བོད་མིའི་ཐོབ་ཐང་འཐབ་རྩོད་པ་ཚེ་རིང་མཚོ་ལགས་ཀྱིས་རྒྱ་གཞུང་གིས་རྒྱ་བོད་གཉིས་ཀྱི་བར་མི་རིགས་དབྱེ་འབྱེད་བྱེད་ཀྱིན་ཡོད་པ་ཐེར་འདོན་བྱས་པས་འཇུ་བཟུང་བཀག་ཉར་བྱས་འདུག 

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན་མདོ་སྨད་ཁྲི་ཀ་རྫོང་ནས་ཡིན་ཞིང་ད་ལྟའི་ཆར་སྐྱེ་དགུ་མདོ་རུ་གནས་སྡོད་གནང་མཁན་ཚེ་རིང་མཚོ་ལགས་ཀྱིས་སླར་ཡང་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་བོད་མི་རིགས་དབར་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གནས་ཚུལ་དང་བོད་ཡུལ་དུ་ཚོང་ལས་འཛུགས་བསྐྲུན་སོགས་སྤེལ་བར་ལས་ཁུངས་འདྲ་མིན་གྱི་དཔོན་པོ་ཚོས་བཤུ་གཞོག་བྱས་ནས་མགོ་འགྱོག་ཐབས་མེད་པ་བཟོ་བཞིན་པ་སོགས་ཀྱི་གནས་ཚུལ་བརྙན་ཐུང་གི་ལམ་ནས་མོ་རང་གི་སྤྱི་ཚོགས་དྲྭ་བྱང་སྐད་འཕྲིན་དང་འཁྱུག་དབྱངས་སོགས་སུ་སྤེལ་བར་བརྟེན་ཡུལ་ཤུལ་གྲོང་ཁྱེར་ཉེན་རྟོག་པས་“དྲྭ་རྒྱའི་སྒྲིག་ལམ་གཏོར་བཤིག་”དང་“གྲོང་ཁྱེར་གྱི་བདེ་འཇགས་གཏོར་བཤིག་”བཏང་སྟེ་“བསྙད་བརྐོ་ཟིང་སློང་”བྱས་ པའི་ཉེས་མིང་འོག་ཉིན་གྲངས་བཅོ་ལྔ་ཙམ་ལ་འཇུ་བཟུང་བཀག་ཉར་བྱས་འདུག་ཅིང་ད་ལྟར་མོ་རང་དམ་དྲག་ཆེན་པོའི་འོག་བདེ་འཇགས་ཐད་ཉེན་ཁའི་གནས་སུ་ལྷུང་འདུག 

ཉེ་ལམ་ཕྱི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་ཚེ་རིང་མཚོའི་སྒེར་གྱི་སྐད་འཕྲིན་རྒྱབ་ངོས་སོགས་སུ་ཡུལ་ཤུལ་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ནས་བཏོན་པའི་ཡིག་ཆའི་ནང་དུ་“༢༠༢༣ ལོའི་ཟླ་ ༡༠ ཚེས་ ༨ ནས་ཚེས་ ༢༥ བར་ཚོ་རིང་མཚོས་སྒེར་གྱི་འཁྱུག་དབྱངས་དྲྭ་ངོས་སུ་དོན་མེད་དུ་སྲིད་གཞུང་དང་ལས་བྱེད་པར་སྐྱོན་བརྗོད་དང་དམའ་འབེབས་སོགས་ཀྱི་བརྙན་རྫུན་བཟོ་བྱས་པ་བཅུ་བདུན་ཙམ་སྤེལབར་བརྟེན་བདེ་འཇགས་དོ་དམ་ཉེས་གཅོད་བཅའ་ཁྲིམས་ཀྱི་དོན་ ༢༦ པའི་ནང་གསེས་ ༤ ལྟར་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༢༦ ནས་ཟླ་ ༡༡ ཚེས་ ༡༠ བར་སྲིད་འཛིན་བཀག་ཉར་བྱས་པ་ཡིན།”བཅས་འཁོད་འདུག ཡིག་ཆ་དེར་འབྲེལ་ཡོད་ཉེན་རྟོག་པའི་མིང་རྟགས་བཀོད་ཡོད་ཀྱང་ཚེ་རིང་མཚོ་ལགས་ཀྱིས་ངོས་ལེན་གྱི་མིང་རྟགས་གང་ཡང་བཀོད་མི་འདུག ཡིག་ཆ་དེ་ལྟར་ན་ཚེ་རིང་མཚོ་ལགས་བཀག་ཉར་མ་བྱས་པའི་སྔོན་གྱི་ཉིན་གྲངས་ ༡༨ ཙམ་གྱི་རིང་རྒྱ་གཞུང་ལ་ཐེར་འདོན་གྱི་བརྙན་ཐུང་ ༡༧ ཙམ་སྤེལ་འདུག་པ་གསལ་ཡང་ཁོ་མོའི་སྒེར་གྱི་དྲྭ་བྱང་ཕྱི་ལོགས་ནས་ལྟ་མི་ཐུབ་པ་བཟོས་ཡོད་པ་སོགས་ཀྱི་འགོག་རྐྱེན་ལ་བརྟེན་ནས་བརྙན་ཐུང་འགའ་ཤས་ལས་ལག་སོན་བྱུང་མེད། 

ཕྱི་ཟླ་ ༡༠ པའི་ཚེས་ ༡༦ ཉིན་སྤེལ་བའི་བརྙན་ཐུང་ནང་དུ་ཚེ་རིང་མཚོ་ལགས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་གསུང་དོན་ལ་“དེང་གི་དུས་སུ་རང་གིས་མི་ཚེ་གང་པོར་སློབ་སྦྱོང་བྱས་ཤིང་རང་གི་རྨི་ལམ་དང་རེ་འདུན་ལྟར་ཕ་ཡུལ་ནས་བྱ་གཞག་ཅིག་སྒྲུབ་ཐབས་བྱས་ན་ལས་ཁུངས་འདྲ་མིན་གྱི་དཔོན་པོ་ཚོས་ཡོད་ཚད་ཁོང་ཚོར་དབང་བར་སྙམ་པའི་ས་བདག་རིང་ལུགས་ཀྱི་བསམ་བློ་དེའི་འོག་ནས་དབང་ཆ་སྒེར་གཅོད་བྱས་ཏེ་མཐའ་ན་བུད་མེད་ཀྱི་བྱུག་རྫས་ཤིག་བཟོས་པ་ཡིན་ན་ཡང་། གཡས་གཡོན་ཚང་མ་ནས་བཤུ་གཞོག་བྱེད་ཀྱིན་འདུག ཁོང་ཚོ་ནི་མཚོ་གྲུ་གཅིག་གི་ནང་གི་ཇག་ཚོགས་རེད། རང་གི་ཕ་ཡུལ་དུ་ཚོང་ལས་འཛུགས་བསྐྲུན་ཞིག་བྱེད་འདོད་ན་ཁོང་ཚོས་ཡར་ལངས་རྒྱུ་མེད་པ་བཟོ་ཐག་གཅོད་རེད་འདུག ཚོང་ལས་ཙག་ཙིག་ཅིག་གཉེར་རྒྱུའི་དེབ་སྐྱེལ་ཞུ་དགོས་ནའང་ཡིན་གཅིག་དཔོན་པོ་ཚོའི་ཁ་ལ་ཉན་དགོས་པ་བཟོས་འདུག དེ་འདྲ་མ་བྱས་ན་ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་རང་རྩ་མེད་བཟོ་སེམས་ཐག་རེད་འདུག འདི་ནི་སློབ་ཆེན་སློབ་མ་ཚོས་ས་གནས་རང་ནས་བྱ་བ་སྒྲུབ་མི་ཐུབ་པ་དང་འཛུགས་སྐྲུན་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།  འོ་ན་ང་ཚོས་གནད་དོན་འདི་ཇི་ལྟར་གདོང་ལེན་བྱེད་དགོས་རེད་ལབ་ན། ཁོ་ཚོས་ས་བདག་རིང་ལུགས་དང་སྒེར་གཅོད་དཔོན་པོའི་བསམ་བློ་དེ་ལ་འཐབ་དགོས།  དཔོན་པོ་ཆགས་རྗེས་རང་གི་ཟླ་ཕོགས་བླངས་ནས་ཁུ་སིམ་མེར་ལས་དོན་སྒྲུབ་རོགས། ང་ཚོ་རྟག་པར་གྱོང་ཁུར་ནས་འདུག་མཁན་དེ་འདྲ་མིན། གལ་ཏེ་ཡིན་གཅིག་ཁྲིམས་འགལ་གྱི་བྱ་བ་དེ་དག་བསྒྲུབ་དགོས་ན་ང་ཚོ་ཁྲིམས་ཁང་ནས་ཐུག ཐབས་གཞན་གང་ཡང་མི་འདུག རྒྱལ་ཁབ་ཀྱིས་ཀྱང་ཁྲིམས་འགལ་དེ་རིགས་དག་ཐེར་བྱེད་བཞིན་ཡོད་རེད་”སོགས་གསུངས་འདུག 

དེ་བཞིན་ཕྱི་ཟླ་ ༡༠ པའི་ཚེས་ ༡༩ ཉིན་སྤེལ་བའི་བརྙན་ཐུང་ནང་དུ་ཁོ་མོས་ཕྱི་ལོ་ ༢༠༡༦ ལོར་ཡུལ་ཤུལ་གྲོང་ཁྱེར་དུ་ཚོང་ཁང་བཙུགས་ཀྱང་རྗེས་སུ་བཙན་ཤེད་ཀྱིས་ཕྱིར་ཕུད་བྱས་ཡོད་པ་དང་མོ་རང་ཡང་བསྐྱར་ཡོང་ནས་ཡུལ་ཤུལ་དུ་ཚོང་གི་རྩ་བ་བཙུགས་ནས་འཕེལ་རྒྱས་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག་ཅིང་ཡུལ་ཤུལ་སོགས་བོད་ཁུལ་ཡོངས་ལ་དྲང་བདེན་མ་ཡིན་པའི་གནད་དོན་མང་པོ་འབྱུང་བཞིན་པ་དཔེ་མཚོན་གྱི་ལམ་ནས་གསུངས་འདུག 

ཡང་ཕྱི་ཟླ་ ༧ པའི་ཚེས་ ༡༦ ཉིན་སྤེལ་བའི་བརྙན་ཐུང་གཅིག་གི་ནང་དུ་ཁོ་མོས་ལྷ་སའི་མེ་འཁོར་ས་ཚུགས་སུ་རྒྱ་མི་འགྲུལ་པ་ཚོ་ཤར་སེར་འགྲོ་བཞིན་པ་དང་བོད་མི་ཁག་ཅིག་ཟུར་བཀག་བྱས་ཡོད་པའི་ཡུལ་དངོས་བརྙན་ལམ་ནས་སྟོན་བཞིན་རྒྱ་སྐད་ཐོག་“ལྷ་སའི་འབྲེལ་ཡོད་ཚན་པ་འདི་ཚོས་ཀྲུང་གོའི་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་འདུག མི་རིགས་དབྱེ་འབྱེད་བྱེད་བཞིན་འདུག རྒྱ་མི་ཐོབ་ཐང་དཔང་ཡིག་ཡོད་པ་ཚོས་གདོང་པ་སྟོན་ཙམ་བྱས་ནས་ལྷོད་ལྷོད་ངང་འགྲོ་བཞིན་འདུག ང་ཚོ་བོད་པ་ཚོར་ཁྲིམས་མཐུན་གྱི་ཐོབ་ཐང་དཔང་ཡིག་ཡོད་ན་ཡང་འདི་ལ་བཀག་ནས་ཡོད་པ་འདི་རེད། རྒྱ་མི་ཚོར་ཐོབ་ཐང་དཔང་ཡིག་མེད་ན་གཞི་ནས་འདི་ནས་ཐོ་འགོད་བྱེད་བཞིན་ཡོད་པ་རེད། ང་ཚོ་བོད་པ་ཚོར་ཁྲིམས་མཐུན་ཐོབ་ཐང་དཔང་ཡིག་ཡོད་ན་ཡང་འགྲོ་མི་འཇུག་པ་དང་། རྒྱ་མི་རིགས་ཚོ་འགྲོ་བཞིན་པར་ལྟོས་དང་། ཁོང་ཚོར་གནད་དོན་གང་ཡང་མི་འདུག འདི་ག་རེ་རེད་ལབ་ཀྱི་ཡོད་རེད། མི་རིགས་དབྱེ་འབྱེད་མ་རེད་དམ།”ཞེས་བཤད་འདུག 

དེ་མིན་གཞན་བརྙན་ཐུང་གཞན་ཞིག་གི་ནང་དུའང་རྒྱ་ནག་རྒྱལ་ཡོངས་སུ་ཡུལ་སྐོར་འགྲིམ་འགྲུལ་གྱི་ཞབས་ཞུ་ཡུལ་སྐོར་ལྟེ་གནས་སོ་སོས་འདོད་མོས་ལྟར་སྒྲུབ་ཆོག་ནའང་ལྷ་སའི་ཡུལ་སྐོར་ལས་རིགས་དེ་ཉིད་ 交通产业集团 ཞེས་པའི་འགྲིམ་འགྲུལ་ཚོང་ལས་ཁང་གཅིག་གཉིས་ཤིག་ལ་སྒེར་བདག་བྱས་ཡོད་པ་དང་། བོད་ལྗོངས་མཐའ་མཚམས་དོ་དམ་ལས་ཁུངས་ཟེར་བ་དེས་དབང་ཆ་ལོག་སྤྱོད་བྱས་ནས་སྒེར་བདག་བྱེད་མཁན་གྱི་རླངས་འཁོར་མ་གཏོགས་ལོ་བརྒྱད་ལྷག་ལ་གན་རྒྱ་བཞག་པའི་བོད་ཡུལ་གྱི་ཡུལ་སྐོར་ལས་རིགས་གཉེར་མཁན་གཞན་དག་ཚོའི་རླངས་འཁོར་ལ་ཆོག་མཆན་མ་སྤྲད་པར་བརྟེན་ཡུལ་སྐོར་རླངས་འཁོར་གྱི་ཁ་ལོ་བ་ ༣༠༠ ཡས་མས་འགྲོ་ས་འདུག་ས་མེད་པར་བཟོས་ཡོད་པ་མ་ཟད་སྒེར་བདག་བྱེད་མཁན་ཚོར་རླངས་འཁོར་ཉུང་ངུ་ཞིག་ལས་གཏོང་རྒྱུ་མེད་པར་བརྟེན་རླངས་འཁོར་རེ་རེ་གླས་ན་རྒྱ་སྒོར་ ༢༥༠༠ ནས་ ༣༠༠ བར་སྤྲོད་དགོས་པ་གྱུར་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག 

ཚེ་རིང་མཚོ་ལགས་ཀྱིས་དུས་རྒྱུན་བོད་ལྗོངས་འཛམ་གླིང་ཡུལ་སྐོར་ཀུང་ཟི་ཞེས་པར་ཡུལ་སྐོར་ལས་རིགས་གཉེར་བཞིན་ཡོད་པ་དང་ལྷ་ས་དང་མངའ་རིས་སོགས་བོད་ཁུལ་དང་དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡུལ་སྐོར་འགྲིམ་འགྲུལ་གོ་སྒྲིག་ཞུ་བཞིན་ཡོད་པ་རེད། ཉེ་ལམ་འཇུ་བཟུང་བཀག་ཆར་བྱས་པ་དེ་ནི་ཚེ་རིང་མཚོ་ལགས་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཐེངས་གཉིས་པ་ཡིན། 

སྔོན་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༡ པའི་ནང་དུའང་དྲྭ་ལམ་དུ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་སྤེལ་བར་བསྙད་དེ་ཚེ་རིང་མཚོ་ལགས་ཟི་ལིང་གྲོང་ཁྱེར་ནས་འཇུ་བཟུང་བྱས་རྗེས་ཁྲི་ཀ་རྫོང་བཀག་ཉར་ཁང་དུ་ཉིན་གྲངས་ ༡༠ རིང་བཅུག་ཅིང་རྒྱ་སྒོར་ ༡༠༠༠ གི་དངུལ་ཆད་བཅད་འདུག བཀག་ཉར་ཁང་དུ་བཅུག་པའི་རིང་ཉིན་ལྟར་ཟས་སུ་ཆུ་རྐྱང་དང་རླངས་བཙོས་བག་ལེབ་ཙམ་ལས་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་བཏང་ཡོད་པ་མ་ཟད། ཉེན་རྟོག་པས་རྟག་ཏུ་ཁོང་མོ་དང་ལོ་ན་ ༨༠ སོན་པའི་ཁོང་མོའི་ཕ་རྒན་སོགས་ཁྱིམ་མི་ཡོངས་ལ་འཇིགས་སྐུལ་ཡང་ཡང་བྱས་པའི་གནས་ཚུལ་བྱུང་ཡོད། 

ཕྱི་ལོ་ ༢༠༡༧ ལོར་ཚེ་རིང་མཚོས་ཡུལ་ཤུལ་ཁུལ་གྱི་ས་གནས་བོད་མི་ཚོར་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་ཁྱེར་སྤྲོད་དགོས་ཞེས་ཁྲིམས་ལུགས་གཞིར་བཟུང་འབོད་སྐུལ་བྱས་རྗེས་ཡུལ་ཤུལ་ཁུལ་སྤྱི་བདེ་མི་སྣས་མི་བཏང་ནས་ཁོང་མོར་ཉེས་རྡུང་ཚབས་ཆེན་བཏང་པ་དང་རྗེས་ནས་མི་དེ་ཚོ་སྤྱིར་བཏང་གི་མི་སེར་ཡིན་པ་དང་ཆང་བཏུང་རྗེས་དོན་མེད་ཉེས་རྡུང་བཏང་བ་རེད་ལབ་ནས་ཁོང་མོར་དྲང་བདེན་གྱི་ཐག་གཅོད་བྱས་མེད་པ་སོགས་ཀྱི་བདེན་དཔང་ཡི་གེ་དྲ་ལམ་ཁག་ཏུ་བཀྲམས་ཡོད། ཚེ་རིང་མཚོས་ཁོ་མོར་སྔོན་ཆད་དེ་ལྟ་བུའི་དཀའ་ངལ་སྤྲད་མྱོང་བས་ད་ལྟ་ཡང་ལྐོག་གསོད་བྱས་པ་སོགས་བྱུང་ཚེ་ཁོང་མོར་དྲང་བདེན་སྐྱོང་རོགས་ཞེས་འབོད་སྐུལ་གྱི་ཡིག་ཆ་དྲ་ཐོག་ཏུ་སྤེལ་འདུག་ཀྱང་མི་གཞན་པའི་མཐོང་བར་ཚད་བཀག་བཟོས་འདུག

ཚེ་རིང་མཚོས་འདི་ལྟར་དྲང་བདེན་འཐབ་རྩོད་བྱས་པར་སྔ་གཞུག་བར་གསུམ་དུ་འདི་ལྟར་མནར་གཅོད་དང་ཉེན་ཁ་མང་པོ་འཕྲད་ཡོད་པར་བརྟེན་ཁོང་གི་བདེ་འཇགས་ཐད་འདི་ག་ལྟེ་གནས་ཁང་ལ་སེམས་འཚབ་ཆེན་ཡོད། ཁོ་མོས་འདི་ལྟར་སྙིང་སྟོབས་ཆེན་པོ་སྔ་གཞུག་བུར་གསུམ་དུ་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བ་དང་ཚོང་ལས་སོགས་ཀྱི་ཐད་ལ་རྒྱ་ནག་འབྲེལ་ཡོད་ལས་ཁུངས་ཚོས་དབང་ཆ་ལོག་སྤྱོད་དང་ཁྲིམས་ལུགས་རྡོག་རོལ་བཏང་ནས་རྒྱ་བོད་གཉིས་ཀྱི་དབར་དབྱེ་འབྱེད་སྣ་ཚོགས་བྱེད་བཞིན་ཡོད་པ་བདེན་དཔང་གི་ལམ་ནས་གསལ་བཤད་གནང་ཡོད་པས་རྒྱ་ནག་གཞུང་གི་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཆིངས་ཁག་དང་རང་གི་རྩ་ཁྲིམས་ནང་དུ་མི་ཐམས་ཅད་འདྲ་མཉམ་ཡིན་པའི་རྩ་དོན་འཁོད་པ་ཁྲིམས་ལྟར་འགན་སྲུང་བྱེད་དགོས་པ་མ་ཟད། ཚེ་རིང་མཚོའི་དྲང་བདེན་གྱི་ཞུ་འབོད་དང་ལེན་དང་ཁོ་མོའི་བདེ་འཇགས་ཐད་འགན་ཁུར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top