བླ་བྲང་དགོན་དུ་ཕྱོགས་ཡོང་གི་གྲྭ་བ་རྣམས་ཕྱིར་ཕུད་དགོས་པའི་བཀའ་རྒྱ་བཏང་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་སེ་འབྲས་དགའ་གསུམ་གཙོས་དགོན་སྡེ་ཁག་ནང་། བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་གྲྭ་བ་གཅིག་ཀྱང་ཉར་མི་ཆོག་པའི་བཀའ་རྒྱ་བཏང་སྟེ། མདོ་སྟོད་སྨད་ཁུལ་གྱི་གྲྭ་བ་རྣམས་ཕྱིར་ཕུད་བཏང་ཡོད་པ་ལྟར།  སྔར་ལོ་ནས་བཟུང་རྒྱ་གཞུང་གིས་ཀན་སུའུ་ཞིང་ཆེན་ཁོངས་སུ་ཡོད་པའི་མདོ་སྨད་ཡུལ་གྱི་དགོན་སྡེ་ཆེ་ཤོས་བླ་བྲང་བཀྲ་ཤིས་འཁྱིལ་དུའང་། ཞིང་ཆེན་ཕྱི་ལོགས་ཀྱི་བོད་ས་སྟོད་སྨད་བར་གསུམ་ནས་ཆོས་སློབ་གཉེར་ཆེད་བསླེབས་མཁན་གྲྭ་བ་རྣམས་ཕྱིར་འཕུད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་བཞིན། རེབ་གོང་རོང་བོ་དགོན་དུའང་སྲིད་ཇུས་དེ་ལག་བསྟར་བྱེད་མགོ་བརྩམས་ཡོད་སྟབས།  བོད་ནང་དུ་གྲྭ་བ་རྣམས་ཀྱི་བསླབ་པ་སློབ་གཉེར་ཐད་བར་ཆད་ཆེན་པོ་འཕྲད་བཞིན་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་བོད་ནས་གསར་དུ་འབྱོར་ཞིང་གྲྭ་བྲང་དགོན་པར་སློབ་གཉེར་གནང་མྱོང་མཁན་ཞིག་གིས་བརྗོད་དོན། ངས་ཨ་མདོ་བླ་བྲང་དགོན་པའི་སྐོར་ལ་ཅུང་ཟད་ཤེས་རྟོགས་བྱུང་བའི་སྐོར་ནས་བཤད་ན། དགོན་པ་དེར་ཁྱོན་དགེ་འདུན་པ་ ༡༣༠༠ ཙམ་ཡོད་ཀྱང་། རྒྱ་གཞུང་གིས་དགོན་པའི་ནང་དགེ་འདུན་པའི་གྲངས་ཚད་གཏན་འབེབས་བཟོས་ཡོད།  རྒྱ་གཞུང་གི་གཏན་འབེབས་བཟོས་པའི་གྲངས་ཚད་ནི་ ༩༩༩  ཡིན་སྟབས། དགོན་པའི་ནང་དགེ་འདུན་པའི་གྲངས་འབོར་སྟོང་ལ་འབུད་ཆོག་གི་མ་རེད། ནམ་རྒྱུན་ཟླ་རེར་བླ་བྲང་དགོན་པའི་ནང་རྒྱ་གཞུང་གིས་རྒྱ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ཐེངས་གཉིས་གསུམ་རེ་སྤེལ་བཞིན་ཡོད།

ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས།  རྒྱ་གཞུང་གིས་དོན་རྐྱེན་དེ་དག་ནི་ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཚོགས་ཀྱི་བརྒྱུད་སྐུལ་འོག་བྱུང་པ་ཞིག་ཡིན་སྐོར་གྱི་ཡིག་ཆ་ཞིག   དགོན་པའི་དགོན་བདག་བརྒྱུད་གྲྭ་ཚང་ཡོངས་ལ་ཁྱབ་བསྒྲགས་བྱེད་བཅུག་ཡོད་པ་དང་།  དགོན་བདག་གི་ངོས་ནས་ཡིག་ཆ་དེ་བརྒྱུད་བསྒྲགས་བྱས་པའི་རྗེས་སུ།  དགེ་འདུན་པ་མང་པོ་ཞིག་གིས་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། རྩོམ་པ་པོ་ཁ་ཤས་ཀྱིས་མི་འདོད་པའི་རྩོམ་ཡིག་དེ་འདྲ་སྤེལ་ཡོད་པ་རེད།

ཕྱི་ལོ་ ༢༠༠༩ ལོར་དགོན་བདག་གིས་དགོན་པའི་གྲྭ་མང་འཛོམས་སར།  སྔར་ལོ་རྒྱ་གཞུང་གི་བཀའ་ལྟར་ཡིག་ཆ་དེ་བརྒྱུད་བསྒྲགས་བྱེད་དགོས་དོན་གཙོ་བོ་ནི།  དེང་སྐབས་བོད་ནང་དུ་ནང་ཆོས་སློབ་གཉེར་བྱེད་ཡུལ་བསྟི་གནས་སེར་འབྲས་དགའ་གསུམ་དང་། རྔ་བ་ཀིརྟི་དགོན་པ་སོགས་ལ་ཆབ་སྲིད་རྙོག་གླེང་གི་རྐྱེན་པས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། ནང་ཆོས་ཀྱི་བསླབ་པ་སློབ་གཉེར་ཐོག་དཔེ་མི་སྲིད་པའི་དཀའ་ངལ་དང་ཛ་དྲག་ཆགས་ཡོད།  ང་ཚོའི་དགོན་པར་ཡང་དེ་ལྟའི་དཀའ་ངལ་ཆགས་ཚེ།  མ་འོངས་པར་བོད་ཀྱི་ས་གནས་ཁག་ཏུ་ནང་ཆོས་སློབ་གཉེར་བྱེད་ཡུལ་གྱི་ཁོར་ཡུག་ཡག་པོ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པར་བརྟེན། ངས་བླ་བྲང་དགོན་པ་དེ་མུ་མཐུད་རྒྱུན་སྲིང་ཐུབ་རྒྱུའི་ཆེད་རྒྱ་གཞུང་གི་ཡིག་ཆ་བརྒྱུད་བསྒྲགས་བྱས་པ་ཞིག་ཡིན། ཁྱེད་ཚོས་ང་རང་ལ་སྡུག་ཆགས་རེད་ཟེར་ནས་ཁོང་ཁྲོ་བྱས་ཀྱང་སྐྱོན་མི་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་སུ་ཡོད་པའི་གདན་ས་སེར་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་ཁག་ནང་།  བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་ནས་བསླེབས་མཁན་གྲྭ་པ་རྣམས་ཉར་མི་ཆོག་པར་ཕྱིར་ཕུད་བཏང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོར་བླ་བྲང་དགོན་པའི་ནང་དུའང་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་གྲྭ་པ་མ་གཏོགས།  ཞིང་ཆེན་ཕྱི་ལོགས་ནས་ཆོས་སློབ་གཉེར་ཆེད་བསླེབས་མཁན་གྲྭ་པ་ཡིན་ཚེ་བླ་བྲང་དགོན་པའི་ནང་སྡོད་མི་ཆོག་པར་སོ་སོའི་ས་གནས་ལ་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། བླ་བྲང་དགོན་པའི་དགོན་བདག་ཁོང་ནི་རྒྱ་གཞུང་ཆོས་དོན་ལྷན་ཁང་གི་ཚོགས་མི་ཡིན་སྟབས། ཁོང་གིས་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་ཐེངས་མང་ཕུལ་བར་བརྟེན་ནས་ལས་འགུལ་ཏེ་སྤེལ་ཐུབ་མེད་མོད།  ད་ལོར་དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་ཀན་སུའུ་ཞིང་ཆེན་གྱི་ཕྱི་ལོགས་ནས་ཡིན་པའི་གྲྭ་པ་ཚོར་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་ཐེམ་ཐོ་བཟོ་དགོས་ཆགས་ཡོད་འདུག

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ།(པར་གྱི་ཡོང་ཁུངས་དྲ་རྒྱ)
མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ།(པར་གྱི་ཡོང་ཁུངས་དྲ་རྒྱ)

ཡིན་ནའང་།  ད་ལྟ་བླ་བྲང་དགོན་པའི་སྒྲིག་ཁོངས་སུ་ཡིག་རྒྱུགས་གཏོང་མཁན་གྲྭ་པ་ ༢༧༠ ལྷག་ཡོད་པ་དང་། དེ་དག་བོད་ཀྱི་ས་གནས་མདོ་དབུས་ཁམས་གསུམ་ནས་ཆོས་སློབ་གཉེར་ཆེད་ཡོང་མཁན་ཡིན་ལ།  ཕལ་ཆེར་བ་ཡིག་རྒྱུགས་ལ་སྒུག་སྟེ་ལོ་གསུམ་དང་བཞི་བ་ལྷག་འགྲོ་བཞིན་ཡོད་ཀྱང་།  རྒྱ་གཞུང་གིས་ད་ལྟའང་ཡིག་རྒྱུགས་གཏོང་ཆོག་པའི་བཀའ་ཁྲོལ་སྤྲད་མེད་པ་རེད། ཕལ་ཆེར་ཀན་སུའུ་ཞིང་ཆེན་གྱི་ཁུངས་གཏོགས་ནས་མིན་ཚེ་འཛུལ་ཞུགས་ཡིག་རྒྱུགས་གཏོང་འཇོག་རྒྱུ་ཁག་པོ་ཆགས་ཡོད་འདུག  ཕྱོགས་མཐའ་ཁག་ནས་བླ་བྲང་དགོན་པར་ཆོས་ཞུགས་བྱེད་བར་ཡོང་མཁན་མང་པོ་ཡོད་ལ། དེའི་རྒྱུ་མཚན་ནི་གདན་ས་སེར་འབྲས་དགའ་གསུམ་གྱི་ནང་ལ་ཚུད་ཐུབ་ཀྱི་མེད་པ་མ་ཟད། དགོན་པར་དམ་དྲག་དབང་གིས་སློབ་གཉེར་ཁག་པོ་ཆགས་ཡོད་པ་དང་། རྔ་པ་ཀིརྟི་དགོན་པའང་དེ་ནང་བཞིན་ཆགས་ཏེ་ཆོས་སློབ་གཉེར་ཞེ་དྲག་ཁག་པོ་ཆགས་བསྡད་འདུག

སྤྱིར་ཨ་མདོ་སྐུ་འབུམ་དགོན་པར་དགེ་འདུན་པ་གྲངས་ ༧༠༠ ལྷག་ཙམ་ཡོད་པ་མ་ཟད། དགོན་པ་དེར་ཆོས་ཞུགས་བྱ་རྒྱུ་ཅུང་གུ་ཡངས་པོ་ཡོད་ཀྱང་བསླབ་པ་སློབ་གཉེར་ཐོག་ཞན་ཙམ་ཡོད་སྟབས། དགེ་འདུན་པ་འཛུལ་ཞུགས་བྱ་མཁན་ཉུང་ཉུང་རེད། རྒྱ་གཞུང་གིས་དགོན་པ་དེར་ཕྱིའི་འཛུགས་བསྐྲུན་ཧ་ལས་པ་བྱས་ཡོད་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་ནང་ཡུལ་སྐོར་ཡོང་ས་ཨང་དང་པོ་ཆགས་ཡོད། ཡིན་ནའང་། ཕྱིའི་དངོས་པོ་ཙམ་ལས་ཆོས་སློབ་གཉེར་ཐད་ཞན་པོ་ཡོད་རྐྱེན།  དགེ་འདུན་མང་པོ་ཞིག་བླ་བྲང་དགོན་པའི་ནང་སློབ་གཉེར་བྱེད་བར་ཡོང་གི་ཡོད།  རྒྱ་གཞུང་གིས་དེ་ལ་དོ་དམ་གྱིས་ཞིང་ཆེན་སོ་སོའི་ཁོངས་གཏོགས་ཀྱི་དགེ་འདུན་པ་མ་གཏོགས་བླ་བྲང་དགོན་པའི་ནང་ཡོང་བཅུག་མི་ཆོག་པ་བཟོ་བཞིན་ཡོད་པ་ལྟར། རེབ་གོང་རོང་པོ་དགོན་པའི་ནང་དུའང་སྒྲིག་གཞི་དེ་ལག་བསྟར་བྱེད་མགོ་བརྩམས་ཡོད་འདུག རྒྱ་གཞུང་གིས་དེ་ལྟར་བྱེད་དགོས་དོན་ནི་དགོན་སྡེ་ཁག་ནང་ཆབ་སྲིད་རྙོག་གླེང་བྱུང་ཚེ་རྩད་གཅོད་བྱེད་བདེ་བོ་དང་། དགོན་པར་དམ་དྲག་བྱེད་བདེ་བོ།  བོད་མིའི་ཐོག་རྡུང་རྡེག་གཏོང་བདེ་བོ་བཅས་ཡོང་ཆེད་ཡིན་པ་གསལ་པོ་རེད་ཟེར།

ནམ་རྒྱུན་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས། ལས་དོན་ཚོགས་ཆུང་ཟེར་བའི་ལས་བྱེད་ཁག་ཅིག་ཆེད་འཛུགས་ཀྱིས་དགོན་པར་ཡོངས་ཏེ་ལས་འགུལ་སྤེལ་གྱི་ཡོད་ཀྱང་། དགེ་འདུན་པ་ཚོས་ལས་འགུལ་དེ་དག་དང་ལེན་གནང་གི་མེད་སྟབས། དེང་སྐབས་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་དགོན་པའི་དགེ་བཤེས་དང་མཁན་པོ་སོགས་ལས་ཀྱི་སྣེ་མོ་བ་ཚོ་བེད་སྤྱོད་བྱས་ཏེ།  ཁོང་ཚོ་བརྒྱུད་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བ་དང་ཆབ་སྲིད་ཡིག་ཆ་དྲིལ་བསྒྲགས་བྱེད་པ་སོགས།  ཐབས་ལམ་འདྲ་མིན་སྣ་ཚོགས་སྤྱད་དེ་དགོན་སྡེ་ཁག་ལ་དཀའ་ངལ་བཟོ་བཞིན་ཡོད་འདུག

to top