མི་ལོ་ ༢༥ བཙོན་དུས་རྫོགས་ཏེ་བློ་བཟང་བསྟན་འཛིན་ལགས་བཙོན་ཀློད་གྲོལ་ཐོབ་འདུག

lobsang
ལོ་ ༢༥ བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས།

མི་ལོ་ ༢༥ རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་བཙོན་དུས་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་ཀྱང་། ཁོང་གི་སྡོད་ཁང་གཡས་གཡོན་དུ་ཉེན་རྟོག་པས་མུ་མཐུད་བཀག་སྡོམ་བྱས་ཏེ་མི་གཞན་པར་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད། དེ་བཞིན། དུས་ཡུན་རིང་པོར་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་བའི་རྐྱེན་གྱིས། ད་ལྟའི་ཆར་ཁོང་གི་ལུས་ཟུངས་ཉམས་པ་དང་མཚམས་རེར་མིག་གིས་མ་མཐོང་བའི་དཀའ་ངལ་བྱུང་བཞིན་ཡོད་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། ད་ཆ་བཙོན་དུ་མི་ལོ་ཉི་ཤུ་རྩ་ལྔ་རིང་སྡུག་སྦྱོང་མནར་གཅོད་མྱངས་དགོས་བྱུང་བའི་མི་རབས་གསར་པའི་བཙོན་དུས་རིང་ཤོས་ཀྱི་ཆབ་སྲིད་བཙོན་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་བློ་བཟང་བསྟན་འཛིན་ལགས། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༤ རེ་གཟའ་ལྷག་པའི་ཉིན་དུས་བཀག་བཙོན་འཇུག་རྫོགས་ཏེ། ལྷ་ས་ཆུ་ཤུལ་བཙོན་ཁང་ནས་ཀློད་གྲོལ་ཐོབ་ནས་ཁྱིམ་ལ་བསླེབས་ཡོད་ཀྱང་། ཁོང་རང་གི་བསྡོད་གནས་གཡས་གཡོན་གང་སར་ས་གནས་ཉེན་རྟོག་པ་དང་། འབྲེལ་ཡོད་མི་སྣས་ལྟ་སྲུང་བྱས་ཏེ་བློ་བཟང་བསྟན་འཛིན་ལགས་ཀྱི་སྤུན་མཆེད་དང་ཁྱིམ་མཚེས་སོགས་ཕྱི་ལོག་ནས་ཁོང་ལ་ལྟ་རུ་ཡོང་མཁན་རྣམས་བཀག་འགོག་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག

དེ་ཡང་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་མི་རབས་གསར་པས་བོད་རང་བཙན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བའི་ནང་ཁོང་གིས་མཉམ་ཞུགས་གནང་ཡོད་ལ། སྐབས་དེར་བློ་བཟང་བསྟན་འཛིན་ལགས་རང་ལོ་ཉི་ཤུའི་ནང་སོན་གྱི་ཡོད་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་མུས་ཡིན།  ཁོང་ལས་འགུལ་དེ་དག་ནང་མཉམ་ཞུགས་བྱས་རྐྱེན་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། མི་གསོད་གྱོད་གཞིའི་ཉེས་མིང་འོག་ལོ་གཉིས་ནར་འགྱངས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་དེ་གྲ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས། དྲང་བདེན་མིན་པའི་ཁྲིམས་ཆད་དེའི་ཐད་རྒྱ་གཞུང་ལ་རྒྱལ་སྤྱིའི་སྣོན་ཤུགས་ཕོག་རྐྱེན། ཕྱི་ལོ་ ༡༩༩༡ ལོར་ལོ་གཉིས་ནར་འགྱངས་སྲོག་ཐོག་ནས་ཚེ་གང་བཙོན་འཇུག་ཏུ་ཕབ། ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༣༡ ཉིན་ཨ་རིའི་གཞུང་ཚབ་སྐུ་ཞབས་ཇེམ་སེ་ལི་ལི་(James R. Lilley)བཙོན་ཁང་ནང་གཟིགས་སྐོར་ཕེབས་སྐབས། བློ་བཟང་བསྟན་འཛིན་དང་བཙོན་རོགས་བསྟན་པ་དབང་གྲགས་ནས་ཐབས་ཤེས་གང་དྲག་གིས་སྲིད་བཙོན་ཚོའི་མིང་གཞུང་དང་།  བཙོན་ཁང་ནང་གི་གནས་སྟངས་སྐོར་གྱི་ཡིག་ཆ་ཞིག་གཞུང་ཚབ་ཆེན་མོའི་ལག་ཏུ་ཕུལ་རྐྱེན།  བཙོན་ཁང་གི་བཙོན་སྲུང་བས་ཁོང་གཉིས་ལ་ཉེས་རྡུང་ཚད་མེད་བཏང་བ་དང་། དེ་བཞིན་དམ་དྲག་ཁང་དུ་བདུན་ཕྲག་གསུམ་ཙམ་བཅུག་རྗེས། བློ་བཟང་བསྟན་འཛིན་དང་དགའ་ལྡན་གྲ་བསྟན་པ་དབང་གྲགས། རྒན་བསྟན་པ་ཕུལ་བྱུང་། དགལ་ལྡན་གྲ་རྒྱལ་དར། ལྷ་ས་བ་སྤེན་པ་བཅས་མི་ལྔ་གསང་བའི་ཐོག་གྲ་བཞི་བཙོན་ཁང་ནས་ཀོང་པོ་སྤོ་བོ་སྤྲ་མོ་བཙོན་ཁང་དུ་སྤོ་སྐྱེལ་བྱས།

དེ་རྗེས་ཕྱི་ལོ་ ༡༩༩༤ ལོར་བློ་བཟང་བསྟན་འཛིན་ལགས་ཀྱི་དུས་བཀག་བཙོན་འཇུག་གི་ལོ་ཚད་དེ་ཚེ་བཙོན་ནས་ལོ་བཅོ་བརྒྱད་ལ་ཕབ་ཡོད། དེ་ལྟར་ཁོང་ལྷ་ས་ཁུལ་གྱི་བཙོན་ཁང་ཆེ་ཤོས་གྲྭ་བཞི་བཙོན་ཁང་དང་སྤོ་བོ་སྤྲ་མོ་བཙོན་ཁང་། ཆུ་ཤུལ་བཙོན་ཁང་བཅས་ཀྱི་ནང་རིམ་པར་སྤོ་སྐྱེལ་བཀག་ཉར་བྱས་མཐར། ཉེ་ཆར་ཆུ་ཤུལ་བཙོན་ཁང་ནང་བཙོན་འཇུག་དུས་བཀག་རྫོགས་ཏེ་བཙོན་གྲོལ་ཐོབ་ཡོད།  ལོ་ཤས་གོང་བློ་བཟང་བསྟན་འཛིན་ལགས་སུ་མཆིན་པའི་ནད་གཞི་ཡོད་སྐོར་གནས་ཚུལ་ཕྲན་བུ་ཤེས་རྟོག་ལས་དེ་མིན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་བྱུང་མེད་ཀྱང་། ད་ལྟའི་ཆར་གནས་ཚུལ་འབྱོར་གསལ་ལ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་འོག་ལུས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་ཁར། གཅིན་པ་མངར་འགྱུར་(ཅི་ནི) གྱི་ནད་གཞི་ལྗིད་པའི་དབང་གིས་སྐབས་རེ་མིག་གིས་གསལ་པོ་མ་མཐོང་བ་དང་ལུས་ཟུངས་ཉམས་པ་སོགས་དཀའ་ངལ་འཕྲད་བཞིན་ཡོད་འདུག བློ་བཟང་བསྟན་འཛིན་ལགས་ནི་བོད་ནང་གི་མི་རབས་གསར་པའི་བཙོན་དུས་རིང་ཤོས་སྟེ་ཆགས་ཡོད།

to top