སོན་བྱུང་མེད། བསྟན་འཛིན་དར་རྒྱས་ལགས་ནི་རྒྱུན་དུ་བོད་ཀྱི་ཛ་དྲག་གནས་བབ་ཐད་ཐུགས་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད། ཁོང་གིས་སྐད་འཕྲིན་སོགས་སུའང་བོད་ཀྱི་ཛ་དྲག་གནས་བབ་དང་འབྲེལ་བའི་གནས་ཚུལ་བརྒྱུད་འགོད་གནང་བ་མ་ཟད་སྐད་འཕྲིན་མིང་བྱང་དུའང་ཏཱ་ལའི་རྗེས་འབྲང་ཞེས་བྲིས་ཡོད་པ་དང་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་སོགས་ནམ་རྒྱུན་དྲྭ་ལམ་སོགས་སུ་བརྒྱུད་སྤེལ་གནང་གི་ཡོད་པ་རེད། ལྷག་པར་དུ་ལོ་གཉིས་གསུམ་གྱི་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཡུལ་ལུང་གང་སར་བོད་དུ་བཅིངས་གྲོལ་བཏང་ནས་ལོ་བདུན་ཅུ་འཁོར་གྱི་ཡོད་ཚུལ་བཤད་དེ་དྲིལ་བསྒྲགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བའི་སྐབས་སུ་བསྟན་འཛིན་དར་རྒྱས་ལགས་ཀྱིས་བོད་ལ་བཅིངས་གྲོལ་ཟེར་བ་ཞིག་བཏང་མྱོང་མེད་ཅེས་དགག་བརྒྱག་གི་བཀའ་མོལ་ཡང་གནང་ཡོད་པ་རེད།

སྤྱིར་བ་རོང་སྡེ་པ་ནི་སེར་ཤུལ་རྫོང་དུ་བར་ཐག་ཧ་ཅང་ཉེ་བར་བརྟེན་རྒྱུན་དུ་གཞུང་ཕྱོགས་ནས་དྲིལ་བསྒྲགས་དང་འབྲེལ་བའི་བྱེད་སྒོ་སྣ་མང་སྤེལ་བ་མ་ཟད་རྒྱ་ནག་ལ་དགའ་ཞེན་དགོས་པ་སོགས་ཀྱི་སློབ་གསོ་དང་ལས་འགུལ་མང་པོ་སྤེལ་ནས་མི་མང་ལ་སུན་བཙིན་བཟོ་ཡི་ཡོད་པ་རེད། དེར་བརྟེན། ཡུལ་དེའི་སྐྱ་སེར་མི་མང་སྤྱི་དང་ལྷག་པར་དུ་ན་གཞོན་ཚོའི་ཁྲོད་དུ་རྒྱ་མིའི་དྲིལ་བསྒྲགས་ཀྱི་ལས་འགུལ་དང་སློབ་གསོ་སོགས་ལ་ཡིག་ངག་གཉིས་ཐོག་ནས་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། 

to top