ཞི་ཅིང་ཕིང་གིས་ལྷ་སར་རང་སྐྱོང་མེད་པའི་གཅིག་གྱུར་གྱི་ནན་བརྗོད་བྱས་པ།

འདི་ལོའི་ཟླ་༨་ཚེས་ ༢༠ ཉིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་པ་ཟེར་བ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་མཛད་སྒོར་ཆེད་བཅར་བྱས་པ་ཞིག་རེད། ཞི་ཅིང་ཕིང་དང་བཅས་པ་ལྷ་སར་འབྱོར་མ་ཐག་དེ་ཉིན་ཕྱི་དྲོ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་མི་དམངས་སྲིག་གཞུང་ཟེར་བའི་ལས་དོན་སྙན་ཞུར་ཉན་ཞིབ་བྱས་པ་དང་ཆབས་ཅིག་ཞི་ཅིང་ཕིང་གིས་གཏམ་བཤད་ཀྱང་བྱས་ཡོད།  རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་སོགས་ནས་ནན་བརྗོད་བྱས་དོན།  ད་རེས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་མཐོ་ཤོས་ཡིན་པའི་ཞི་ཅིང་ཕིང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་བཅུ་འཁོར་བའི་མཛད་སྒོར་མཉམ་ཞུགས་བྱས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མེད་པ་ཞིག་དང་།  དེ་ནི་རྒྱ་ནག་གཞུང་གིས་བོད་རིགས་མི་དམངས་ལ་བྱམས་བརྩེའི་ཐུགས་འཁུར་ཇི་ཙམ་གནང་གི་ཡོད་ལུགས་མཚོན་ཡོད་ཅེས་བརྗོད་ཡོད།

གཤམ་ལ་ང་ཚོས་དོན་དངོས་ཀྱི་གནས་ཚུལ་འགའ་ཤས་ཐོག་ནས་རྒྱ་ནག་གཞུང་གིས་བོད་ལ་བཅངས་པའི་བྱམས་བརྩེའི་ཐུགས་འཁུར་དང་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་བཅོས་མའི་དྲིལ་བསྒྲགས་ཀྱི་མཐིལ་བརྟོལ་རྒྱུ་ཡིན།

དེ་ཡང་ཞི་ཅིང་ཕིང་གིས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཉན་ཞིབ་སྐབས་ནན་བརྗོད་བྱས་དོན།   བོད་རང་སྐྱོང་ལྗོངས་གསར་འཛུགས་བྱས་ཏེ་འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ཡོད་སྐོར་ནན་བརྗོད་བྱས་ཡོད་ཀྱང་། དོན་དངོས་ཀྱི་གནས་སྟངས་ནི་དེ་ལས་ལྡོག་པ་སྟེ། ད་ལྟའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆ་མཚོན་ན་།  ཀྲུའུ་གཞི་གཅིག་དང་།ཀྲུའུ་གཞི་གཞོན་པ་ ༡༡ །དྲུང་ཡིག་ཆེན་མོ་ ༡ ། བཅས་མི་གྲངས་ ༡༣ ཡོད་པའི་ནང་རྒྱ་རིགས་ ༡༠ དང་། བོད་རིགས་ ༣ ལས་མེད་པས་བརྒྱ་ཆ་ ༧༠ ལྷག་ཙམ་རྒྱ་རིགས་ཀྱིས་དབང་ཆ་བཟུང་ཡོད་པ་དེ་ཁོ་ནས་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཚད་དེ་མིང་ཙམ་ལས་མེད་པ་གསལ་པོ་རེད།

༡༩༦༥ལོའི་ཟླ་༩པར་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་སྐབས་ཀྱི་མཛད་སྒོ།

ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལས་དབང་ཚད་མཐོ་བའི་སྡེ་ཚན་གཞན་ཞིག་ཡོད་པ་དེ་ནི་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཨུ་ཡོན་ལྷན་ཁང་རེད།  ད་ཡོད་ལྷན་ཁང་དེར་རྒྱུུན་ལས་ ༡༤ ཡོད་པའི་ནང་རྒྱ་རིགས་ ༨ དང་བོད་རིགས་ ༦ ལས་མེད་པས།  དེ་ཡང་བརྒྱ་ཆ་བདུན་བཅུ་ཡན་རྒྱ་རིགས་ཀྱིས་དབང་ཆ་བཟུང་ཡོད་པ་མ་ཟད།  དབང་ཚད་མཐོ་ཤོས་ཡིན་པའི་དྲུང་ཆེ་དེ་ཡང་རྒྱ་རིགས་ཆགས་ཡོད། དེར་བརྟེན་ལྷན་ཁང་དེ་གཉིས་ཀྱི་མི་གྲངས་དང་དབང་ཚད་གཉིས་ཀ་རྒྱ་རིགས་ཀྱིས་ཁ་ལོ་བསྒྱུར་ཡོད།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཆ་མཚོན་ན། ད་ལྟའི་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་ཚོགས་གཙོ་གཅིག་དང་ཚོགས་གཞོན་ ༡༢ ། དྲུང་ཆེ་ ༡ བཅས་ཡོད་པའི་ནང་ཚོགས་གཙོ་བོད་རིགས་ཡིན་ཀྱང་ཚོགས་གཞོན་ ༡༢ ཡོད་པའི་ནང་བོད་རིགས་ ༤ ལས་མེད་པ་དང་རྒྱ་རིགས་ ༨ ཡོད་ཡོད་ཅིང། དྲུང་ཡིག་ཆེན་མོ་ ༡ དེ་ཡང་རྒྱ་རིགས་ཆགས་ཡོད། དེར་བརྟེན། མི་དམངས་འཐུས་མི་ཚོགས་ཆེན་གྱི་དབང་ཚད་ཡང་རྒྱ་རིགས་ཀྱིས་བཟུང་ཡོད།

 ༢༠༢༥ལོའི་སྤྱི་ཚོགས་བདེ་འཇགས་སྐོར་གྱི་ནང་ཁུལ་ཡིག་ཆ།

གཤམ་ལ་ང་ཚོས་མུ་མཐུད་ནས་བོད་ཀྱི་གཞི་རིམ་གྱི་རྫོང་རིམ་པའི་གནས་སྟངས་ལ་ཞིབ་འཇུག་བྱས་ཚེ། དཔེར་ན། ཆབ་མདོ་གྲོང་ཁྱེར་ཇོ་མདའ་རྫོང་ལ་ཆ་མཚོན་ན། རྫོང་སྲིད་གཞུང་ལ་ད་ཡོད་རྫོང་དཔོན་རྒན་པ་ ༡ དང་གཞོན་པ་ ༡༠ ཡོད་པའི་ནང་རྫོང་དཔོན་གཞོན་པ་ ༦ རྒྱ་རིགས་ཡིན་པ་དང་བོད་རིགས་ ༤ ལས་མེད་པ་མ་ཟད།  རྫོང་དཔོན་རྒན་པ་དེ་ཡང་རྒྱ་རིགས་ཆགས་ཡོད་སྟབས། ཇོ་མདའ་རྫོང་གི་དབང་ཆ་ཡོད་ཚད་རྒྱ་རིགས་ཀྱིས་བཟུང་ཡོད་པ་གསལ་པོ་མཚོན་ཡོད།  དེར་བརྟེན། ཞི་ཅིང་ཕིང་གིས་བཤད་པའི་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་མཐའ་འཁྱོངས་དང་འཐུས་ཚང་དུ་སོང་བ་ལས་ལྡོག་ཏེ་། བོད་མིའི་ཐོབ་ཐང་ཇེ་ཆུང་དང་རྒྱ་རིགས་ཀྱི་ཐོབ་ཐང་ཇེ་ཆེ། བོད་མིའི་གྲངས་ཚད་ཇེ་ཉུང་དང་རྒྱ་རིགས་ཀྱི་གྲངས་ཚད་ཇེ་མང། ས་གནས་ཀྱི་དབང་ཆ་ཇེ་ཆུང་དང་དབུས་ཀྱི་དབང་ཆ་ཇེ་ཆེར་བཏང་ཡོད་གསལ་པོར་མཚོན་ཡོད།

མ་ཟད་གཞུང་འབྲེལ་གསར་ཁང་གིས་གསལ་བསྒྲགས་བྱས་པའི་ཞི་ཅིང་ཕིང་གི་གཏམ་བཤད་ནང་། འབྱུང་འགྱུར་བོད་ཀྱི་མི་རིགས་རང་སྐྱོང་ཡར་རྒྱས་དང་ལེགས་བཅོས་བྱ་ཕྱོགས་སྐོར་ཚིག་གཅིག་ཀྱང་བརྗོད་བྱས་མེད་པར།  དེ་ལས་ལྡོག་ཏེ་སྤྱི་ཚོགས་དམ་དྲག་དང་དམར་ཤོག་གི་ལྟ་བ་དྲིལ་བསྒྲགས་དང་སློབ་སྦྱོང་བྱ་རྒྱུའི་སྐོར་ཁོ་ན་ནན་བརྗོད་བྱས་ཡོད་པ་དེ་ནི་ད་རེས་ཀྱི་དུས་སྟོན་གྱི་ངོ་བོ་དང་ཡོངས་སུ་འགལ་བ་ཞིག་རེད།  དེ་ཡང་ཞི་ཅིང་ཕིང་གིས།  བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཐོག་མར་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང། མི་རིགས་མཐུན་བསྒྲིལ།  ཆོས་ལུགས་ཞི་མཐུན་རྒྱུན་འཁྱོངས་བྱེད་དགོས་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ།  ཏང་གི་ལོ་རྒྱུས།  ཀྲུང་གོ་གསར་པའི་ལོ་རྒྱུས།  བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས།  སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།  ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་བསྒྲགས་སློབ་གསོར་ཤུག་སྣོན་རྒྱག་དགོས་ཞེས་ནན་བརྗོད་བྱས་ཡོད། 

སྤྱི་ཚོགས་བརྟན་ལྷིང་ལ་ཁ་གཡར་ནས་གཏམ་བརྗོད་རང་དབང་དང་། གསར་འགོད་རང་དབང་། འདུ་འཛོམས་རང་དབང་བཅས་བཙན་འཕྲོག་བྱས་ཏེ་ཁྱོན་ཡོངས་ལ་དམ་དྲག་བྱ་རྒྱུའི་ནན་བཤད་བྱས་ཡོད།  མི་རིགས་རང་སྐྱོང་ཞེས་པ་དེ་རང་སྐྱོང་བྱ་ཡུལ་གྱི་མི་རིགས་དེའི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས།  སྐད་ཡིག་དང་བཅས་པ་རྒྱུན་གནས་སྲུང་སྐྱོབ་བྱ་རྒྱུ་རྩ་དོན་ཡིན་ཀྱང་།  ཞི་ཅིང་ཕིང་གིས་བཤད་པའི་སྐད་ཆའི་ནང་ཏང་གི་རིག་གཞུང་སློབ་སྦྱོང་དགོས་པ་ལས་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་དགོས་སྐོར་ཚིག་གཅིག་ཀྱང་བཤད་མེད་ལ།  ཏང་གི་ལོ་རྒྱུས་དང་རྒྱ་སྐད་རྒྱ་ཡིག་སློབ་སྦྱོང་བྱེད་དགོས་པ་ལས་མི་རིགས་ཀྱི་ལོ་རྒྱུས་དང་བོད་ཡིག་སློབ་སྦྱོང་བྱེད་དགོས་སྐོར་ཚིག་གཅིག་ཀྱང་བཤད་མེད། དེ་ནི་གོམས་པ་རིམ་བགྲོད་ཀྱི་ཐོག་ནས་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་བཟོ་རྒྱུ་མ་ཟད།  མཐར་མི་རིགས་རང་སྐྱོང་ལམ་ལུགས་ཞེས་པའི་མིང་དེ་ཡང་མེད་པ་བཟོ་རྒྱུའི་གོམས་པ་སྤོས་པ་ཙམ་ཡིན་སྲིད།  དཔེར་ན།  ཕྱི་ལོ་ ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་བཞི་བཅུའི་དུས་དྲན་མཛད་སྒོའི་ཐོག་སྐབས་དེའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་གཙོ་ཅཱ་ཆིང་ལིན་གྱིས་གཏམ་བཤད་ནང་།  བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་སྐོར་ནན་བརྗོད་བྱས་ཡོད་ཀྱང་། ད་རེས་ཞི་ཅིང་ཕིང་དང་ཝང་ཧུའུ་ནིང་གཉིས་ཀས་སྐད་ཆ་དེ་ཚིག་གཅིག་ཀྱང་བཤད་མེད།

ཏང་གི་ལོ་རྒྱུས་དང་རིག་གཞུང་སློབ་སྦྱོང་བྱ་རྒྱུ་དང་། རྒྱ་སྐད་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཙམ་མ་ཟད། བོད་ཀྱི་གཞི་རིམ་གྲོང་གསེབ་ཁང་གི་ནང་དུའང་ཁྱབ་གདལ་གཏོང་བཞིན་ཡོད་ལ།  ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་ཀྱི་འོག་མི་སྐྱའི་སྤྱི་ཚོགས་ཙམ་མ་ཟད།  སེར་མོ་བའི་སྤྱི་ཚོགས་ཀྱི་ནང་དུའང་རྒྱ་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས་པ་དང་། ཏང་གི་ལོ་རྒྱུས་དང་རིག་གཞུང་སློབ་སྦྱོང་བྱེད་དགོས་པའི་ལས་འགུལ་སྤེལ་མུས་རེད།

ལས་འགུལ་འདི་ནི་རིས་མེད་དགོན་སྡེ་ཁག་ལ་ཆ་མཚོན་ན་ཆོས་ལུགས་སློབ་སྦྱོང་ལས་གལ་ཆེ་བ་ཆགས་ཡོད་ལ།  སློབ་གྲྭ་ཁག་ལ་ཆ་མཚོན་ན་རང་གི་ཆེད་ལས་ཀྱི་སློབ་ཚན་ལས་གལ་ཆེ་བ་ཆགས་ཡོད། དེ་བཞིན་༸གོང་ས་མཆོག་གི་སྐུ་པར་འགྲེམ་སྤེལ་བྱེད་པའི་ཚབ་ལ་ཞི་ཅིང་ཕིང་དང་རྒྱ་ནག་གི་འགོ་ཁྲིད་གཞན་དག་གི་པར་འགྲེམ་སྤེལ་བྱེད་དུ་འཇུག་གི་ཡོད།

མི་རིགས་མཉམ་འདྲེས་ཀྱི་སྲིད་ཇུས་དེ་སྐད་ཡིག་དང་ཆོས་ལུགས་ལས་རྒལ་ནས་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་ཚང་མར་ཁྱབ་ཡོད་པ་སྟེ།  མི་རིགས་མཐུན་བསྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་དང་།  མི་རིགས་ཁག་དབར་འགྲོ་འོངས་དང་།  སྤེལ་རེས།  མཉམ་འདྲེས་བྱ་རྒྱུར་ཤུག་སྣོན་རྒྱག་དགོས་ཞེས་ཕྱོགས་གཅིག་ནས་བོད་རིགས་དང་རྒྱ་རིགས་དབར་ལ་གཉེན་སྒྲིག་གི་སྐུལ་མ་བཏང་ནས་མི་རིགས་གཞན་བསྒྱུར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭ་ཆེན་མོ་ཐོན་པའི་བོད་རིགས་སློབ་ཕྲུག་རྣམས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཁི་ནང་ལས་ཞུགས་བྱ་རྒྱུར་སྐུལ་མ་བཏང་ནས་རྒྱ་རིགས་སྤྱི་ཚོགས་ནང་མཉམ་འདྲེས་བྱེད་དུ་འཇུག་པ་དང་། རྒྱ་ནག་ནང་གི་སློབ་གྲྭ་ཐོན་པའི་སློབ་ཕྲུག་དང་ལག་རྩལ་མི་སྣ་རྣམས་བོད་དུ་བཏང་ནས་བོད་མི་དང་མཉམ་འདྲེས་བྱེད་དུ་འཇུག་གི་ཡོད།

གཞི་རྒྱ་ཆེ་བའི་ཆུ་གློག་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞིས་རྐྱེན་པས་ས་གནས་ཡུལ་མི་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་འཇུག་པ་དང་།་གནས་སྤོའི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ་དག་འདི་ག་ལྟེ་གནས་ཁང་གི་སྙན་ཐོའི་ཐོག་བཀོད་ཡོད། 

to top