བོད་རིགས་གླུ་བ་ཞིག་ལ་ལོ་ལྔ་ཡི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

photo copy
ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གླུ་བ་ཤ་བོ་བཀྲ་ཤིས་ལགས།

༢༠༡༢ ལོའི་ཟླ་ ༡༡ ནང་དུ་བོད་མདོ་སྨད་རེབ་གོང་མདོ་བ་རུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱི་གནས་ཚུལ་བསྟུད་མར་བྱུང་སྐབས། རྒྱ་གཞུང་གིས་ས་གནས་བོད་མི་མང་པོ་མངོན་ལྐོག་གཉིས་ནས་འཛིན་བཟུང་བྱས་ཡོད་པ་ལྟར། སྐབས་དེར་རེབ་གོང་མདོ་བ་སྒྲོ་རོང་བོ་སྡེ་བའི་རང་ལོ་ ༤༠ ཡིན་པའི་རྡུང་ལེན་པ་ཤ་བོ་བཀྲ་ཤིས་ལགས་ཀྱང་འཛིན་བཟུང་བྱས་ཏེ། ད་ཆར་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཟི་ལིང་དུ་བཙོན་འཇུག་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྡུང་ལེན་པ་ཤ་བོ་བཀྲ་ཤིས་ལགས་རྒྱ་གཞུང་གི་འཛིན་བཟུང་རྗེས། ཁོང་ལ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་འདྲ་པར་བཀྲམ་པ་དང་། འདྲ་པར་གྱི་སྟེང་དུ་མེར་བསྲེགས་མཁན་གྱི་ཁ་ཆེམས་ཡི་གེ་བྲིས་བ། སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་པའི་ལས་འགུལ་ནང་དུ་ཞུགས་པ། མི་རིགས་ཀྱི་ལ་རྒྱའི་གླུ་བླངས་པ་སོགས་ཀྱི་ཉེས་འཛུགས་འོག ཡོངས་གྲགས་མ་ཡིན་པར་གསང་བའི་སྒོ་ནས་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ད་ལྟ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག

ཤ་བོ་བཀྲ་ཤིས་ལགས་ནི་སོ་སོའི་མི་རིགས་ལ་དུང་བ་ཟབ་མོ་ཡོད་མཁན་ཞིག་ཡིན་ལ། ཁོང་གིས་ཆུང་དུས་ནས་མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བའི་བཟུང་གླུ་དང་རྡུང་ལེན་གཏོང་རྒྱུར་ཤིན་ཏུ་དགའ་བ་དང་། ༼རྒྱང་རིང་གི་ཕ་ལོ།༽ཞེས་བའི་ཁོ་རང་གི་ཆེད་སྒྲིག་འོད་སྡེར་སྥྱི་ཚོགས་ཁྲོད་འགྲེམས་སྤེལ་ཞུས་པར། རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ་བཞིན་ཡོད་པ་རེད།

གཞན་ཡང་། ད་ལྟའི་ཆར་རེབ་གོང་མདོ་བ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་མི་སྣའི་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་མི་བསད་པ་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༡༣ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ལ། ཁོ་ཡང་ད་ལྟ་ཟི་ལིང་བཙོན་ཁང་ཆེ་གྲས་ཞིག་གི་ནང་བཀག་ཉར་བྱས་ཡོད་འདུག དེ་བཞིན། ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རང་ལོ་ ༦༣ ཡིན་པའི་ཨ་ཁུ་རྒྱ་སྟག་ལགས་དང་། ལོ་ ༢ དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པའི་རེབ་གོང་རྫོང་སློབ་འབྲིང་གི་སློབ་མ་རྡོ་རྗེ། ལོ་ ༢ ཁྲིམས་ཐག་བཅད་ཡོད་པའི་མདོ་བ་ཁྱི་ལྔ་སྡེ་བའི་རང་ལོ་ ༢༠ སོན་པ་ལྷ་མོ། ལོ་ ༢ ཁྲིམས་ཐག་བཅད་ཡོད་པའི་རང་ལོ་ ༡༧ ཡིན་པ་སློབ་ཕྲུག་མདོ་བ་ལྡོང་ངེ་སྡེ་བའི་བསམ་མེ་ཚང་གི་བུ་དང་། ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་རང་ལོ་ ༡༩ ཡིན་པའི་བརྩོན་འགྲུས་ཆོས་ལྡན་ལགས་བཅས་ཡོད་པ་དང་། མདོ་བ་མཁར་སྐྱ་སྡེ་དཀོན་མཆོག་ཚེ་བརྟན་གྱི་ཚ་བོ་རང་ ༡༨ ཡིན་པ་བསོད་འབུམ་ལགས་ལ་ད་ལྟ་ཁྲིམས་ཐག་མ་བཅད་པར་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་འོག་ཡོད་འདུག

ཕྱི་ལོ་ ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ནས་བཟུང་། ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༢༠ བྱུང་ཡོད་ཀྱང་།  རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་དང་བོད་མིའི་མངོན་འདོད་ལ་བརྩི་འཇོག་གང་ཡང་བྱས་མེད་པ་མ་ཟད།  དེ་ལས་ལྡོག་སྟེ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ནང་མི་ཉེ་འབྲེལ་དང་གྲོགས་པོ་བཅས་ལ་ཉེས་མིང་འདྲ་མིན་བཀལ་ཏེ།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་རྡོག་རོལ་བཏང་སྟེ་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཐག་ཡོད། ཁྲིམས་མེད་ལུགས་མེད་ཀྱི་སྤྱོད་སྟངས་དེ་དག་ལས།  རྒྱ་གཞུང་གིས་ནམ་རྒྱུན་རྒྱལ་སྤྱིའི་སྒང་རྒྱ་ནག་དམར་པོའི་གཞུང་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པ་དྲིལ་བསྒྲགས་བྱེད་བཞིན་པ་དེ་ནི་ཁ་བཤད་དོན་ལ་མི་གནས་པའི་རྫུན་གཏམ་ཙམ་ཡིན་པ་གསལ་བོར་མངོན་ཡོད།

to top