བློ་བཟང་བསྟན་འཛིན་ལགས་སོ་སོའི་ཁྱིམ་དུ་མུ་མཐུད་བཟང་བཙོན་བཀག་ཉར་འོག་གནས་འདུག

མི་ལོ་ ༢༥ རིང་བཙོན་འཇུག་མནར་གཅོད་མྱངས་པའི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་ཉེ་སྔོན་བཙོན་དུས་རྫོགས་ཏེ་ཀློད་གྲོལ་གྱིས་ཟླ་གཅིག་ཙམ་ཕྱིན་ཡོད་ཀྱང་།  རྒྱ་གཞུང་གིས་ཁོང་ལ་འགྲོ་འདུག་རང་དབང་གི་ཐོབ་ཐང་ཙམ་ཡང་མ་སྤྲད་པར་མུ་མཐུད་སོ་སོའི་ཁྱིམ་ཚང་ནང་བཟང་བཙོན་བཀག་ཉར་འོག་གནས་ཡོད་འདུག

ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་ཀྱིས་མི་ལོ་ ༢༥ རིང་བཙོན་འཇུག་མནར་གཅོད་མྱངས་མཐར།  འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་བཙོན་འཇུག་དུས་ཡུན་ཡོངས་སུ་རྫོགས་ཏེ་ཀློད་གྲོལ་ཐོབ་རྗེས།  རྒྱ་གཞུང་གིས་ཁོང་ཚང་གི་ཉེ་འཁོར་དུ་ཉེན་རྟོག་དམག་མི་མང་པོ་འགྲེམས་འཇོག་གིས་ཤ་ཉེ་སྤུན་མཆེད་རྣམས་ལའང་ཐུག་འཕྲད་བྱེད་མ་བཅུགས་པར་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་པ་ལྟར།  འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ།  ད་ལྟའི་ཆར་ཁོང་བཙོན་གྲོལ་ཐོབ་སྟེ་ཁྱིམ་དུ་ལོག་ནས་དུས་ཡུན་ཟླ་གཅིག་ཙམ་འགོར་གྱི་ཡོད་ཀྱང་།  ཉེ་སྔོན་ཁོང་གི་སྤུན་མཆེད་རྣམས་ཁོང་ལ་ཐུག་འཕྲད་བྱེད་བཅུག་ཡོད་པ་ཙམ་ལས།  སྔར་བཞིན་གྲོང་པ་གཡས་གཡོན་གྱི་མི་རྣམས་ཁོང་ལ་ཐུག་འཕྲད་བྱེད་མ་བཅུག་པར་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད།  གཟུགས་པོ་བདེ་མིན་གྱི་ན་ཚ་བྱུང་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་བ་ཡིན་ནའང་དང་ཐོག་ཉེན་རྟོག་ཁང་ལ་སྙན་ཞུ་བྱ་དགོས་པ་སོགས།  ཁོང་ལ་འགྲོ་འདུག་རང་དབང་གང་ཡང་སྤྲད་མེད་པར་མུ་མཐུད་སོ་སོའི་ཁྱིམ་དུ་བཟང་བཙོན་བཀག་ཉར་འོག་གནས་ཡོད་འདུག

རྒྱ་གཞུང་གིས་འཁྱོག་བརྗོད་སྣ་ཚོགས་ཀྱི་སྒོ་ནས་ཉེས་མེད་ཉེས་འཛུགས་བྱས་ཐོག  ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་ལ་སྔ་རྗེས་སུ་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་རིམ་པར་བཅད་དེ།  མི་ལོ་ ༢༥ རིང་ལ་བཙོན་འཇུག་ནར་གཅོད་ཡ་ང་བ་བཏང་ཡོད་པ་མ་ཟད།  རྒྱ་གཞུང་རང་གི་ཁྲིམས་བཅད་བཙོན་དུས་ཡོངས་སུ་རྫོགས་ཏེ་ཀློད་གྲོལ་ཐོབ་པའི་རྗེས་སུའང་། ད་དུང་ཁོང་ལ་འགྲོ་བ་མིའི་རིགས་སྤྱི་ལ་ཡོད་དགོས་པའི་མི་ཚེ་འགྲོ་འདུག་རང་དབང་ཙམ་ཡང་སྤྲད་པར།  ཉེན་རྟོག་པས་ལྟ་སྲུང་ནན་མོས་འོག་སོ་སོའི་ཁྱིམ་ཚང་ནང་བཟང་བཙོན་གྱི་རྣམ་པའི་ཐོག་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་པ་རེད།  རྒྱ་གཞུང་གི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཁག་ལ་རྡོག་རོལ་དང་།  རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་དང་ཉེས་ཁྲིམས་བཅས་ལའང་རྩ་འགལ་དུ་གྱུར་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེ་རིགས་ལ་བསྐྱོན་བརྗོད་དང་།  དུས་ཡུན་རིང་པོའི་བཙོན་འཇུག་མནར་གཅོད་ཀྱི་རྐྱེན་བློ་བཟང་བསྟན་འཛིན་ལགས་ལ་ན་ཚ་བྱུང་ཡོད་པ་དེ་རང་དབང་ཐོག་སྨན་བཅོས་ཀྱི་ཐོབ་ཐང་དང་།  དེ་བཞིན། འགྲོ་བ་མི་སྤྱི་མཚུངས་ལྟར་ཁོང་ལ་འཕྲལ་དུ་འགྲོ་འདུག་རང་དབང་གི་ཐོབ་ཐང་སྤྲོད་དགོས་པ་ནན་སྐུལ་བྱེད་རྒྱུ་ཡིན།

 

རྒྱ་གཞུང་གིས་ས་ག་ཟླ་བར་བོད་མི་མཆོད་མཇལ་བ་རྣམས་ལ་བཀག་སྡོམ།

དེ་བཞིན།  ས་ག་ཟླ་བ་ནི་སྟོན་པ་རིན་པོ་ཆེ་སྐུ་འཁྲུངས་བ་དང་སངས་རྒྱས་པ། སྐུ་མྱ་ངན་ལ་འདས་པའི་དུས་ཚིགས་གསུམ་འཛོམས་ཀྱི་ནང་པའི་ཆོས་ཀྱི་དུས་ཆེན་གལ་ཆེན་ཞིག་ཆགས་ཡོད་སྟབས།   ནམ་རྒྱུན་ས་ག་ཟླ་བའི་དུས་ཆེན་སྐབས་ལྷ་སར་མཆོད་མཇལ་ཕྱག་སྐོར་དུ་འགྲོ་མཁན་བོད་མི་རྒན་དར་གཞོན་གསུམ་ཧ་ཅང་མང་པོ་འཛོམས་ཀྱི་ཡོད་མོད།  རྒྱ་གཞུང་གིས་ས་ག་ཟླ་བའི་སྔ་ཉིན་ཏེ་ཕྱི་ཟླ་ ༥ ཚེས་ ༩ ལྷ་ས་ཁུལ་གྱི་བོད་པའི་གྲོང་སྡེ་ཁག་དང་སློབ་གྲྭ་ཁག  ལས་ཁུངས་ཁག་སོགས་སུ་ཚོགས་འདུ་བསྡུས་ཐོག  དེ་སྔོན་ཕྱིར་བོད་ནང་ལོག་མཁན་རྣམས་འབོད་འགུག་གིས་ལྷ་སའི་ཁུལ་དུ་ཟླ་གཅིག་ལྷག་རིང་ཆབ་སྲིད་སློབ་སྦྱོང་སྤྲད་ཡོད་པ་ལྟར་།  སྐབས་དེའི་མིང་ཐོའི་ནང་ཚུད་ཡོད་པའི་བོད་མི་རྣམས་དང་།  ལྷ་ས་ཁུལ་གྱི་བོད་རིགས་ལས་བྱེད་དང་སློབ་ཕྲུག་བཅས་ས་ག་ཟླ་བར་མཆོད་མཇལ་དུ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་འཇིགས་སྐུལ་བྱས་ཡོད་སྟབས། འདི་ལོའི་ས་ག་ཟླ་བའི་དུས་ཆེན་སྐབས་བོད་མི་རྒན་རྒོན་འགའ་ཤས་མ་གཏོགས་མཆོད་མཇལ་དུ་འགྲོ་མཁན་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག

རྒྱ་གཞུང་གི་བཅའ་ཁྲིམས་ནང་དུ་མི་སུ་འདྲ་ཞིག་ཡིན་ཡང་རང་དབང་ཐོག་ཆོས་དད་བྱེད་པ་དང་ཆོས་དད་མི་བྱེད་པའི་རང་དབང་སྤྱི་མཚུངས་སུ་ཡོད་པ་བཀོད་ཡོད་ལ།  དུས་རྒྱུན་རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་བོད་མིར་ཆོས་དད་རང་དབང་སྤྲད་ཡོད་སྐོར་དྲིལ་བསྒྲགས་བྱེད་ཀྱི་ཡོད།  ཡིན་ནའང་།  དོན་དངོས་ཐོག་བོད་མི་རྣམས་ལ་ཆོས་ཀྱི་དུས་ཆེན་ཙམ་སྲུང་བརྩི་བྱེད་པའི་རང་དབང་ཡང་སྤྲོད་ཀྱི་མེད་པ་འདིས།  རྒྱ་གཞུང་གི་སོ་སོའི་བཅའ་ཁྲིམས་ནང་བཀོད་པའི་ཁས་ལེན་རྣམས་ནི་ཁ་བཤད་ཙམ་ལས་དོན་དངོས་ལེན་མེད་པ་གསལ་བོར་མངོན་ཡོད།  འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་སོ་སོའི་བཅའ་ཁྲིམས་བཀོད་ཡོད་པའི་ཁས་ལེན་རྣམས་དོན་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

to top