བྱིས་པ་ཞིག་གི་ཨ་མས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད།  དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། རྒྱ་གཞུང་གིས་ཁོ་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་ལ་གནས་ཚུལ་དེ་ནི་བཟའ་ཚང་མ་འཆམ་པའི་དབང་གིས་བྱུང་བ་ཞིག་ཡིན་པར་ཁས་ལེན་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་།  སྒྲོལ་མ་སྐྱབས་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་པར་བརྟེན་རྒྱ་གཞུང་གིས་ཁོ་ཡང་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག  ད་ལྟ་ཁོང་བཟའ་མི་གཉིས་ཀྱི་ཤུལ་དུ་བུ་མོ་ལོ་ ༨ ཅན་ཞིག་ཡོད་པ་གཅིག་པུར་ལྷག་ཡོད་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ།  ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ དང་སྐར་མ་ ༣༠ ཙམ་ལ།  ད་ལྟའི་རྒྱ་གཞུང་གི་ས་ཁོངས་ཆ་བགོས་ལྟར་ན་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཐོག་ཏུ། རང་ལོ་ ༣༠ ཡིན་པའི་དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་།  སྐབས་དེར་རྒྱ་གཞུང་ཉེན་རྟོག་པ་མང་པོ་བསླེབས་ཏེ་ཁོ་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་རྒྱབ་ཙམ་ལ་ས་གནས་རྒྱ་གཞུང་ཉེན་རྟོག་པས་སྒྲོལ་མ་སྐྱབས་ལ་ཁོའི་ཆུང་མ་དཀོན་མཆོག་དབང་མོའི་རུས་ཐལ་ལེན་དུ་ཡོང་དགོས་པའི་བརྡ་བཏང་ཡོད་ལ། ཉེན་རྟོག་ཁང་དུ་བསླེབས་རྗེས་རྒྱ་གཞུང་འབྲེལ་ཡོད་མི་སྣས་ཁོ་ལ་ཆུང་མ་དཀོན་མཆོག་དབང་མོས་རང་ལུས་མེར་བསྲེགས་བྱེད་དོན་ནི།  བཟའ་ཚང་ནང་ཁུལ་མ་འཆམ་པར་བྱུང་བ་ཞིག་ཡིན་པ་ཁས་ལེན་དགོས་པའི་བཙན་བཀའ་བཏང་པར།  སྒྲོལ་མ་སྐྱབས་ཀྱིས་རྒྱ་གཞུང་གི་མ་ཉེས་བཙན་འགེལ་གྱི་གཡོ་ཐབས་ཏེ་ཁས་ལེན་རྩ་བ་ནས་མ་བྱས་པར་བརྟེན།  རྒྱ་གཞུང་ཉེན་རྟོག་པས་ཁོ་ཡང་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

དཀོན་མཆོག་དབང་མོ་ལགས་ནི་མཛོད་དགེ་ས་ཁུལ་དུ་རང་ལུས་མེར་བསྲེགས་གནང་མཁན་ ༧ པ་དེ་ཆགས་ཡོད་ལ།  ཁོ་མོའི་སྐྱེས་ཡུལ་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་པ་དང་།  ཁོ་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ཀྱི་སྐྱེས་ཡུལ་ནི་ཟི་ཁྲོན་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བས་ཡིན་འདུག  ཁོ་བཟའ་མི་གཉིས་མཛོད་སྡེ་རྫོང་ཐོག་ཏུ་ཡོང་སྟེ་གཞིས་སྡོད་བྱས་ཡོད་པ་དང་། ད་ལྟ་ཁོང་གཉིས་ཀྱི་ཤུལ་ཏུ་རང་ལོ་ ༨ ཙམ་ཡིན་པའི་བུ་མོ་གཅིག་པུ་མ་གཏོགས་མེད་འདུག

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་མ་བསླེབས་པའི་ཡར་སྔོན་ནས་བཟུང་།  རྒྱ་གཞུང་གིས་མཛོད་དགེ་རྫོང་གི་དགོན་སྡེ་ཁག་དང་། རྫོང་མཁར་ཁྱོན་ཡོངས་ལ་ཉེན་རྟོག་དམག་མི་དང་བདེ་སྲུང་བ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་ལ། དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྗེས།  མཛོད་དགེ་རྫོང་ཐོག་ཏུ་དམག་མི་སྔར་བས་ཇེ་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

to top