འབྲི་རུ་རྫོང་གིས་ཁྲིམས་ཐོག་ནས་ཆོས་ལུགས་དད་མོས་རང་དབང་རྩ་གཏོར་བཞིན་ཡོད།

mmexport1444731744937འབྲི་རུ་རྫོང་གིས་བོད་མིའི་ཆོས་ལུགས་དད་མོས་རང་དབང་བཀག་སྡོམ་ཐད། ཆེད་དམིགས་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ་དགོན་པར་ཕྱོགས་ཡོངས་ནས་སྟངས་འཛིན་དོ་དམ་དང་གྲྭ་བཙུན་རྣམས་ཕྱིར་ཕུད། མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བཀག་སྡོམ་བཅས་བྱས་ཏེ། དགོན་པ་ནི་སྲིད་གཞུང་གི་ལས་ཁུངས་དང་གྲྭ་བཙུན་རྣམས་དམར་ཤོག་ཚོགས་མི་ལྟ་བུར་བསྒྱུར་གྱིན་ཡོད།

ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༩ ཉིན་འབྲི་རུ་རྫོང་གིས་སྲིད་གཞུང་ཡིག་ཆ་ཨང་ ༢༢༤ པ་སྟེ། <<ཆོས་ལུགས་ཁྱབ་ཁྱོངས་བཅོས་བསྒྲིག་གཙར་བཤེར་དང་ཚད་ལྡན་བཟོ་རྒྱུའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་རྒྱུ་དང་། དགོན་སྡེའི་དབང་ཆ་བཞིར་ཁྲིམས་ལྟར་ཤུགས་སྣོན་རྒྱག་རྒྱུའི་ལས་ཀའི་འགན་འཁྲི་རྩད་གཅོད་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་ཆད་གཅོད་གཏན་འབེབས། (གནས་སྐབས་ལག་བསྟར་བྱ་རྒྱུ)>> ཞེས་པའི་ལེའུ་གསུམ་དང་གནང་གསེས་ས་བཅད་ ༢༤ དང་དོན་ཚན་ ༧༤ ཅན་གྱི་སྒྲིག་གཞི་ཡིག་ཆ་ཞིག རྫོང་གི་ཐད་གཏོགས་ཚན་པ་ཁག་དང་། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་ཁག དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཁག མངའ་ཁོངས་སྡེ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། དགོན་པ་དང་སྡེ་བར་ཆེད་མངགས་བཅའ་སྡོད་ལས་བྱེད་སོགས་སུ་འགྲེམས་སྤེལ་བྱས་ཏེ། འབྲི་རུ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་གི་ཆོས་ལུགས་བྱེད་སྒོ་ཁག་ལ་དོ་དམ་ནན་མོ་དང་། གྲྭ་བཙུན་གྲངས་འབོར་ཚད་འཛིན་དང་ཕྱིར་ཕུད་སོགས་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

ཡིག་ཆ་དེའི་ནང་འབྲི་རྫོང་གིས་ལས་དོན་རྣམ་གྲངས་ ༢༤ བགར་བའི་ཐོག་ནས། ས་གནས་བོད་མིའི་ཆོས་ལུགས་དད་མོས་རང་དབང་བཀག་སྡོམ་བྱ་དགོས་པ་གསལ་བོར་བསྒྲགས་ཡོད། ནང་དོན་དེ་དག་ཕྱོགས་བསྡོམས་བྱས་པ་ཡིན་ན། རྒྱ་གཞུང་གིས་དགོན་པའི་སྲོལ་རྒྱུན་ལམ་ལུགས་ལ་བཅོས་བསྒྱུར་གྱིས་དོ་དམ་བཀག་སྡོམ་བྱེད་ཀྱིན་པའི་ཐད་ནས། གཅིག དགོན་སྡེ་ཁག་གི་རྟེན་བཞེངས་རིག་དངོས་མཐའ་དག་རེ་རེ་བཞིན་ཐོ་འགོད་བྱས་ཐོག དེ་དག་ཉར་འཇོག་དང་ཞིག་གསོའི་ཁེ་དབང་མཐའ་དག་རྒྱ་གཞུང་གིས་བཙན་འཕྲོག་སྟངས་འཛིན་བྱེད་ཀྱིན་ཡོད། གཉིས། དགོན་པའི་ཆོས་ལུགས་བྱེད་སྒོ་མཐའ་དག་ལ་སྟངས་འཛིན་བྱས་ཏེ། མང་ཚོགས་ཀྱིས་དབང་ལུང་དང་གསུང་ཆོས་ཞུ་རྒྱུ་ཚད་བཀག་ནན་མོ་བཟོས་ཡོད། གསུམ། དད་ལྡན་མང་ཚོགས་ནས་དགོན་སྡེ་དང་བླ་སྤྲུལ་ལ་འབུལ་དངོས་ཕུལ་བ་མཐའ་དག་ལ་རྒྱ་གཞུང་གིས་སྟངས་འཛིན་དོ་དམ་བྱས་ཏེ། དགོན་པའི་དཔལ་འབྱོར་འདུ་འགོད་དང་རྟེན་བཞེངས་འཛུགས་བསྐྲུན་གྱི་ལམ་ཁ་ཡོད་ཚད་བཀག་འགོག་སྡོམ་བྱས་ཡོད། བཞི། དགོན་སྡེ་དང་བླ་སྤྲུལ། གྲྭ་བཙུན་བཅས་ཀྱི་ངོས་ནས་གོད་ཆག་བྱུང་ཡུལ་ལ་བྱམས་བརྩེ་རོགས་སྐྱོར་དང་། འཚོ་བར་དཀའ་ངལ་ཅན་གྱི་མང་ཚོགས་ལ་རོགས་དངུལ་བསྐྱི་གཡར་སོགས་སྤྱི་ཚོགས་ཞབས་ཞུའི་ལས་སྒོ་མཐའ་དག་བཀག་སྡོམ་བྱས་ཡོད། ལྔ། དགོན་སྡེ་གྲྭ་བཙུན་གྱི་འདུལ་ཁྲིམས་རྣམས་དམར་གཞུང་གི་ཁྲིམས་སྒྲིག་གི་ངོ་བོར་བསྒྱུར་ཐབས་བྱས་ཏེ། གྲྭ་བཙུན་རྣམས་ཀྱི་ཐོས་བསམ་སྒོམ་གྱི་རང་དབང་ལ་གཅུན་སྡོམ་བྱེད་ཀྱིན་ཡོད། དྲུག དགོན་པར་དུས་རྒྱུན་གཟའ་ཕུར་བའི་ཉིན་གྲྭ་བཙུན་བསྡུ་སྐོང་གིས་ཆབ་སྲིད་སློབ་གསོ་སྤེལ་དགོས་པའི་སྒྲིག་གཞི་བཟོས་ཏེ། དགོན་པ་ནི་ཆབ་སྲིད་སློབ་གསོ་སྤེལ་ཡུལ་གྱི་དམར་ཤོག་སློབ་གྲྭ་ཞིག་ཏུ་བསྒྱུར་གྱིན་ཡོད།

mmexport1444731749045རྒྱ་གཞུང་གིས་བླ་སྤྲུལ་དང་སྐྱེས་ཆེན་རྣམས་ལ་བཙན་གནོན་སྟངས་འཛིན་བྱེད་ཀྱིན་པའི་སྐོར་ནས། གཅིག བླ་སྤྲུལ་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་བདག་དབང་ཡོད་ཚད་རྒྱ་གཞུང་གིས་བཙན་འཕྲོག་གིས། བླ་སློབ་ཀྱི་དམ་ཚིག་དང་དབང་ལུང་མན་ངག་གི་བརྒྱུད་པ་སོགས། ཆོས་ཕྱོགས་ཀྱི་ལུགས་སྲོལ་མཐའ་དག་རྩ་གཏོར་བྱེད་བཞིན་ཡོད། གཉིས། བླ་སྤྲུལ་དང་སྐྱེས་ཆེན་དམ་པ་དག་ལ་བཙན་དྲགས་གནོན་ཤུགས་སྤྲད་ནས། གྲྭ་བཙུན་རྣམས་ལ་དམར་ཤོག་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་བྱེད་བཅུག་སྟེ། བླ་སྤྲུལ་རྣམས་དམར་ཤོག་ཁྲིམས་སྒྲིག་སྤེལ་མཁན་གྱི་མགྲིན་ཚབ་པ་བཟོ་བཞིན་ཡོད།

རྒྱ་གཞུང་གིས་གྲྭ་བཙུན་རྣམས་ལ་བཀག་སྡོམ་སྟངས་འཛིན་བྱེད་ཀྱིན་པའི་སྐོར་ནས། གཅིག རྒྱ་གཞུང་གི་གཏན་འབེབས་ཚད་བཀག་ལྟར། དགོན་སྡེ་དང་ལྷ་ཁང་། རི་ཁྲོད་བཅས་ཀྱི་གྲྭ་བཙུན་རྣམས་བཙན་ཤུགས་ཀྱིས་ཕྱིར་ཕུད་གཏོང་གི་ཡོད། གཉིས། གྲྭ་བཙུན་རྣམས་ཀྱི་ཆོས་སློབ་གཉེར་ཐད་བཀག་སྡོམ་གྱིས་གྲྭ་པ་ཆོས་སྐོར་དུ་བསྐྱོད་རྒྱུ་གཏན་འགོག་བྱེད་ཀྱིན་ཡོད། གསུམ། གྲྭ་བཙུན་རྣམས་རྒྱུན་ལྡན་ཡར་མར་ཕྱོགས་བསྐྱོད་སྐབས་སུའང་རྒྱ་གཞུང་ལ་སྙན་སེང་དགོངས་ཁྲོལ་ལེན་དགོས་པའི་བཟང་བཙོན་གྱི་རྣམ་པར་བསྒྱུར་ནས་གྲྭ་བཙུན་ཚོའི་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད། བཞི། དགོན་པར་གྲྭ་བཙུན་ས་མིག་སྟོང་བའི་ཐོག་གྲྭ་བཙུན་གསར་པ་བསྡུ་ལེན་སྐབས། བཙན་གྱིས་དམར་ཤོག་དང་རྒྱ་གཞུང་ལ་དགའ་ཞེན་དང་ཁོ་ཚོའི་བཀའ་བཀོལ་ལ་ཉན་མཁན་འདེམས་སྒྲུག་བྱས་ཏེ་གྲྭ་བཙུན་རྣམས་དམར་ཤོག་ཏང་མིའི་ངོ་བོར་བསྒྱུར་གྱིན་ཡོད།

རྒྱ་གཞུང་གིས་དད་ལྡན་མང་ཚོགས་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བཀག་སྡོམ་དང་དགོན་གྲོང་བར་གྱི་དད་མོས་འབྲེལ་བ་རྩ་གཏོར་གཏོང་བཞིན་པའི་ཐད་ནས། གཅིག གཞི་རིམ་མང་ཚོགས་ཀྱིས་དབང་ལུང་དང་གསུང་ཆོས་ཞུ་བར་ཚད་བཀག་ནན་མོ་བཟོས་སྟེ། དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བཀག་སྡོམ་བྱེད་ཀྱིན་ཡོད། གཉིས། དགོན་སྡེ་དང་གཞི་རིམ་གྲོང་སྡེ་བཅས་སུ་རྟེན་བཞེངས་དང་མ་ཎི་རྡོ་བརྐོས་སོགས་ཆོས་ལུགས་དད་མོས་དང་འབྲེལ་བའི་འཛུགས་བསྐྲུན་མཐའ་དག་ལ་བཀག་སྡོམ་ནན་མོ་བྱས་ཡོད། གསུམ། དགོན་སྡེ་དང་བླ་སྤྲུལ། གྲྭ་བཙུན་བཅས་ནས་གཞི་རིམ་མང་ཚོགས་ཁྲོད་ཀྱི་རྩོད་རྙོག་འདུམ་སྒྲིག་བྱེད་བཞིན་པའི་སྔར་སྲོལ་བཟང་པོ་བཀག་སྡོམ་བྱས་ཏེ། དད་ལྡན་མང་ཚོགས་དང་བླ་སྤྲུལ་གྲྭ་བཙུན་བཅས་བར་གྱི་དམ་ཚིག་དང་དད་མོས་འབྲེལ་བ་གཅོད་ཐབས་བྱེད་ཀྱིན་ཡོད། བཞི་པ། དགོན་སྡེ་དང་བླ་སྤྲུལ། གྲྭ་བཙུན་བཅས་ཀྱིས་བོད་ཀྱི་རིག་གནས་སློབ་གཉེར་ཆེད་བཙུགས་པའི་སློབ་གྲྭ་དང་འཛིན་གྲྭ་སོགས་གཏན་འགོག་བྱས་ཏེ། མང་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་ཡོང་བར་བཀག་སྡོམ་བྱེད་ཀྱིན་ཡོད།

དེ་བཞིན། ཆོས་ལུགས་མི་སྣའི་ཁྲོད་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚོགས་མི་དང་། མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན(གྲྭ་བཙུན་ཕུད)། མི་སྣ་གཙོ་གྲས། ནགས་སྲུང་པ་སོགས་ཆོས་སྲིད་གོ་གནས་གཉིས་ལྡན་ཅན་མེད་པ་བཟོ་དགོས་པ། དགོན་པའི་དོ་དམ་བྱེད་མཁན་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཨུ་ཡོན་ལྷན་ཁང་གི་ལས་བྱེད། དགོན་པའི་བླ་སྤྲུལ་དང་གྲྭ་བཙུན་སོགས་ནས། འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་གསང་རྒྱ་དམ་པོ་མ་བྱས་པར་ཕྱི་ལོགས་སུ་གྱར་འཇུག་མཁན་ལ་ཁྲིམས་གཅོད། དེར་མ་ཟད་དགོན་སྡེ་དང་མང་ཚོགས་ཁྲོད་དོལ་རྒྱལ་བསྟེན་གསོལ་བཀག་སྡོམ་གྱིས་རྩོད་རྙོག་བཟོ་མཁན་ལ་ཆད་གཅོད་སོགས། ཆོས་ལུགས་དད་མོས་རང་དབང་བཀག་སྡོམ་བྱ་ཐབས་སྐོར་གྱི་ལས་དོན་སྣ་ཚོགས་ཤིག་ཚུད་ཡོད་པ་རེད།

གཞན་ཡང་། ཡིག་ཆ་དེ་ལས་གསལ་བོར་མཐོང་ཐུབ་པ་ནི། རྒྱ་གཞུང་གིས་ཆོས་ལུགས་དད་མོས་རང་དབང་བཀག་སྡོམ་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ཁྲིམས་དང་སྒྲིག་གཞི་ཆེད་དུ་བཟོས་ཐོག རིག་གསར་ལྟར་སྤྱི་ཚོགས་ལས་འགུལ་གྱི་ངོ་བོའི་སྒོ་ནས། ཐབས་ལམ་རིམ་པ་ལྔ་རུ་བགར་བའི་ཐོག་ནས་བཀག་སྡོམ་ལས་འགུལ་དེ་ལག་བསྟར་ནན་མོ་བྱེད་བཅུག་ཡོད་པ་རེད། གཅིག རྫོང་གི་ཐད་གཏོགས་ལས་ཁུངས་འཐབ་ཕྱོགས་གཅིག་གྱུར་ཁང་དང་དམར་ཤོག་རྩ་འཛུགས་སྡེ་ཁག ཆོས་དོན་ལས་ཁུངས། ནོར་སྲིད་ལས་ཁུངས། ཞང་དང་གྲོང་རྡལ་རིམ་པའི་སྲིད་གཞུང་། དགོན་པར་བཅའ་སྡོད་ལས་དོན་རུ་ཁག་སོགས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་བྱེད་རྣམས་ཀྱིས་ཆོས་ལུགས་བཀག་སྡོམ་ལས་འགུལ་ལྷོད་ཡངས་བཏང་ཚེ། ཁོང་ཚོར་སྲིད་གཞུང་གི་ངོས་ནས་ཉེན་བརྡ་གཏོང་བ་དང་མིང་ཐོ་ནག་པོར་ཐོ་འགོད་བྱེད་པ། ཕོགས་དངུལ་མེད་པ་བཟོ་བ། ལས་གནས་ནས་ཕྱིར་ཕུད་གཏོང་བ་སོགས་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་ནས་ལས་འགུལ་དེ་སྤེལ་འཇུག་གི་ཡོད།

གཉིས། དགོན་སྡེ་དང་ལྷ་ཁང་། རི་ཁྲོད་བཅས་ནས་ལས་འགུལ་དེ་ལག་བསྟར་དང་ལེན་མཐའ་འཁྱོལ་མ་བྱས་ཚེ། དགོན་པ་སྒོ་བརྒྱབ་སྟེ་གྲྭ་བཙུན་ཡོངས་ལ་ཆོས་ལུགས་སློབ་གསོ་སྤེལ་བ་དང་། འབྲེལ་ཡོད་བླ་སྤྲུལ་རྣམས་ཀྱི་བླ་ཐོབ་མེད་པ་བཟོ་བ་དང་ཕྱིར་ཕུད་གཏོང་བ། དགོན་པའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ལ་ཟླ་ ༦ རིང་ཕོགས་དངུལ་མེད་པ་བཟོ་བ་དང་ཟླ་ ༢ རིང་ཁྲིམས་ལུགས་སློབ་གསོ་མྱོང་འཇུག་རྒྱུ། དགོན་པའི་སྔར་ཡོད་གྲྭ་བཙུན་གྲངས་ཚད་ཉུང་འཕྲི་བྱེད་པ། ལོ་ ༤ རིང་ཆ་རྐྱེན་ཚང་པའི་གྲྭ་བཙུན་ཚོགས་ཞུགས་མེད་པ་བཟོ་རྒྱུ། དགོན་པའི་དཔལ་འབྱོར་གྱི་ཡོང་སྒོ་དང་གྲྭ་བཙུན་སྤྱིའི་འཚོ་སྣོན་རོགས་དངུལ་གཅོད་པ་སོགས་ཀྱི་གནོན་ཤུགས་ཐབས་ལམ་སྤྱོད་ཀྱིན་ཡོད།

གསུམ་པ། གྲྭ་བཙུན་མི་སྒེར་གྱི་ངོས་ནས་རྒྱ་གཞུང་གི་ཅི་བཤད་དང་ལེན་མ་བྱས་ཚེ། གྲྭ་པའི་འཚོ་སྣོན་རོགས་དངུལ་མེད་པ་བཟོ་བ་དང་། བཙན་ཤུགས་ཀྱིས་ཟླ་ ༦ ལྷག་རིང་རིང་ཆབ་སྲིད་སློབ་གསོ་མྱོངས་འཇུག་པ། ཡང་ན་དགོན་པ་ནས་ཕྱིར་ཕུད་གཏོང་བ། ཐ་ན། འཇུ་བཟུང་བཀག་སྡོམ་དང་བཙོན་འཇུག་ཁྲིམས་ཆད་གཅོད་པ་སོགས་ཀྱི་གནོན་ཤུགས་སྤྲོད་ཀྱིན་ཡོད།

བཞི་པ། སྡེ་བ་སོ་སོའི་ངོས་ནས་རྒྱ་གཞུང་གི་སྒྲིག་བཀོད་ལྟར་ཆོས་ལུགས་བཀག་སྡོམ་གྱི་ལས་སྒོ་དག་ལག་བསྟར་མ་བྱས་པར་ལྷོད་ཡངས་བཏང་ཚེ། སྡེ་དམངས་ལྷན་ཁང་གི་སྡེ་དཔོན་དང་སྡེ་བའི་དམར་ཤོག་རྩ་འཛུགས་ཀྱི་མགོ་གཙོས་ལས་བྱེད་རྣམས་ལ། ཉེན་བརྡ་གཏོང་བ་དང་མིང་ཐོ་ནག་པོར་ཐོ་འགོད་བྱེད་པ། ཕོགས་དངུལ་གཅོད་པ། ལས་གནས་ནས་ཕྱིར་ཕུད་གཏོང་བ། ལོ་ ༢ རིང་དབྱར་རྩ་བརྐོ་འཐུ་བྱེད་མི་འཇུག་པ་སོགས་ཀྱི་གནོན་ཤུགས་སྤྲོད་ཀྱིན་ཡོད།

ལྔ་པ། འབྲེལ་ཡོད་ཁྱིམ་ཚང་སོ་སོའི་ངོས་ནས་རྒྱ་གཞུང་གི་ཆོས་ལུགས་བཀག་སྡོམ་གྱི་སྒྲིག་གཞི་ཁག་དང་ལེན་མ་བྱས་ཚེ། ཁྱིམ་བདག་ལ་ཟླ་ ༦ རིང་བཙན་ཤུགས་ཀྱིས་ཆབ་སྲིད་སློབ་གསོ་མྱོང་འཇུག་རྒྱུ། ལོ་ ༢ ནས་ ༣ བར་ཁྱིམ་ཚང་དེར་དབྱར་རྩྭ་དགུན་འབུ་བརྐོ་འཐུ་བྱེད་མི་འཇུག་པ་དང་། སྲིད་གཞུང་གི་སྤྲོད་ཀྱིན་པའི་འཚོ་སྣོན་རྣམས་མེད་པ་བཟོ་བ། ཐ་ན། ཁྱིམ་བདག་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་གཅོད་པ་སོགས་ཀྱི་གནོན་ཤུགས་སྤྲོད་ཀྱིན་ཡོད།

འབྲི་རུ་རྫོང་གི་བཀག་སྡོམ་ཡིག་ཆ་དེའི་ཐད་འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་གྱིས། “རྒྱ་གཞུང་གིས་ཁྲིམས་དང་སྒྲིག་གཞི་རབ་དང་རིམ་པ་མང་པོ་བཟོས་པའི་ཐོག་ནས་དགོན་སྡེ་རྣམས་རྒྱ་ནག་དམར་གཞུང་གི་སྲིད་འཛིན་ལས་ཁུངས་ཀྱི་ངོ་བོར་བསྒྱུར་ཐབས་དང་། དགོན་པའི་གྲྭ་བཙུན་རྣམས་ནི་དམར་ཤོག་ཚོགས་མི་ལྟ་བུ་བཟོ་ཆེད། སྤྱི་ཚོགས་ཀྱི་གོང་འོག་བར་གསུམ་ཁྱོན་ཡོངས་འཇིགས་དངངས་དང་ཟང་ཟིང་གི་ཁོར་ཡུག་ཅིག་ཏུ་བསྒྱུར་ནས། བོད་མིའི་ཆོས་དད་དང་སྲོལ་རྒྱུན་རིག་གནས་འདུ་ཤེས་མཐའ་དག་རྩ་གཏོར་བྱེད་པའི་དམར་ཤོག་རིག་གསར་ཞིག་བསྐྱར་ལོག་རྒྱག་གིན་ཡོད།” ད་དུང་ “རྫོང་ནས་སྡེ་གྲོང་བར་གྱི་གཞུང་གི་འབྲེལ་ཡོད་སྡེ་ཁག་རིམ་པ་བཞིན། འབྲེལ་ཡོད་མི་སྣར་ཆོས་ལུགས་དད་མོས་བཀག་སྡོམ་ཐད་ཀྱི་ལས་འགན་ནན་མོ་སྤྲད་ཐོག གཞུང་གི་བཀའ་བཀོལ་ལྟར་དུས་ཐོག་ལྟར་བསྟར་ཡོང་བར་ལས་འགན་བདའ་འདེད་ཀྱིས་གཅུན་སྡོམ་འཇིགས་སྐུལ་བྱེད་ཀྱིན་ཡོད།” ཅེས་བརྗོད་དེ། འབྲི་རུ་རྫོང་གི་འཐབ་ཕྱོགས་གཅིག་གྱུར་ཁང་དང་། ཆོས་དོན་ལས་ཁུངས། ནོར་སྲིད་ལས་ཁུངས། དེ་བཞིན། འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་རྣམས་ལ། སྲིད་གཞུང་གི་ངོས་ནས་འཇིགས་སྐུལ་ཐ་ཚིག་སྒྲོག་པ་དང་མིང་ཐོ་ནག་པོའི་ནང་འགོད་པ། གླ་ཕོགས་འཕྲི་གཅོག་བྱེད་པ། གོ་གནས་མར་ཕབ་པ། ལས་གནས་ནས་ཕྱིར་ཕུད་གཏོང་བ་སོགས། བཙན་ཤུགས་ཀྱིས་ཆོས་ལུགས་དད་མོས་བཀག་སྡོམ་བྱེད་པར་ལས་འགན་བདའ་འདེད་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།

གཞན་ཡང་། འབྲི་རུ་རྫོང་གི་ཆོས་ལུགས་བཀག་སྡོམ་གྱི་ཁྲིམས་སྒྲིག་ཡིག་ཆ་དེའི་ཁྲོད་ནས་གསལ་ཡོད་པ་ནི། གོང་གསལ་ཡིག་ཆ་དེ་གཙོས་པའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོས་ལུགས་བཀག་སྡོམ་ཐད་གཞན་ད་དུང་། <<བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ལས་ཀའི་ཁྲོད་འགལ་འཛོལ་ཤོར་བའི་འགན་འཁྲི་རྩད་གཅོད་མཐར་ཕྱིན་བྱ་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས།>> <<ཁྲིམས་འགལ་གྱིས་རྒྱལ་མཚམས་ལས་བརྒལ་ཏེ་སྨོལ་ལམ་ཆེན་མོའི་བྱེད་སྒོའི་ནང་ཞུགས་པ་དང་དེ་བཞིན་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པ། གནོད་སྐྱོན་ཅན་གྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ། རང་མཚམས་ཀྱིས་ལྗོངས་ཕྱི་ཕྱོགས་སུ་དཔེ་ཆ་སློབ་སྦྱོང་བྱེད་པར་ཕྱིན་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་རིགས་ལ་ཆད་གཅོད་བྱ་རྒྱུའི་སྐོར་གྱི་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་གཏན་འབེབས་(གནས་སྐབས་ལག་བསྟར་བྱ་རྒྱུ)>> <<ཆོས་ལུགས་ཁྱབ་ཁོངས་བཅོས་བསྒྲིག་གཙང་བཤེར་དང་ཚད་ལྡན་བཟོ་རྒྱུའི་ལས་ཀའི་འགན་འཁྲི་རྩད་གཅོད་བྱ་རྒྱུའི་སྐོར་གྱི་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་ཆད་གཅོད་གཏན་འབེབས་(གནས་སྐབས་ལག་བསྟར་བྱ་རྒྱུ)>> <<སྲིད་འཛིན་ལས་ཁུངས་ཀྱི་སྤྱི་ཞབས་པར་ཆད་གཅོད་བྱེད་པའི་སྲོལ་ཡིག>> <<འབྲི་རུ་རྫོང་གིས་གྲྭ་བཙུན་གསར་བསྡུ་བྱེད་པའི་ཐོ་འགོད་རེའུ་མིག>> <<ཆོས་ལུགས་ལས་དོན་སྲོལ་ཡིག>> <<བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་(ཆོས་ལུགས་ལག་དོན་སྲོལ་ཡིག)>> སོགས་ཁྲིམས་སྒྲིག་མང་པོ་གཏན་འབེབས་བྱས་ཡོད་པ་རེད།

གོང་གསལ་ཆོས་ལུགས་དད་མོས་རང་དབང་བཀག་སྡོམ་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ཁྲིམས་སྒྲིག་འདི་དག་ལས། ཞིས་ཅིན་ཕིན་གྱིས་ “ཁྲིམས་ལྟར་བོད་སྐྱོང་བ” ཞེས་པའི་སྲིད་ཇུས་དེ་ག་འདྲ་ཞིག་ཡིན་མིན་བསྟན་ཡོད། ཁྲིམས་ལྟར་བོད་སྐྱོང་བ་ཞེས་པའི་སྲིད་ཇུས་དེ་ནི་བོད་རིགས་མི་དམངས་ལ་ཁྲིམས་ཀྱི་ཁེ་དབང་དང་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་འཇུག་རྒྱུ་དེ་མ་ཡིན་པར། ཁྲིམས་ལག་ཆར་སྤྱད་དེ་བོད་མིར་དྲག་གནོན་བཀག་སྡོམ་བྱ་སྤྱད་ཀྱི་ཁྲིམས་སྒྲིག་མང་པོ་གསར་བཟོ་བྱས་ཐོག བོད་ནང་གི་ཆོས་ལུགས་དད་མོས་རང་དབང་གིས་མཚོན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་བརྡལ་བཤིག་བཏང་སྟེ་བོད་རིགས་རྒྱ་བསྒྱུར་བྱེད་པའི་མི་སེར་སྤེལ་བའི་ཁྲིམས་སྒྲིག་སྲིད་ཇུས་ཤིག་སྤེལ་གྱིན་པ་གསལ་འདོན་བྱས་ཡོད། ལྷག་པར་དུ་རྒྱ་ནག་ནང་ལོགས་ཀྱི་ས་ཁུལ་གཞན་དག་མ་འདྲ་བར་དམིགས་བསལ་ཁྲིམས་ཐོག་ནས་བོད་མིའི་ཆོས་ལུགས་དད་མོས་བཀག་སྡོམ་བྱེད་བཞིན་པའི་བྱ་སྤྱོད་དེ་ནི། ཁྲིམས་ཀྱི་མདུན་སར་མི་རིགས་དབྱེ་འབྱེད་བྱས་པའི་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ནག་ཉེས་བྱ་སྤྱོད་ཅིག་ཆགས་ཡོད་ལ། ཞིས་ཅིན་ཕིན་གྱིས་ “ཁྲིམས་གྱི་མདུན་སར་མི་ཚང་མ་འདྲ་ཡིན” སྐོར་གྱི་འབོད་ཚིག་དེ་ནི། དོན་ལ་གནས་པ་ཞིག་མ་ཡིན་པར་ཚིག་སྟོང་པ་ཞིག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་ཤིག་ཡིན་པ་ཐེར་འདོན་བྱས་ཡོད།

ཞིས་ཅིན་ཕིན་རྒྱ་གཞུང་སྲིད་འཛིན་ཆགས་རྗེས་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པའི་ཆབ་སྲིད་ལས་འགུལ་ཤུགས་ཆེན་པོ་སྤེལ་མགོ་བརྩམས་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་འབྲི་རུ་རྫོང་ནི་ལས་འགུལ་དེ་ལག་བསྟར་བྱ་ཡུལ་དཔེ་མཚོན་ས་ཁུལ་ཏུ་བདམས་ནས། འབྲི་རུ་རྫོང་ཁོངས་ཀྱི་དགོན་གྲོང་གཉིས་དང་སྐྱ་སེར་མང་ཚོགས་ཐོག་དམིགས་བསལ་དྲག་གནོན་བཀག་སྡོམ་དང་ཆབ་སྲིད་ལས་འགུལ་སྤེལ་བར་བརྟེན་ནས། ས་གནས་བོད་རིགས་མི་དམངས་རྣམས་ཨ་ཆད་ཨུ་ཐུག་གི་གནས་སྟངས་འོག་ལྷུང་སྟེ། འདས་པོའི་ལོ་འགའི་ནང་འབྲི་རུ་རྫོང་དུ་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་རབ་དང་རིམ་པ་བྱུང་ཡོད་ལ། རྒྱ་གཞུང་གིས་དངོས་ཡོད་དཀའ་ངལ་དག་སྣང་མེད་དུ་གཡུག་སྟེ་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་བསྟུད་མར་དྲག་གནོན་དང་། ཞི་རྒོལ་བ་རྣམས་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཆད་བཅད་ཡོད། ད་ལྟའི་བར་འབྲི་རུ་རྫོང་གཅིག་པུར་མི་ ༡༠༤ འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་བཏང་ཡོད་པ་དང་། བོད་མི་ ༤ གར་སོང་ཆ་མེད་གྱུར་ཡོད། བོད་མི་ ༤ འཇུ་བཟུང་བཀག་ཉར་སྐབས་མནར་གཅོད་ཚད་མེད་འོག་དམར་གསོད་བཏང་ཡོད། དེའི་ཁྲོད་སྡེ་བའི་སྡེ་དཔོན་ ༢ ཚུད་ཡོད་པ་རེད།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཉེ་བའི་ལོ་གཅིག་ཙམ་གྱི་སྔོན་ནས་བཟུང་འབྲི་རུ་རྫོང་གནས་སྟངས་ཐད་དམིགས་བསལ་དོ་སྣང་བྱས་ཏེ་གནས་ཚུལ་རིམ་པར་བཏོན་ཡོད་པ་ལྟར། ད་ལྟའི་ཆར་འབྲི་རུ་རྫོང་ཁོངས་སུ་ཆོས་ལུགས་དད་མོས་དང་འགྲོ་བསྐྱོད་རང་དབང་བཀག་སྡོམ་གྱིས་མཚོན་པའི། བོད་མིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གནས་སྟངས་ཧ་ཅང་ཛ་དྲག་ཆགས་བཞིན་ཡོད། འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། “ཕྱི་ལོ་ ༢༠༡༡ ལོ་མཇུག་ཙམ་ནས་བཟུང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་དམར་ཤོག་མང་ཚོགས་ལམ་ཕྱོགས་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་ཏེ། ནག་ཆུ་ས་ཁུལ་དང་ཡང་སྒོས་འབྲི་རུ་རྫོང་དང་སོག་རྫོང་བཅས་ནི་ལས་འགུལ་དེ་སྤེལ་ཡུལ་ཚབ་མཚོན་ས་ཁུལ་ཏུ་བཟུང་ནས་ལས་འགུལ་ཤུགས་ཆེན་པོ་སྤེལ་ཏེ། ས་གནས་བོད་མི་རྣམས་ལ་དྲག་གནོན་གྱིས་ཛ་དྲག་གནས་སྟངས་རིམ་པར་བྱུང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྤེལ་བའི་བཀག་སྡོམ་ཡིག་ཆ་དེས་སྔར་ལས་ལྷག་པར་ཛ་དྲག་གནས་སྟངས་མུ་མཐུད་ལྷག་ཡོད་པ་བསྟན་ཡོད།” ཅེས་དང་། “ང་ཚོས་ངོས་ནས་འབྲི་རུ་དང་སོག་རྫོང་ནང་འགྲོ་བ་མིའི་རིགས་ལ་མནར་གཅོད་གདུག་རྩུབ་ཀྱི་བྱ་སྤྱོད་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་ལ། རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ས་ཁུལ་དེ་དག་ནང་གནས་སྟངས་རྟོགས་ཞིབ་ཆེད་ཡོང་འཇུག་དགོས་པར་སྐུལ་མ་དང་། དེ་བཞིན། རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཛ་དྲག་གནས་སྟངས་དེའི་ཐད་དོ་སྣང་དང་། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་པར་འབོད་སྐུལ་ཞུ་བཞིན་ཡོད།” ཅེས་བརྗོད་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།
ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ཉིན།

གོང་གསལ་ཁྲིམས་སྒྲིག་ཆ་ཚང་ཀློག་འདུན་དང་དགོས་མཁོ་ཡོད་རིགས་ནས། དྲ་ཐག་འདི་བརྒྱུད་ནས་ལྟ་ཀློག་གནང་རོགས་ཞུ།

http://www.tb.tchrd.org/wp-content/uploads/2015/11/Important-Document.zip

 

to top