བོད་སྡོད་དྲག་ཆས་དམག་མིའི་ལག་དེབ་ལས་མངོན་པའི་བོད་ནང་གི་ཛ་དྲག་གནས་སྟངས།

རྒྱ་གཞུང་གིས་དུས་རྒྱལ་སྤྱིའི་སྒང་བོད་ཞི་བའི་བཅིངས་འགྲོ་བཏང་ལུགས་དང་། བོད་མི་མང་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་སྐོར་དྲིལ་སྒྲོག་བྱེད་བཞིན་ཡོད་མོད། ༢༠༠༨ ཕྱི་ཟླ་ ༡༠ པའི་ནང་༼བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་བྱེད་སྐབས་ཀྱི་སེམས་ཁམས་སློབ་སྟོན་དང་འགོག་སྲུང་ལབ་དེབ(དམག་སྤྱོད་དེབ)༽པར་སྐྲུན་གྱིས།  རྒྱ་གཞུང་དྲག་ཆས་ཉེན་རྟོག་ཟི་ཁྲོན་སྤྱི་ཁྱབ་རུ་ཁག་གིས་དམག་མི་ནང་ཁུལ་དུ་འགྲེམས་བསྒྲགས་བྱས་ཡོད་པ་དང་།  ལག་དེབ་དེའི་ནང་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་པ་གསལ་ཡོད།

china book01
བོད་སྡོད་རྒྱ་ནག་དྲག་ཆས་ཉེན་རྟོག་དམག་གི་ལག་དེབ་ཀྱི་རྒྱབ་ཤ།

རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་ལ་བཙན་འཛུལ་དབང་སྒྱུར་བྱས་པ་ནས་བཟུང་། ད་ལྟའི་བར་བོད་ཀྱི་ས་ཁུལ་ཁག་ནང་དམག་གི་རྟེན་གཞི་འདྲ་མིན་བཙུགས་ཡོད་ལ།  ལྷག་པར་དུ་ ༢༠༠༨ ལོར་བོད་ས་སྟོད་སྨད་བར་དུ་རྒྱ་གཞུང་གི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱུང་རྗེས། རྒྱ་གཞུང་གིས་སྔར་ལས་ལྷག་པར་བོད་ཁུལ་གྱི་གཞི་རིམ་གྲོང་སྡེ་ཚུན་ཆད་ནང་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ།  བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་ཅེས་པར་ཁ་གཡར་ཏེ་བོད་པའི་དགོན་སྡེ་ཁག་གཙོས་ས་གནས་སེར་སྐྱ་མང་ཚོགས་ལ་དྲག་གནོན་སུན་གཙེར་སྣ་ཚོགས་བཟོ་བཞིན་པར་བརྟེན།  བོད་ནང་རང་ལུས་མེར་བསྲེགས་ཀྱིས་མཚོན་པས་ཞི་བའི་སྐད་འབོད་ཁྲོམ་སྐོར་རིམ་པར་བྱུང་བཞིན་ཡོད།  ཡིན་ནའང་། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་མི་མང་གི་མངོན་འདོད།  རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབོད་སྐུལ་ལ་ཉན་འཇོག་རྩ་བ་ནས་མ་བྱས་པར་དྲག་གནོན་ཁོ་ན་སྤྱད་དེ་ཞི་འཇགས་བཟོ་ཐབས་བྱས་པར་བརྟེན།  ད་ལྟའི་ཆར་བོད་ནང་གི་གནས་སྟངས་སྔར་བས་ཛ་དྲག་ཏུ་འགྱུར་བཞིན་ཡོད།

༢༠༠༨ ལོའི་ཕྱི་ཟླ་ ༡༠ ནང་ནས་བཟུང་རྔ་བ་དང་དཀར་མཛེས་གཙོས་བོད་ཁུལ་དུ་གནས་སྡོད་རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་ཁུལ་སོ་སོ་དང་བཙོན་སྲུང་དམག་མི་བཅས་ཀྱི་ཁྲོད།  ༼བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་བྱེད་སྐབས་ཀྱི་སེམས་ཁམས་སློབ་སྟོན་དང་འགོག་སྲུང་ལབ་དེབ(དམག་སྤྱོད་དེབ)༽ཅེས་པའི་ཤོག་ངོས་ ༢༩ ཅན་གྱི་དམག་མིས་ཆེད་སྤྱོད་ལག་དེབ་ཅིག་འགྲེམས་བསྒྲགས་བྱས་ཡོད་ལ།  དེབ་དེའི་ནང་བཀོད་པའི་གནས་ཚུལ་དག་གི་རྒྱབ་ལྗོངས་ལས། ད་ལྟའི་བར་རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་བོད་ཞི་བའི་བཅིངས་གྲོལ་བྱས་ཚུལ་དང་བོད་མི་མང་ལ་བདེ་སྐྱིད་བསྐྲུན་ཡོད་སྐོར་བརྗོད་ཀྱིན་པ་དེ་དངོས་དོན་མི་མཐུན་པའི་རྫུན་སྒྲོག་ཡིན་པ་གསལ་བོར་བསྟན་ཡོད་པ་རེད།  དེབ་དེ་ནི་ཝང་ཅོན་ཞཱང་དང་ཁྲིན་ཅན་ཝེ། ཞའེ་ལིས། ཝང་པེན། ཀྲང་ཝུན་ཁྲོན་བཅས་ཀྱིས་རྩོམ་འབྲི་དང་མའོ་ཙི་ཞཱང་གྱིས་ཕྱོགས་སྒྲིག  ཀྲའོ་ཞའོ་པེན་དང་ཀྲུག་ཀྲི་ཡུང་གཉིས་ཀྱིས་དག་སྒྲིག དམག་ཆས་ཉེན་རྟོག་དམག་དཔུང་ཟི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་དམར་ཤོག་རྒྱུན་ལས་དང་ཆབ་སྲིད་སྡེ་ཁག་གི་འགན་འཛིན་ཧྥུ་ཝན་ཞོན་དང་འགན་འཛིན་གཞོན་པ་ཁྲིན་ལིས་ཞའེ་གཉིས་ཀྱིས་མཐའ་མའི་ཞིབ་བཤེར་བརྒྱུད་པར་འགྲེམས་བྱས་པ་ཞིག་རེད།

དེབ་དེའི་ནང་བོད་སྡོད་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་ལས་དོན་ལ་ཇི་ལྟར་གདོང་ལེན་བྱེད་དགོས་མིན་དང་། མི་མང་ཡར་ལངས་སྐབས་དམར་གསོད་དྲག་གནོན་གྱི་དོན་རྐྱེན་བྱུང་སྟེ་ཟང་ཟིང་ཆགས་རྗེས། དམག་མིའི་སེམས་ཁམས་སྙོམས་སྒྲིག་ཇི་ལྟར་བྱེད་དགོས་མིན། དེ་བཞིན། བོད་ཀྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་འཚོ་བའི་གནས་བབ་ཀྱི་རྐྱེན་པས། དམག་མི་རྣམས་བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་ལས་གནས་སུ་འདུག་འདུན་མེད་པར་གྱུར་ཏེ་དམག་དཔུང་ནང་ནས་ཕྱིར་འབུད་དང་སེམས་ཁམས་འཁྲུག་པའི་ནད་གཞི་བྱུང་བཞིན་པ་སོགས།  བོད་ཁུལ་དུ་གནས་སྡོད་རྒྱ་ནག་དྲག་ཆས་དམག་མིའི་སེམས་ཁམས་ལ་འཕྲད་བཞིན་པའི་དཀའ་ངལ་དང་དོགས་གཞི་ཁག་ ༢༥ ལ་ལན་འདེབས་ཀྱི་རྣམ་པའི་ཐོག་ལམ་སྟོན་དང་སྐུལ་སློང་བྱས་ཏེ།  བོད་སྡོད་དྲག་ཆས་དམག་དཔུང་མུ་མཐུད་བརྟན་བརླིང་ཡོང་ཐབས་ལ་དམིགས་ཡོད་པ་རེད།

ལྷག་པར་དུ་དོགས་སེལ་དྲི་གཞི་ཚན་པ་  ༡༡ པར།  ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྐབས་ཀྱི་ཡ་ང་སྙིང་རྗེ་མེད་པའི་སྣང་བརྙན་རྣམས་བསམ་བློའི་ནང་ཡལ་ཐབས་མེད་པ་ཆགས་པའི་དཀའ་ངལ་ལ་ཇི་ལྟར་གདོང་ལེན་བྱ་དགོས་མིན་གྱི་དོན་ཚན་ནང་།   “རྔ་བ་ས་ཁུལ་གྱི་ ༣་༡༦ དོན་རྐྱེན་དང་། གསེར་རྟ་རྫོང་དང་དཀར་མཛེས་རྫོང་གི་ ༣་༡༨ རྡུང་གཅོག་འཕྲོག་སྲེག་གི་དོན་རྐྱེན་ཁྲོད་ཉམས་ཞུགས་བྱེད་མྱོང་པའི་དམག་དཔོན་དང་དམག་མི་དག་གི་བསམ་བློའི་ནང་ཡ་འཇིགས་ཡེར་བའི་སྐབས་དེའི་གནས་ཚུལ་རྣམས་ཡིད་ལ་འཁོར་ཡོང་བ་མ་ཟད།  མཚན་མོ་རྨི་ལམ་འཁྲུག་པ་དང་གཉིད་བཤད་སོགས་ཀྱང་བྱེད་སྲིད་པ་རེད། ” ཅེས་བརྗོད་ཡོད་པ་དེས།  ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་རྔ་བའི་ཞི་རྒོལ་དང་། ཕྱི་ཟླ་ ༣ ཚེས་ ༡༨ ཉིན་གསེར་རྟ་རྫོང་དང་དཀར་མཛེས་རྫོང་གཉིས་ཀྱི་ཞི་རྒོལ་བཅས་ཀྱི་སྐབས།  རྒྱ་དམག་གིས་ཡ་ང་སྙིང་རྗེ་མེད་པར་ས་གནས་བོད་མི་ཞི་རྒོལ་མང་ཚོགས་ཐོག་བློ་ཡིད་ལ་ཤོངས་དཀའ་བའི་དམར་གསོད་དྲག་གནོན་འཇིགས་ཡེར་བ་ཞིག་བྱས་ཡོད་པ་དང་།  དེ་ལ་བརྟེན་ནས་ས་ཁུལ་མངགས་སྡོད་དྲག་ཆས་ཉེན་རྟོག་དམག་མིའི་ཁྲོད་སོ་སོའི་ཉེས་སྤྱོད་ལ་རང་ཉིད་འཚེར་སྣང་དང་འཇིགས་སྐྲག་གི་ཚོར་བ་བསླེབས་ཀྱིན་ཡོད་པའི་གནས་སྟངས་གསལ་བོར་བསྟན་འདུག

དོགས་སེལ་དྲི་གཞི་ ༡༦ པ་བོད་མི་ཟིང་སློང་བ་རྣམས་ཐད་ཀར་གདོང་མཆོངས་བྱས་འོང་དུས།  དམག་མི་སོ་སོའི་སེམས་སུ་རང་ཉིད་ཀྱིས་ནོར་འཁྲུལ་ག་རེ་བཟོས་སོང་བས་ཡིན་ནམ་བསམ་པའི་སེམས་ཚོར་ཡོང་གི་ཡོད་མེད་སྐོར་དོགས་སེལ་དོན་ཚན་ནང་།  “བློ་མཐུན་འགའ་ཤས་ཀྱིས་ཟིང་སློང་བ་རྣམས་ཀྱིས་བོད་གྲི་དང་གཙབ་གྲི། རྡོ་སོགས་བཟུང་སྟེ་རྒོལ་ལན་སློག་སྐབས་ཀྱི་གནས་ཚུལ་རྣམས་ཡིད་ལ་འཁོར་ཡོང་དུས་དཔའ་འཁུམ་སྟེ་སྙིང་འདར་བ་དང་། དེ་བཞིན། གྲྭ་ཆས་དམར་པོ་གྱོན་པའི་གྲྭ་བ་རྣམས་མཐོང་ཡོང་དུས་སེམས་ལ་འཚུབ་ཆ་ལངས་འོང་བ་སོགས་ནི་དམག་མིའི་འཐབ་འཛིང་གི་དཔའ་ཞུམ་པའི་སྣང་ཚུལ་ཞིག་ཡིན་སྟབས།  ཁ་གཏད་ཕ་རོལ་བོ་རྣམས་ལ་ཉེས་ཆད་གཅོད་པར་ཞེད་སྣང་སྐྱེས་བཞིན་ཡོད།  གནས་སྟངས་དེས་དམག་དཔུང་གི་རྔམས་བརྗིད་དང་ལས་དོན་ལེགས་འགྲུབ་ཡོང་རྒྱུར་ཤུགས་རྐྱེན་ཧ་ཅང་ངན་པ་འཇོག་གི་ཡོད། ” ཅེས་བཀོད་ཡོད།  དུམ་ཚན་འདིའི་ཚིག་ཟུར་ལས་རྟོགས་ཐུབ་པ་ཞིག་ནི།  རྒྱ་གཞུང་གིས་བོད་ཁུལ་དུ་དྲག་ཆས་དམག་དཔུང་འགྲེམས་འཇོག་གིས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་གཙོས་བོད་མི་མང་གི་ཐོག་ལ་གདུག་རྩུབ་དྲག་གནོན་རིམ་པར་བྱས་པར་བརྟེན།  དམག་མི་རྣམས་ཀྱི་སེམས་ནང་བོད་པའི་གྲྭ་བཙུན་སྤྱི་དང་བོད་མི་མང་ནི་རང་ཉིད་ཀྱི་དགྲ་བོ་ཡིན་པའི་འདུ་ཤེས་དང་ཞེད་སྣང་སོགས་བསླེབས་ཡོད་ལ།  རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་མི་རིགས་འཆམ་མཐུན་ཞེས་པའི་སྒྲོག་གིན་ཡོད་ཀྱང་། དོན་གྱིས་དེ་ལས་ལྡོག་སྟེ་རྒྱ་བོད་མི་རིགས་བར་འགལ་བ་སྣ་ཚོགས་ཡོང་བསྐྱེད་བཞིན་པ་མཐོང་ཐུབ།

དེ་བཞིན།  བོད་སྡོད་དྲག་ཆས་དམག་མིའི་བག་འཁུམ་དཔའ་ཞུམ་གྱི་སྣང་ཚུལ་སེལ་ཐབས་སྐོར་ལ།  “བོད་མི་ཁ་བྲལ་བ་རྣམས་གཟུགས་སྟོབས་ལྡན་པ་དང་དཔའ་ཉམས་དོད་པ་ཡོད་ཀྱང། ང་ཚོས་(རྒྱ་གཞུང་དང་དམག་མི)བདེན་དོན་སྒྲུབ་ཀྱི་ཡོད་ལ།  རྒྱ་ནག་དབུས་དམར་གཞུང་དང་དབུས་དམག་དོན་ལྷན་ཁང་། རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཡོད་སྟབས། བོད་ཁུལ་ཡུན་རིང་བརྟན་ལྷིང་བཟོ་རྒྱུར་ཁག་ཐེག་བྱེད་ཐུབ།” སོགས་བཀོད་འདུག་པ་དེས།  རྒྱ་གཞུང་གིས་དམག་མི་རྣམས་ལ་བོད་མིའི་བདེན་དོན་འཐབ་རྩོད་ལ་འགྲེལ་ལོག་བརྒྱབ་སྟེ་དམག་མི་རྣམས་མགོ་རྨོངས་བཟོས་ཏེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་དེ་ནི་ཡང་དག་ཅིག་ཡིན་ཚུལ་རྫུན་སྒྲོག་དང་།  བོད་སྡོད་དྲག་ཆས་དམག་མིས་བོད་མི་དྲག་གནོན་དམར་གསོད་གཏོང་རྒྱུར་འཚེར་སྣང་ཡོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད།  བོད་མིའི་ཐོག་མུ་མཐུད་གདུག་རྩུབ་ཕར་རྒོལ་གྱིས་དྲག་གནོན་བྱ་རྒྱུའི་ཐད།  སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་རྒྱ་ནག་དབུས་གཞུང་དང་དབུས་དམག་ཁུལ་གྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཡོད་གསལ་བོར་བསྟན་ཡོད།

དོགས་སེལ་དྲི་གཞི་ ༢༠ པ་བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་སྐབས་དམག་མིས་ལས་དོན་གྱི་ཉེན་ཁ་ཚོར་རྟོགས་བྱུང་རྗེས་ད་དུང་དམག་དཔུང་ནང་མུ་མཐུད་འདུག་འདོད་ཡོད་མེད་སྐོར་གྱི་དོན་ཚན་ནང་། “བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་སྐབས་ཀྱི་ཁོར་ཡུག་གནས་སྟངས་ཧ་ཅང་རྙོག་འཛིང་ལྡན་པ་དང་ལས་འགན་ལྗིད་པ། དུས་རྒྱུན་འཆི་དང་གསོན། ཁྲག་དྲི་དང་མདའ་ཆར་ལ་གདོང་གཏད་དགོས་པའི་དངོས་སྦྱོང་ཚོད་ལྟ་ཞིག་ཡིན་སྟབས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།” ཅེས་བཀོད་ཡོད་པ་དེས།  རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་ལ་བོད་ཞི་བའི་བཅིངས་གྲོལ་བྱས་ཚུལ་དང་། བོད་ཁུལ་འཆམ་མཐུན་འཕེལ་རྒྱས་འགྲོ་བཞིན་ཡོད་སྐོར་སྒྲོག་གིན་དེ་ནི། འཛམ་གླིང་མི་མང་ལ་མགོ་སྐོར་ཐབས་ཀྱི་གཡོ་ཐབས་ཤིག་ཡིན་པ་ཙམ་ལས།  ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅིག་ལ་བསླེབས་ཡོད་པ་གསལ་བོ་བསྟན་ཡོད།

དེ་བཞིན། དམག་མིས་ཆེད་སྤྱོད་ལག་དེབ་དེའི་ནང་།  “དམག་དཔོན་དང་དམག་མི་མང་པོ་ཞིག་ཐེངས་དང་པོར་བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་སྐབས། སེམས་ཁམས་འཁྲུག་པ་དང་ཁོང་ཁྲོ་ལངས་པ།  སྐྲག་སྣང་སྐྱེས་ཏེ་བག་འཁུམ་པའི་གནས་སྟངས་སོགས་ཡོང་གི་ཡོད།  ལྷག་པར་དུ་ཕྱོགས་གཉིས་གདོང་ཐུག་རྒྱག་སྐབས་དང་གློ་བུར་ཐོལ་བྱུང་གི་དོན་རྐྱེན་བྱུང་སྐབས། དམག་དཔོན་རེ་ཟུང་བག་འཁུམ་སྟེ་ལས་དོན་འགུལ་སྤྱོད་དུས་ཐོག་བྱེད་ཐུབ་ཀྱི་མེད་པ་ཡོང་གི་ཡོད།  ” ཞེས་དང་།  “བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་དམག་དོན་ལས་འགུལ་ཁྲོད་ཀྱི་ཆབ་སྲིད་འཐབ་ཇུས་ངོས་འཛིན་གསལ་བོ་ཡོད་པའི་སྒོ་ནས།  ‘ལངས་ཕྱོགས་གསུམ’ མཐོན་པོར་བསྒྲེངས་དགོས་པ་དང་།  ‘བེད་སྤྱོད་ལ་གཟབ་དགོས་པ་གསུམ’ རྒྱུན་སྐྱོང་། དྲག་ཆས་བེད་སྤྱོད་ཐད་ཀྱི་ ‘ཡིད་གཟབ་གཏན་འབེབས་དྲུག’ བཅས་ལག་བསྟར་བྱས་ཏེ།  དམར་ཤོག་གཞུང་དང་རྒྱལ་ཁབ་ཕྱོགས་ཡོངས་ནས་རྣམ་པར་རྒྱལ་དགོས། ” ཞེས་སོགས་བརྗོད་ཡོད།  སྐད་ཆ་དེ་དག་གི་ཤུགས་ནས་རྒྱ་གཞུང་གིས་བོད་ཁུལ་དུ་སྤེལ་བཞིན་པའི་བརྟན་ལྷིང་སྲུང་སྐྱོང་ཞེས་པའི་ལས་དོན་དེ་ནི། སྤྱིར་བཏང་གི་སྤྱི་ཚོགས་བརྟན་ལྷིང་བདེ་འཇགས་ཀྱི་གནས་སྟངས་ཙམ་ཞིག་མ་ཡིན་པར།  སྒྲིག་གཞི་དང་འཆར་བཀོད་ཆ་ཚང་ལྡན་པའི་གཞི་རྒྱ་ཆེ་བའི་དྲག་ཆས་དམག་མིས་བཙན་དྲག་དབང་སྒྱུར་གྱི་འཐབ་འཛིང་གི་རྣམ་པ་ཞིག་གི་སྒང་ལ་གནས་ཡོད་པ་མངོན་ཡོད།

དྲག་ཆས་ཉེན་རྟོག་དམག་དཔུང་ཟི་ཁྲོན་སྤྱི་ཁྱབ་རུ་ཁག་གི་བོད་སྡོད་དམག་མིས་ཆེད་སྤྱོད་ལག་དེབ་དེའི་སྔོན་གླེང་ནང་།  དེབ་དེ་ནི་དྲག་ཆས་ཉེན་རྟོག་དམག་དཔུང་ཟི་ཁྲོན་སྤྱི་ཁྱབ་རུ་ཁག་གི་བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་བརྙན་འཕྲིན་ཚོགས་འདུའི་ནང་དོན་དང་འབྲེལ་ཡོད་དམག་དཔོན་ཚོའི་མཛུབ་སྟོན་ལྟར། བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་བོད་སྡོད་དྲག་ཆས་ཉེན་རྟོག་དམག་མི་དང་དམག་དཔོན་བཅས་ཀྱི་སེམས་ཁམས་གནས་སྟངས་དངོས་ལ་གཞི་བཅོལ་ཏེ། སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སེམས་ཁམས་འཕྲོད་བསྟེན་སྡེ་ཚན་དང་ཁོངས་གཏོགས་རུ་ཁག་གི་འཕྲོད་བསྟེན་སྡེ་ཚན་བཅས་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ།  དེབ་འདིའི་དམིགས་དོན་ནི་བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་སྐབས་ཀྱི་དམག་མིའི་སེམས་ཁམས་སྐོར་གྱི་རྒྱུན་ཤེས་དང་། ནམ་རྒྱུན་འཕྲད་བཞིན་པའི་སེམས་ཁམས་གནད་དོན་ཐད་ཀྱི་ལམ་སྟོན་དང་རྨང་གཞིའི་ལྷན་ཐབས་ཤེས་རྟོགས་ཡོང་ཐབས་བྱས་ཏེ།  བོད་ཁུལ་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱི་སྤུས་ཚད་སྔར་བས་ཤུགས་ཆེ་རུ་གཏོང་ཐབས།  བོད་སྡོད་དྲག་ཆས་ཉེན་རྟོག་དམག་དཔུང་བརྟན་བརླིང་དང་དྲག་གནོན་ལས་དོན་ལེགས་འགྲུབ་ཡོང་བར་འགན་ལེན་ཁག་ཐེག་ཐུབ་ཆེད།  དྲག་ཆས་ཉེན་རྟོག་དམག་དཔུང་ལ་ལྟ་ཀློག་སློབ་སྦྱོང་དང་བེད་སྤྱོད་བཅས་ལ་དམིགས་ཏེ་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་གསལ་བོར་བཀོད་འདུག

དྲག་ཆས་དམག་མིའི་ཆེད་སྤྱོད་ལག་དེབ་དེའི་བརྗོད་དོན་ཧྲིལ་བོ་ལས།   བོད་ཁུལ་ཡོངས་སུ་རྒྱ་གཞུང་གིས་དམག་མི་ཕོན་ཆེན་པོ་འགྲེམས་འཇོག་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་གཙོས་སྐྱ་སེར་མི་མང་རྣམས་ལ་དྲག་གནོན་བཀག་སྡོམ་ནན་མོ་བྱེད་བཞིན་པར་མ་ཟད།  མི་སྤྱོད་ལས་འདས་པའི་རྒྱ་དམག་གི་བྱས་སྤྱོད་སྣ་ཚོགས་ཀྱི་རྐྱེན་པས།  ད་ལྟའི་ཆར་དམག་མིའི་ཁྲོད་སོ་སོའི་སྤྱོད་ཉེས་ལ་འཚེར་སྣང་དང་འཇིགས་སྣང་སོགས་བསླེབས་ཏེ་ཕྱིན་འཐོན་མཁན་ཡང་ཡོང་གི་ཡོད་པ་པར་བརྟེན།  རྒྱ་གཞུང་གིས་དངུལ་དངོས་ཀྱི་བྱ་དགའ་དང་མཚན་མཐོང་སྔགས་བརྗོད་ཀྱི་བསླུ་ཐབས་སྤྱད་དེ་དམག་མི་རྣམས་མུ་མཐུད་སྡོད་རྒྱུར་སྐུལ་སློང་བྱེད་བཞིན་པ་སོགས།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་སྲིད་ཇུས་ཀྱི་ངོ་བོ་དང་བྱེད་ཐབས་གསལ་ཡོད་པ་རེད།

 

to top