བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ཁག་ཏུ་རྒྱ་ནག་གཞུང་གིས་རྒྱའི་སྤྱི་སྐད་ཁོ་ན་བཀོལ་སྤྱོད་བྱེད་དགོས་པའི་བཀོད་ཁྱབ་བཏང་འདུག

ཞི་ཅིན་ཕིང་གི་གཞོན་ནུ་འགུག་པའི་བསམ་བློ་དང་ཆུང་དུས་སྐད་ཡིག་གི་མ་རྩ་འཇོག་རྒྱུའི་གལ་གནད་སོགས་གཞི་ལ་བཞག་ནས་སྐད་གཉིས་སློབ་གསོའི་དགོས་དམིགས་ལ་མི་བསྟུན་པར་སྔོན་འགྲོའི་སློབ་གྲྭའི་ནང་རྒྱ་ནག་གི་སྤྱི་སྐད་ངེས་པར་དུ་སློབ་དགོས་པ་བཟོས་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་སློབ་གསོ་ལྷན་ཁང་གི་གཞུང་འབྲེལ་དྲྭ་རྒྱའི་ཐོག་“བྱིས་པའི་སྐད་གདངས་གཅིག་གྱུར་”ཞེས་པའི་བཀོད་ཁྱབ་ཅིག་ཏུ་ཕྱི་ཟླ་དགུ་པའི་ཚེས་ ༡ ནས་བཟུང་གྲངས་ཉུང་མི་རིགས་ཁག་དང་གྲོང་གསེབ་ཁག་ཚུད་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་སྔོན་འགྲོའི་སློབ་གྲྭ་རྣམས་ལ་ངེས་པར་དུ་རྒྱའི་སྤྱི་སྐད་བསླབས་ཏེ་རྒྱལ་ཁབ་ལ་དགའ་ཞེན་སྤེལ་ཐབས་བྱེད་དགོས་པ་བཀོད་འདུག

བྱིས་པའི་སྐད་གདངས་གཅིག་གྱུར་བཟོ་བའི་ལས་འཆར་དེའི་ནང་རྒྱ་ནག་རྒྱལ་ཡོངས་སུ་རྒྱའི་སྤྱི་སྐད་དར་སྤེལ་གཏོང་རྒྱུའི་ཁོར་ཡུག་གང་ལེགས་བསྐྲུན་དགོས་པ་མ་ཟད་སྔོན་འགྲོའི་སློབ་གྲྭའི་བྱིས་པ་ཚོར་ངེས་པར་དུ་སྤྱི་སྐད་ཀྱི་ལམ་ནས་སློབ་སྦྱོང་སྤྲོད་དགོས་པ་དང་དགེ་རྒན་རྣམས་ལ་སྤྱི་སྐད་ཀྱི་ཤེས་ཚད་གོང་མཐོར་གཏོང་ཐབས་སུ་དམིགས་བསལ་སྦྱོང་བརྡར་སྤྲོད་དགོས་པ་གསལ་འདུག

རྒྱ་ནག་ཅན་དུ་བསྒྱུར་བ།

སྐད་གདངས་གཅིག་གྱུར་གྱི་ལས་འཆར་དེའི་ནང་སྐད་ཡིག་རྒྱ་ནག་ཅན་དུ་བསྒྱུར་བར་ཤར་ཕྱོགས་ཀྱི་ཞིང་ཆེན་ཚོས་ནུབ་ཕྱོགས་ཀྱི་ཞིང་ཅེན་ཁག་ལ་དགེ་རྒན་དང་དགེ་རྒན་སྦྲེལ་ནས། སློབ་གྲྭ་དང་སློབ་གྲྭ་སྦྲེལ་ནས་ཕན་ཚུན་མཉམ་འབྲེལ་དང་རོགས་འདེགས་བྱེད་དགོས་པ་དང་སྐམ་ས་ཆེན་པོ་ནས་ཆེད་དུ་དགེ་རྒན་བདམས་ཏེ་གྲངས་ཉུང་མི་རིགས་དང་གྲོང་གསེབ་ཁག་ཏུ་སྤྱི་སྐད་སློབ་ཏུ་གཏོང་དགོས་ཚུལ་འཁོད་འདུག

ཕྱི་ཟླ་དགུ་པའི་ཚེས་ ༡༠ ཉིན་རྒྱ་ནག་གིས་དགེ་རྒན་ཉིན་མོ་དང་ཚེས་ ༡༢ ནས་༡༨ བར་བདུན་ཕྲག་གཅིག་གི་རིང་ནམ་རྒྱུན་ལྟར་སྤྱི་སྐད་དར་སྤེལ་གྱི་བདུན་ཕྲག་སྲུང་བརྩི་བྱེད་བཞིན་ཡོད་པས་ད་ལོ་དམིགས་བསལ་གྱིས་སྔོན་འགྲོའི་སློབ་གྲྭའི་བྱིས་པ་རྣམས་ལ་སྤྱི་སྐད་སློབ་ཁྲིད་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ་སྤྱི་སྐད་དར་སྤེལ་གཏོང་བར་རྒྱ་ནག་རྒྱལ་ཡོངས་སུ་སྐུལ་འདེད་ཤུགས་ཆེར་གཏོང་བཞིན་ཡོད་པ་རེད། 

ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྒྲིག་གཞིའི་དོན་ཚན་ ༤༣ པའི་ནང་“ང་ཚོས་གྲངས་ཉུང་མི་རིགས་ཁག་ཏུ་ཤེས་ཡོན་གྱི་སྤུས་ཀ་དང་གནས་ཚུད་གོང་མཐོར་བཏང་ནས་སྤྱི་སྐད་དར་སྤེལ་གྱི་ཕྱོགས་ལ་ནུས་ཤུགས་འདོན་རྒྱུ་ཡིན་”ཞེས་བཤད་པ་ལྟར་བྱིས་པའི་སྐད་གདངས་གཅིག་གྱུར་གྱི་ལས་འཆར་འདི་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་ཡོད།  

སྡེ་པ་རེ་ལ་སྔོན་འགྲོའི་སློབ་གྲྭ་རེ།

རྒྱ་ནག་གི་ནང་དུ་བྱིས་པ་ལོ་ལྔ་དྲུག་ལ་སླེབས་སྐབས་ལོ་གསུམ་གྱི་རིང་སྔོན་འགྲོའི་སློབ་གྲྭར་གཏོང་དགོས་པ་ཡིན། རྒྱ་ནག་གཞུང་སློབ་གསོའི་ལྷན་ཁང་གིས་ཉེ་ཆར་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་འདི་ལོར་བྱིས་པ་སྔོན་འགྲོའི་སློབ་གྲྭར་སློབ་འཇུག་བྱས་པའི་གྲངས་ཚད་བརྒྱ་ཆ་ ༨༥.༢% ལ་སླེབས་ཡོད་པ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ནང་དུ་སྔོན་འགྲོའི་སློབ་འཇུག་གི་གྲངས་ཚད་བརྒྱ་ཆ་ ༩༠% བརྒལ་ཐུབ་པ་བྱ་རྒྱུའི་དམིགས་ཡུལ་བསྒྲིགས་ཡོད་པ་རེད།

ཟི་ཁྲོན་ཞིང་ཆེན་ནང་རྒྱ་ནག་གི་སྤྱི་སྐད་སློབ་པའི་གནས་རིམ་བརྒྱ་ཆ་ ༨༠% ཙམ་ཟིན་ཡོད་པ་དང་སྡེ་པ་རེ་ལ་སྔོན་འགྲོའི་སློབ་གྲྭ་རེ་འཛུགས་རྒྱུའི་འཆར་གཞིའི་ཁྲོད་ད་བར་སྔོན་འགྲོའི་སློབ་གྲྭ་ ༤༨༨༤ ཙམ་བཙུགས་ཟིན་ཞིང་དགེ་རྒན་ ༡༦༠༠༠ ཙམ་ལ་སྤྱི་སྐད་སྦྱོང་བརྡར་སྤྲད་ནས་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ ༢༧༨༨༠༠ ཙམ་ལ་སྤྱི་སྐད་བསླབས་དང་སློབ་མུས་ཡིན་པའི་གནས་ཚུལ་ཞིང་ཆེན་གྱི་གཞུང་འབྲེལ་དྲྭ་ངོས་སུ་བཀོད་འདུག

རྒྱ་ནག་གིས་དབྱེ་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་ཟི་ཁྲོན་ཞིང་ཆེན་གྱི་ས་ཁྱོན་ཕྱེད་ཀ་ཙམ་ཟིན་ཡོད་པས་བོད་མིའི་གྲངས་འབོར་ཤིན་ཏུ་མང་། ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏུ་རུ་ལོ་བཅུའི་ཡར་སྔོན་ཙམ་ལ་བོད་མི་འབུམ་གཉིས་ཡས་མས་ཤིག་ཡོད་པ་རེད།

རྒྱ་ནག་ཅན་ཏུ་བསྒྱུར་བའི་ལས་འགུལ་ཁྲོད་ཞིང་ཆེན་དེའི་མངའ་འོག་གི་བོད་ཀྱི་བྱིས་པ་ཚོ་འགྲོ་སའི་སློབ་གྲྭ་ཁག་ལའང་ཤུགས་རྐྱེན་ཆེས་ཆེར་ཐེབས་བཞིན་ཡོད་པ་མ་ཟད་ཉམ་ཐག་སོགས་ཀྱི་ཆེད་དུ་བཙུགས་པའི་དགེ་རྩ་སློབ་གྲྭ་ཁག་ལའང་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། དཔེར་ན། ཕྱི་ཟླ་ ༨ པའི་མགོ་སྟོད་དུ་ཁམས་དཀར་མཛེས་ཁུལ་དུ་ཆགས་པའི་རྒྱལ་བསྟན་དགེ་རྩ་སློབ་གྲྭར་གཞུང་གིས་གཏན་འབེབས་བྱས་པའི་སློབ་ཚན་སློབ་དགོས་ཤིང་བསླབ་གཞི་ཆ་ཚང་རྒྱ་ཡིག་ཏུ་བསྒྱུར་དགོས། དེ་ལྟར་མ་བྱས་ཚེ་སློབ་གྲྭ་སྒོ་བརྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག  ཕྱི་ཟླ་ ༨ པའི་ཚེས་ ༡༦ རྔ་བ་སྤྲོ་ཚིགས་སྡེ་པ་ནས་བོད་པའི་སློབ་མ་འགས་ས་གནས་སྲིད་གཞུང་ལ་སློབ་གྲྭའི་ནང་བོད་ཡིག་གཙོ་བོར་འཇོག་དགོས་པའི་སྙན་ཞུ་ཕུལ་བས་ཁོང་རྣམས་འཇུ་བཟུང་བྱས་ཡོད་པ་རེད། ཁོང་ཚོའི་ནང་ནས་ཤེས་རབ་རྡོ་རྗེ་ཞུ་བ་ཞིག་ད་དུང་གློད་གྲོལ་བཏང་མེད་པའི་གནས་ཚུལ་འདུག  དེ་བཞིན་ཉེ་ཆར་རྫ་དབོན་པོ་ནས་བོད་མི་ ༡༢༡ ཙམ་འཇུ་བཟུང་བྱས་པའི་ནང་དབོན་པོ་ཕ་སྐད་སྲུང་འཛིན་སྐྱིད་སྡུག་མཐུན་ཚོགས་ཀྱི་རྐང་འཛིན་མི་སྣ་དང་ཚོགས་མི་མང་པོ་ཚུད་ཡོད་ཅིང་སྐད་ཡིག་ཚོགས་པ་དེས་མ་འོངས་པར་སྐད་ཡིག་གསབ་ཁྲིད་དང་ཡིག་རྨོངས་སེལ་བའི་ལས་འགུལ་སོགས་སྤེལ་མི་ཐུབ་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།  

མཚོ་སྔོན་དུ་དྲག་གནོན།  

བསླབ་གཞི་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་ཐད་མཚོ་སྔོན་ཕྱོགས་ཀྱི་བོད་མི་ཚོས་ངོས་ལེན་རྩ་ནས་བྱེད་ཀྱི་མེད། ཕྱི་ལོ་ ༢༠༡༠ ལོར་གནད་དོན་དེའི་སྒང་ནས་མཚོ་སྔོན་ཕྱོགས་ཀྱི་བོད་པའི་དགེ་རྒན་དང་སློབ་མ་སྟོང་ཕྲག་དུ་མས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད།  

འདི་ལོའི་ཕྱི་ཟླ་ ༧ པའི་བཀོད་ཁྱབ་དེས་མཚོ་སྔོན་ཞིང་ཆེན་ནང་གི་གྲོང་གསེབ་དང་འབྲོག་ས་ཁུལ་དུ་རྒྱ་ནག་གི་སྤྱི་སྐད་སློབ་སའི་སྔོན་འགྲོའི་སློབ་གྲྭ་མང་ཙམ་འཛུགས་དགོས་ཚུལ་བཤད་འདུག ཁུལ་དེར་བསླབ་གཞི་རྒྱ་ཡིག་ཏུ་བསྒྱུར་བ་དང་བོད་པའི་སྒེར་བཙུགས་སློབ་གྲྭ་སྒོ་བརྒྱག་ཏུ་བཅུག་པའི་གནས་ཚུལ་ལ་བོད་མི་ཚོས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་པར་བརྟེན་བོད་མི་ཁག་ཅིག་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད།  

ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བཙན་གྱིས་སྒོ་བརྒྱག་ཏུ་བཅུག་པའི་མགོ་ལོག་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་སློབ་གྲྭ་བཙན་གྱིས་སྒོ་བརྒྱབས་པར་སེམས་ཁྲལ་བྱས་ནས་ཉིན་འགར་ཁ་ཟས་ཀྱང་མ་བཟས་པར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ངོ་ལོག་བྱས་པར་བསྙད་ནས་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད། 

སེང་འབྲུག་སྟག་རྩེ་སློབ་གྲྭ་ནི་བོད་རང་གི་ཐུན་མིན་གྱི་རིག་གནས་སློབ་ཁྲིད་བྱ་སའི་སྒེར་བཙུགས་སློབ་གྲྭ་དྲག་གྲས་ཤིག་ཡིན་ཞིང་ད་བར་སློབ་ཕྲུག་ ༥༠༠ ལྷག་ལ་སློབ་སྦྱོང་སྤྲད་ཟིན་འདུག  སློབ་གྲྭ་དེའི་སློབ་ཟུར་དབྱངས་རི་དང་དགུ་དག་ཟེར་བ་གཉིས་ཀྱིས་རྒྱ་ནག་གི་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་ལ་སྐད་འཕྲིན་ནང་དུ་སྐྱོན་བརྗོད་བྱས་པར་བརྟེན་ཕྱི་ཟླ་ ༨ པའི་ཚེས་ ༢༤ ཉིན་འཇུ་བཟུང་བྱས་འདུག  

མི་རིགས་རང་སྐྱོང་བཅའ་ཁྲིམས་ལ་རྡོག་རོལ།  

 རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ནང་“ས་ཁུལ་གསུམ་དང་ཁུལ་གསུམ་”གྱི་ནང་དུ་དམིགས་བསལ་སྔོན་འགྲོའི་སློབ་གྲྭ་བསྐྱར་གསོ་དང་གསར་འཛུགས་བྱེད་དགོས་པའི་གནད་དོན་བཀོད་པ་ལྟར་ན་བོད་ནི་རྒྱ་བསྒྱུར་སྲིད་ཇུས་སྤེལ་སའི་དམིགས་འབེན་གཙོ་བོ་ཞིག་ཏུ་བཟུང་ཡོད།  སྤྱིར་ལོ་རབས་དགུ་བཅུའི་དུས་མཇུག་ཙམ་ནས་བཟུང་རྒྱ་བསྒྱུར་གྱི་སློབ་གསོ་གཙོ་གནད་དུ་བཟུང་ནས་བོད་ཀྱི་སྐད་ཡིག་ཉམས་རྒུད་ཤུགས་ཆེར་བཏང་ཡོད།  

ཕྱི་ལོ་ ༡༩༨༤ ལོར་གཏན་འབེབས་བྱས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ས་གནས་རང་སྐྱོང་བཅའ་ཁྲིམས་ཟེར་བའི་དོན་ཚན་ ༡༠ པ་དང་རྒྱ་ནག་གི་རྩ་ཁྲིམས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་ཁྲིམས་ཡིག་སོགས་ཀྱི་ནང་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་རང་གི་སྐད་ཡིག་དང་སྤྱི་སྐད་གཉིས་ཀ་སྤྱོད་དགོས་པ་དང་གཞུང་གི་ལས་བྱེད་པ་ཚོས་གཉིས་ཀ་ཤེས་དགོས་པའི་ནང་དོན་བཀོད་ནས་སྤྱི་སྐད་དང་མི་རིགས་སོ་སོའི་སྐད་ཡིག་ལ་འདང་འཇོག་གཅིག་མཚུངས་ལྟར་སྤྲད་ཡོད་མོད། འོན་ཀྱང་། ཕྱི་ལོ་ ༢༠༠༡ ལོའི་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་དམར་ཤོག་ཚོགས་པའི་རྒྱ་བསྒྱུར་གྱི་བསམ་བློ་གཙོ་བོར་བཟུང་ནས་གོང་འཁོད་ཁྲིམས་ཡིག་དག་རྡོག་རོལ་བཏང་ཡོད།

འདི་ལོའི་ཕྱི་ཟླ་དང་པོའི་ནང་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཟེར་བས་“གྲངས་ཉུང་མི་རིགས་ཀྱི་ས་གནས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་རང་གི་སྐད་ཡིག་བསླབ་གཞིར་བཞག་པ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། རྒྱལ་ཡོངས་སྤྱི་སྐད་ཀྱི་བཅའ་ཁྲིམས། ཤེས་ཡོན་གྱི་བཅའ་ཁྲིམས་སོགས་དང་འགལ་ཡོད་ཚུལ་བཤད་ནས་གུང་ཁྲན་ཏང་གི་རིག་གཞུང་མཉམ་སྲེས་དང་མི་རིགས་རྒྱ་བསྒྱུར་གྱི་འབད་པ་ལ་ནུས་ཤུགས་འཕར་མ་ཤིག་བསྐྲུན་ཡོད་པ་རེད།  

to top