དེ་སྔོན་འབྲི་རུ་འབྲོང་སྣ་དགོན་པར་རྒྱ་གཞུང་གིས་སྔ་ཕྱིར་དྲག་གནོན་བཀག་སྡོམ་བྱས་ཏེ། དགོན་པའི་ཆོས་ཀྱི་བྱེད་སྒོ་ཁག་བཀག་འགོག་དང་གྲྭ་བ་མང་པོ་འཇུ་བཟུང་བཙོན་འཇུག གྲྭ་ཤག་མང་པོ་སྒོ་བརྒྱབ་བཅུག་པའི་གནས་ཚུལ་ཐོན་ཡོད་པ་ལྟར། དགོན་པའི་དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ཀྱང་སྔར་ལོའི་ཕྱི་ཟླ་ ༡༢ པོའི་ནང་འཇུ་བཟུང་བཙན་འཁྲིད་ཀྱིས། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཆབ་སྲིད་ཉེས་མིང་འོག་ལོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་ཁམས་ནགས་ཤོད་འབྲི་རུ་འབྲོང་སྣ་དགོན་པའི་དབུ་མཛད་དང་ཀྲུའུ་རིན་གཅིག་ལྕོགས་ཡིན་པ་གྲྭ་ཐར་འདོད་རྒྱལ་མཚན་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༡༢ པའི་ནང་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་རྗེས། འབྲེལ་ཡོད་ནང་མིས་ཁོང་འཇུ་བཟུང་དགོས་དོན་དང་ས་གནས་གང་དུ་བཀག་སྐྱིལ་བྱས་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ཟླ་འགའི་རིང་གར་སོང་ཆ་མེད་དུ་གྱུར་མཐར། ཕྱི་ལོ་ ༢༠༡༤ ཟླ་ ༡ པོའི་ནང་རྒྱ་གཞུང་གིས་ཁོང་ལ་ལོ་ ༡༨ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་ཡོད་འདུག ཡིན་ནའང་། ཁོང་ལ་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་པའི་ཉེས་མིང་དང་ཁྲིམས་ཁང་གང་ནས་ཁྲིམས་ཐག་བཅད་པ། ད་ལྟའི་ཆར་བཙོན་ཁང་གང་ཞིག་ཏུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ཀྱིས་བོད་པའི་སྐད་ཡིག་རིག་གནས་རྒྱུན་འཛིན་ཆེད། དགོན་པའི་ནང་བོད་རང་གི་སྐད་ཡིག་གཙོ་བོ་ཡིན་པའི་སློབ་གྲྭ་གཉེར་མྱོང་ཡོད་པ་དང་། སློབ་གྲྭ་དེར་ཕལ་ཆེན་སློབ་མ་ ༣༠༠ འདུ་འཛོམས་ཀྱིས་ས་གནས་བོད་མིའི་ཁྲོད་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་ཐད་ནུས་པ་ཆེན་པོ་འཐོན་བཞིན་པ་བཅས་ལ་བརྟེན། རྒྱ་གཞུང་གིས་བོད་ཀྱི་རིག་གནས་ཡར་རྒྱས་རྒྱུན་འཛིན་གྱི་སློབ་གསོའི་རིགས་བཀག་འགོག་བྱ་ཆེད། ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་ལ་ཁ་གཡར་ཏེ་སློབ་གྲྭ་སྒོ་རྒྱག་བཅུག་པ་མ་ཟད། རྗེ་སུ་དགོན་པའི་ནང་དུ་སྔོག་བཤེར་དང་གྲྭ་ཤག་མང་པོ་ཡང་སྒོ་རྒྱག་བཅུག་པ་ལྟར། བར་སྐབས་དེར་དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ལའང་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་ཉར་བ་སོགས་ལ་ཁ་གཡར་ཏེ་ཆབ་སྲིད་ཀྱི་ཉེས་མིང་འོག་འཇུ་བཟུང་བཙོན་འཇུག་བྱས་པ་ཞིག་ཆགས་ཡོད་འདུག
དེ་བཞིན། ཕྱི་ལོ་ ༢༠༡༣ གྱི་ལོ་སྨད་དང་ ༢༠༡༤ ལོ་སྟོད་ཀྱི་བར་དུ་འབྲི་རུ་རྫོང་ཁོངས་སུ། བོད་རིགས་སེར་སྐྱ་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། བོད་ཀྱི་རིག་གཞུང་བདག་སྐྱོང་གི་ལས་འགུལ་སྤེལ་བ་སོགས་ཀྱི་རྐྱེན་པས། བོད་མི་མང་པོ་འཇུ་བཟུང་རྡུང་རྡེག་དང་བཙོན་འཇུག་ཁྲིམས་གཅོད་བྱས་པའི་གྲས་སུ། འབྲོང་སྣ་དགོན་པའི་རིག་གནས་དགེ་རྒན་སྐལ་བཟང་དོན་གྲུབ་གཙོ་བྱས་ཏེ་གྲྭ་རྒྱུན་ཁ་ཤས་བཙན་བཟུང་བྱས་ཡོད་ཅིང་། སྔ་ལོའི་ལོ་མཇུག་ལ་དགོན་པའི་ནང་དུ་རྒྱ་དམག་གིས་གྲྭ་ཤག་ཁག་སྔོག་བཤེར་བྱས་ནས་མཐར་གྲྭ་ཤག་དང་དགོན་པ་སྒོ་ཐེལ་བརྒྱབས་པའི་གནས་ཚུལ་བྱུང་ཡོད་ལ། ད་ལྟའི་གནས་སྐབས་སུ་ཡང་དགོན་པའི་དགེ་འདུན་པ་རྣམས་ཚོགས་འཚོག་རྒྱུ་ལ་སོགས་པའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ཀྱང་བྱེད་དབང་མེད་པར་ལྷག་ཡོད་འདུག
དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ནི། ཕྱི་ལོ་ ༡༩༦༠ ལོར་ཤར་སྣེ་གྲོང་དུ་ཡབ་འབྱུང་གནས་དང་ཡུམ་ཨ་སྒྲོལ་གཉིས་ཀྱི་བུར་སྐྱེས་ཤིང་། དགུང་ལོ་གཞོན་དུས་གདན་ས་ཆེན་པོ་དགའ་ལྡན་དུ་ཆོས་བཞུགས་གནང་སྟེ། ནང་པ་སངས་རྒྱས་པའི་གཞུང་ལ་ཐོས་བསམ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོ་ནས་འབྲོང་སྣ་དགོན་པའི་དབུ་མཛད་ཀྱི་ཐུགས་འགན་དང་། ༡༩༩༨ ལོ་ནས་དགོན་པའི་ཀྲུའུ་རིན་གི་ཕྱག་ལས་གནང་བ་མ་ཟད། ཁོང་གིས་འབྲོང་སྣ་དགོན་པའི་ཤེས་ཡོན་སློབ་གསོ་དང་། འདོན་རྟ་དབྱངས། ཐུན་མོང་མ་ཡིན་པའི་བྱེད་སྒོ་ཁག་བཅས། མདོར་ན་དགོན་པའི་བསླབ་པ་སློབ་གཉེར་དང་འཛིན་སྐྱོང་གང་ཅིའི་ཐད་ལ་ཐུགས་ཁུར་ཆེན་པོས་ཕྱག་ལས་གནང་ཡོད་པས། སྡེ་དགོན་གཉིས་ཀས་གུས་བརྩི་དད་མོས་ཆེན་པོ་ཞུ་སའི་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་ནི་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ་པ་དང་། དེ་སྔོན་དུས་རབས་ཉི་ཤུའི་དཀྱིལ་དུ་རྒྱ་དམར་གྱིས་བོད་ཀྱི་ཆོས་དང་རིགས་གཞུང་གཏོར་བཤིག་བྱེད་པའི་སྲིད་ཇུས་འོག་འབྲོང་སྣ་དགོན་པའང་རྩ་གཏོར་དུ་ཕྱིན་ཡོད་པ་དང་། རྗེས་སུ་དགོན་པ་དེའི་མཁན་པོ་མཁྱེན་རབ་ཆོས་གྲགས་དང་དབུ་མཛད་བསྟན་འཛིན་དབང་ཕྱུག་སོགས། གནས་བརྟན་བགྲེས་སོན་རྣམས་ཀྱིས་དགོན་པའི་རྟེན་དང་བརྟེན་པ་ཞིག་གསོ་གནང་བར་བརྟེན་ནས། ད་ལྟའི་ཆར་དགོན་པར་དགེ་འདུན་ཞལ་གྲངས་ ༩༠ ཙམ་ཡོད་འདུག མཁན་པོ་མཁྱེན་རབ་ཆོས་གྲགས་ལགས་ནི་ཐར་འདོད་རྒྱལ་མཚན་ལགས་ཀྱི་ཨ་ཁུ་ཡིན་ཞིང་། རིག་གསར་དུས་ཟིང་སྐབས་མཁན་པོ་ཁོང་ལ་ཡང་ལོ་ངོ་ ༡༥ རིང་བཙོན་འཇུག་འོག་མནར་གཅོད་ཚད་ལས་འདས་པ་མྱངས་དགོས་བྱུང་ཡོད་པ་རེད།
དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ཀྱི་ཡབ་འབྱུང་གནས་ལགས་ལ་མཚོན་ནའང་། ཕྱི་ལོ་ ༡༩༦༩ ལོར་འབྲི་རུའི་མི་དམངས་ཀྱིས་སོ་སོའི་ཆོས་དང་རིག་གཞུང་། ལུང་པ་སོགས་སྲུང་སྐྱོབ་བྱ་ཆེད། སྐྱེས་པ་ཕོ་ལོ་ ༡༨ ཡན་ཆད་དང་ ༦༠ མན་ཆད་ཡོངས་རྫོགས་དམག་ལ་བཞུགས་ནས། འབྲི་རུ་རྫོང་ཐོག་ཏུ་རྒྱ་དམག་དང་འཐབ་འཁྲུག་སྐབས་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཕྲོགས་པའི་ཁྲོད་དུ་འདས་གྲོངས་ཕྱིན་ཡོད་པ་དང་། ཁོང་གི་ཨ་ཁུ་བཀྲ་ཤིས་སྲིད་ཐར་ཞུ་བ་ཞིག་ལའང་སྐབས་དེའི་དོན་རྐྱེན་འོག་སྲོག་ཁྲིམས་ཕོབ་པའི་རྐྱེན་གྱིས། ལོ་ངོ་གསུམ་ཙམ་རིང་རི་མགོར་བྲོས་བྱོལ་དུ་ཕྱིན་དགོས་བྱུང་ཡོད་ཀྱང་། རྗེས་སུ་རྒྱ་གཞུང་གིས་སྲིད་ཇུས་ཅུང་གུ་ཡངས་ཕྱིན་པར་བརྟེན་ནས་སྲོག་ཁྲིམས་ཕྱིར་འཐེན་བྱས་ཡོད་འདུག
དེ་ལྟར་དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ཀྱི་ཁྱིམ་ཚང་ལ་མཚོན་ན། རྒྱ་གཞུང་གིས་ཕ་རབས་བུ་རྒྱུད་རིམ་པར་དྲག་གནོན་དང་བཙོན་འཇུག་མནར་གཅོད་བཏང་ཡོད་པ་རེད།