བོད་ཀྱི་སློབ་གསོ་བ་དང་ཤེས་ཡོན་པ་སོགས་ཀྱིས་དགག་པ་བྱས་མིན་ལ་མ་བལྟོས་པར་རྔ་བ་ཁུལ་དུ་རྒྱ་ཡིག་གཙོར་བཟུང་གི་ཤེས་ཡོན་སྲིད་ཇུས་དངོས་སུ་ལག་བསྟར་བྱས་འདུག 

ཕྱི་ལོ་ ༢༠༡༠ ལོར་མདོ་སྨད་ཡུལ་ནས་རྒྱ་ཡིག་གཙོར་བཟུང་གི་སློབ་གསོའི་ཐབས་ལམ་གཉིས་པར་ངོ་རྒོལ་བྱེད་པའི་སྐབས་ཀྱི་ཚབ་མཚོན་འདྲ་པར།

འདི་ལོའི་ལོ་སྟོད་ནས་བཟུང་སྟེ་བོད་མདོ་སྨད་རྔ་བ་ཁུལ་གྱི་དམའ་རིམ་སློབ་གྲྭ་ཁག་ཏུ་རྒྱ་ནག་གཞུང་གིས་ཁུ་སིམ་པོར་རིག་གནས་བཙན་བསྒྱུར་བྱེད་པའི་ཤེས་ཡོན་སྲིད་ཇུས་ཤིག་སྟེ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་ཐབས་ལམ་གཉིས་པ་ཞེས་པའི་སློབ་གསོའི་ལམ་ལུགས་གསར་པ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་འདུག 

བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་སློབ་གསོའི་ལམ་ལུགས་དེ་ཉིད་ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རྔ་བ་ཁུལ་དུ་ལག་བསྟར་བྱ་རྒྱུའི་གླེང་སློང་བྱུང་སྐབས་ས་གནས་ཀྱི་བོད་མི་སློབ་གསོ་བ་དང་ཤེས་ཡོན་པའི་སྡེ་ཁག་གིས་རྒྱ་གཞུང་ལ་སྙན་ཞུ་བརྒྱབས་པ་དང་ལག་བསྟར་དེར་དགག་པ་བྱེད་པའི་ཡོངས་ཁྱབ་འཕྲིན་ཡིག་དང་བསམ་འཆར་རྩོམ་ཡིག་རྒྱ་ཆེར་སྤེལ་ནས་ངོས་ལེན་མེད་པའི་རྣམ་འགྱུར་གསལ་པོ་བསྟན་འདུག 

ཚ་རུ་མ་གྲོང་རྡལ་དང་ཐབས་ལམ་གཉིས་པ་ལག་བསྟར་བྱེད་བཞིན་པའི་ཚ་རུ་མའི་སློབ་ཆུང་།

གནས་ཚུལ་དེའི་ཐད་རྔ་བ་ཁུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་དུ་འགྲེལ་བརྗོད་གནང་དོན་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་དཔྱིད་ཀ་ནས་བཟུང་སྟེ་སློབ་གསོ་ཐབས་ལམ་གཉིས་པ་ཟེར་བ་རྔ་བ་ཁུལ་གྱི་སློབ་གྲྭ་ཆ་ཚང་གི་ནང་དུ་དངོས་སུ་ལག་བསྟར་བྱ་རྒྱའི་འཆར་གཞི་བཏིང་འདུག སློབ་གསོའི་ཐབས་ལམ་གཉིས་པ་ཟེར་བ་དེ་ཡིས་སྔོན་ཐབས་ལམ་དང་པོའི་སློབ་གསོའི་ལམ་ལུགས་ཁྲོད་དུ་བོད་ཡུལ་གྱི་སློབ་གྲྭ་མི་ཉུང་བ་ཞིག་ལ་ཨང་རྩིས་དང་ཚན་རིག སྤྱི་ཚོགས་རིག་གནས་སོགས་ཀྱི་སློབ་ཚན་རྣམས་བོད་ཡིག་རང་གི་ལམ་ནས་སློབ་ཁྲིད་བྱེད་པའི་ལམ་ལུགས་ཡོད་པ་དེ་ཡོངས་སུ་བསྒྱུར་བཅོས་བྱས་ཏེ་དེ་དག་ཐམས་ཅད་རྒྱ་ཡིག་ལམ་ནས་ཁྲིད་རྒྱུ་ཡིན་པ་རེད།  

དགེ་རྒན་དེ་གསུངས་རྒྱུར་“སློབ་ཐབས་གསར་པ་འདི་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་རྒྱའི་ཐབས་ལམ་ཞིག་རེད། སྲིད་ཇུས་འདི་ནི་འགོ་ཁྲིད་ཉུང་ཤས་ཤིག་གིས་རང་སྣང་གང་ཤར་གྱིས་བཀོད་ཁྱབ་བཏང་བ་ཞིག་ཡིན་པ་ལས་འདི་ལ་ཁྲིམས་ལུགས་དང་ཚན་རིག་གི་རྒྱབ་རྟེན་གང་ཡང་མེད། གོང་རིམ་གྱི་ཚོགས་ཆེན་མང་པོའི་སྟེང་དུ་འགོ་ཁྲིད་དེ་དག་གིས་སློབ་གསོ་ཐབས་ལམ་གཉིས་པ་ལག་བསྟར་བྱ་རྒྱའི་དམིགས་ཡུལ་འགྲུབ་ཆེད་དུ་ཐབས་ལམ་དང་པོའི་ལམ་ལུགས་ཁྲོད་བོད་ཡུལ་གྱི་སློབ་གསོའི་གནས་ཚད་ཧ་ཅང་ཞན་པོ་ཡིན་ཚུལ་གྱི་འགྲེལ་བཤད་ལོག་པར་བརྒྱབས་ཡོད།”ཅེས་གསུངས་བྱུང་། 

ཕྱི་ལོ་ ༢༠༢༠ ལོར་རྒྱ་ཡིག་གཙོར་བཟུང་གི་སློབ་གསོའི་ཐབས་ལམ་གཉིས་པ་ཞེས་པ་ཨ་མདོ་རྔ་བ་རུ་དངོས་སུ་ལག་བསྟར་བྱ་འཆར་ཡོད་པའི་གླེང་སློང་བྱུང་སྐབས་བོད་ཀྱི་སློབ་གསོ་བ་དང་དགེ་རྒན། སློབ་ཕྲུག་གི་ཕ་མ། ས་གནས་བོད་རིགས་ལས་བྱེད། སློབ་ཕྲུག་སོགས་ཀྱིས་གཞུང་ལ་སྙན་ཞུ་ཕུལ་བ་དང་ཡོངས་ཁྱབ་དགག་རྩོམ་བྲིས་པ་སོགས་ཐབས་ལམ་འདྲ་མིན་གྱི་ལམ་ནས་དགག་པ་ཤུགས་ཆེར་བྱས་པར་བརྟེན་འཆར་གཞི་དུས་ལྟར་ལག་བསྟར་མ་ཐུབ་པར་ལུས་ཀྱང་འདི་ལོ་ཕྱི་ལོ་ ༢༠༢༣ ལོའི་ལོ་འགོ་བཙུགས་པ་ནས་བཟུང་དམའ་རིམ་སློབ་གྲྭ་ཁག་ཏུ་རིམ་བཞིན་ཁུ་སིམ་པོར་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་འདུག  

ཕྱི་ལོ་ ༢༠༢༠ ལོར་རྔ་བ་ཁུལ་དུ་སློབ་གསོའི་ཐབས་ལམ་གཉིས་པའི་སྐོར་གྱི་གླེང་སློང་བྱེད་སྐབས་སྐད་འཕྲིན་བརྒྱུད་དེ་དྲྭ་ཐོག་ནས་མི་མང་གི་འོས་འཕེན་སྐབས་བོད་མི་༢༨༠༠༠ ཙམ་གྱིས་ཆ་ཤས་བླངས་བའི་ནང་ནས་བརྒྱ་ཆ་ ༩༧ གྱིས་བོད་ཡིག་གཙོ་བཟུང་གི་སློབ་ཁྲིད་བདམས་འདུག

སྔོན་རྔ་བ་ཁུལ་དུ་སློབ་གསོ་ཐབས་ལམ་གཉིས་པར་ལག་བསྟར་བྱེད་པར་དགག་པ་དང་སྐྱོན་བརྗོད་བྱེད་མཁན་མང་དག་ཅིག་བྱུང་བའི་ནང་ནས་ཡོངས་གྲགས་སུ་གྱུར་བ་གཅིག་ནི་ད་ལྟ་རྒྱའི་བཙོན་ཁང་དུ་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཁུར་བཞིན་པའི་ན་གཞོན་ཤེས་ཡོན་པ་ཐུབ་བསྟན་བློ་གྲོས་སམ་ཡོངས་གྲགས་སུ་ས་བུ་ཆེ་ཞུ་བ་ཁོང་རེད། ཁོང་ཉིད་འཇུ་བཟུང་མ་བྱས་པའི་ལོ་གཅིག་ཙམ་གྱི་ཡར་སྔོན་ཏེ་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༤ པའི་ནང་དུ་ཁོང་གིས་ཡོངས་ཁྱབ་འཕྲིན་ཡིག་ཅིག་བྲིས་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་“རྒྱ་བསྒྱུར་སློབ་གསོས་”རྒྱ་རིགས་ཆེན་པོ་རིང་ལུགས་སྤེལ་ཏེ་མི་རིགས་གཞན་རྣམས་རྗེས་ལུས་དང་ཀླ་ཀློར་བལྟས་ཡོད་པ་ཐེར་འདོན་བྱས་པ་མ་ཟད་“རྒྱ་བསྒྱུར་རིང་ལུགས་ནི་རྒྱལ་ཁབ་ཀྱི་ཐོག་མའི་འགོ་འཛུགས་ས་དང་བར་གྱི་བརྒྱུད་རིམ། མཐར་ཐུག་གི་དམིགས་ཡུལ་བཅས་ལས་མངོན་པར་གསལ་ཡོད་པ།”སོགས་བཀོད་འདུག 

ས་བུ་ཆེའི་ཡི་གེ།  (རྒྱ་ཡིག་ལས་བསྒྱུར།)

 ཕྱི་ལོ་ ༢༠༢༠ཟླ་ ༤ ཚེས་ ༡༩ ཉིན་པོད་ཕྲན་དུ་སྤེལ 

གོ་ཐོས་ལ་སི་ཁྲོན་རྔ་བའི་གྲུབ་འབྲས་ལྡན་པའི་བོད་ཡིག་ཐབས་ལམ་དང་པོའི་སློབ་གསོའི་ལམ་ལུགས་བཙན་དབང་གིས་ཐབས་ལམ་གཉིས་པར་བསྒྱུར་བཞིན་འདུག་སྐད། ཆེད་མཁས་པ་དང་སློབ་དཔོན་རྣམ་པ། ཁྱིམ་བདག་རྣམ་པ་བཅས་ཀྱིས་གནས་ལུགས་ལྡན་པའི་གླེང་སློང་སྣ་མང་བྱེད་ཀྱིན་འདུག འགའ་ཤས་ཀྱིས་བྱིས་པའི་སློབ་གསོའི་འཕེལ་རིམ་གྱི་རྩ་བ་ཚུགས་སྟངས་དང་སློབ་གསོའི་ཚན་རིག ལ་ལས་རྩ་ཁྲིམས་ནང་གི་ཐོབ་ཐང་དང་། ལ་ལས་མི་རིགས་མཐུན་སྒྲིལ་སོགས་དྲངས་ནས་བགྲོ་གླེང་བྱེད་བཞིན་འདུག སློབ་དཔོན་ཨ་ཚོགས་དང་སློབ་དཔོན་དཔལ་བསྟན་ཉི་མ། དགེ་རྒན་ཚུལ་ཤེས། འབུམ་རམས་པ་བློ་བཟང་ཆོས་འཕེལ་སོགས་ཀྱིས་དགོངས་ཚུལ་གནས་ལུགས་གསུངས་འདུག ད་དུང་དངོས་སུ་སློབ་གསོའི་འོས་འགན་བཞེས་བཞིན་པའི་དགེ་རྒན་རྣམ་པ་དང་མི་མང་འཐུས་མི། རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་རང་རང་སོ་སོའི་བསམ་ཚུལ་ཁ་ཚ་དགོས་གཏུག་ལྷུག་བརྗོད་གནང་འདུག་ལ། གནས་ལུགས་དང་འགལ་བའི་དོན་དག་འདི་མགྱོགས་པོར་བཀག་འགོག་ཐུབ་པའི་རེ་བ་ཡོད།  

རྔ་བའི་ཐབས་ལམ་དང་པོའི་སློབ་གསོ་ནི་གྲངས་ཉུང་མི་རིགས་ནང་གི་སློབ་གསོའི་ལམ་ལུགས་ལེགས་འགྲུབ་ཆེ་ཤོས་ཀྱི་དཔེ་མཚོན་ལྟ་བུ་ཞིག་རེད། བོད་ཁུལ་གྱི་ས་གནས་གཞན་དང་མི་རིགས་གཞན་གྱིས་མིག་དཔེར་བླངས་ནས་སློབ་སྦྱོང་བྱེད་སའི་གནས་སུ་གྱུར་ཡོད་པ་རེད། ག་རེ་བྱས་ནས་ཐབས་ལམ་འདི་བརྗེ་བསྒྱུར་བྱེད་དགོས་པ་རེད། ངས་བསམ་ན་འགོ་ཁྲིད་ཚོས་བྱིས་པ་ཚོ་ནར་སོན་པའི་གོ་རིམ་ཁྲོད་ཕ་སྐད་སློབ་གསོ་ག་ཚོད་གལ་འགངས་ཆེན་པོ་ཞིག་ཡིན་མིན་ཧ་མ་གོ་པ་རེད་རྩ་བ་ནས་བསམ་གི་མི་འདུག གནས་ལུགས་འདི་བཤད་བཤད་ནས་ལྕེ་སྐྲངས་ལ་ཁད་ཆགས་ཡོད་རེད། “ལག་ལེན་ནི་གནས་ལུགས་བདེན་དཔང་བྱེད་པའི་ཐབས་ལམ་གཅིག་པུ་ཡིན་པའི”གནས་ལུགས་མ་རྟོགས་པ་དེ་བས་ཀྱང་ཡིན་མི་སྲིད། ཏེང་ཞོ་ཕེང་གི་“ཞི་མི་དཀར་པོ་དང་ཞི་མི་ནག་པོའི་གཏན་ཚིགས་རིག་པ་”མ་ཤེས་པ་དེ་བས་ཀྱང་ཡིན་མི་སྲིད། ངས་བསམ་ན་ང་ཚོའི་ཆབ་སྲིད་བསམ་བློ་ལ་གནད་དོན་བྱུང་འདུག་སྙམ།  

སྔོན་ཆད་ཆབ་སྲིད་ཀྱི་ངོ་བོ་ནི་དབང་བསྒྱུར་ཡིན། ཁྱིམ་རྒྱུད་ཡིན་ན་འདྲ། མི་རིགས་ཡིན་ན་འདྲ། གྲལ་རིམ་ཡིན་ན་འདྲ། ཁོ་ཚོས་བསམ་བློའི་ནང་ལ་“ཁ་ཕྱོགས་གཅིག་མཐུན”དགོས་རེད་དྲན་གྱི་ཡོད་རེད་ལ་དབང་བསྒྱུར་མཁན་གྱི་བསམ་པ་ལྟར་ཁ་ལ་ཉན་པོ་ཡོད་དགོས་དྲན་གྱི་ཡོད་རེད། དེ་ནི་སྒྲིག་ལམ་རེད། ཡིན་ན་ཡང་དེང་རབས་ཆབ་སྲིད་ཀྱི་རྩ་བ་ནི་སུས་སུ་ཡི་ཁ་ལ་ཉན་མིན་མ་རེད་ལ། སུས་ཁ་བཀོད་ལ་བློ་གཅིག་སེམས་གཅིག་གིས་རྗེས་འཇུག་བྱེད་མིན་ཡང་མ་རེད། དེ་ནི་འདྲ་མཉམ་གྱི་སྒོ་ནས་མཉམ་གནས་བྱེད་རྒྱུ་དེ་རེད། རྒྱལ་ཁབ་ནི་འདྲ་མཉམ་གྱི་མི་དང་མིའི་དབར་གྱི་མཉམ་གནས་གྲུབ་ཚུལ་གྱི་མ་ལག་ལྟ་བུ་ཞིག་རེད། འདྲ་མཉམ་ཅན་གྱི་མི་ཡི་ཚོགས་པ་དག་གིས་ཚོགས་སྡེ་འདྲ་མིན་གྲུབ་ཆོག་གི་རེད། དཔེར་ན་ཀྲུང་གོའི་སྐད་རིགས་ཁོར་ཡུག་འོག་གི་མི་རིགས་དང་ཚོགས་སྡེ་འདྲ་མཉམ་ཡིན་དགོས་རེད། སྲིད་གཞུང་ནི་རིག་གནས་ཟླ་སྒྲིལ་གཏོང་བྱེད་ཀྱི་ལག་ཆ་ལྟ་བུ་ཡིན་མི་རུང་། དེ་བཞིན་དུ་མི་རིགས་དབར་ལ་གྲལ་རིམ་མཐོ་དམན་ལྟ་བུའི་དབྱེ་བ་ཡོད་པ་མ་རེད། འོན་ཀྱང་ཀྲུང་གོའི་མིག་སྔའི་ཆབ་སྲིད་རིག་པའི་སྐད་ཆ་དང་དབང་ཆའི་གྲུབ་ཚུལ་དམིགས་བསལ་ཅན་དེའི་འོག་གྲལ་རིམ་གྱི་རིགས་པའི་གཞུང་ལུགས་མ་རྩ་བརྡིབས་པའི་རྗེས་སུ། རྒྱལ་ཁབ་ནི་གྲངས་མང་མི་རིགས་ཀྱི་ལག་ཆར་གྱུར་ཞིང་ཆབ་སྲིད་ནི་གྲངས་མང་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོབ་ཐང་ཡོད་མེད་འགྲེལ་བྱེད་ཙམ་རེད། དབང་བསྒྱུར་ལམ་ལུགས་འདི་ལ་གོ་བ་སྟབས་བདེ་མོ་བྱས་ནས་བླངས་ན་གྲངས་ཉུང་མི་རིགས་“ཀྲུང་གོའི་”རེད་དང་མ་རེད་ཅེས་པའི་གནད་འགག་ལ་ཐུག་ཡོད། འདི་དོན་དངོས་ཐོག་སྔོན་ཆད་ཁུང་ཙི་རིག་གནས་རྩ་མེད་བྱས་པའི་རིག་གནས་གཏོར་བཤིག་བསྐྱར་ཟློས་བྱུང་བ་དང་གཅིག་པ་རེད། ཡང་བསྐྱར་བཤད་ན་ཧཱ་དང་ཡཱེ་(Hua and Yi dichotomy)རིག་གནས་གཏོར་བཤིག་ལམ་ལུགས་བསྐྱར་ལོག་བྱས་པ་དང་གཅིག་པ་རེད། དེ་རིང་ཁ་སང་གི་རྒྱ་རིགས་ཆབ་སྲིད་རིག་པ་བ་མང་པོ་ཞིག་གིས་འདིའི་སྐོར་ལ་འཛེམ་དོགས་གང་ཡང་མེད་པར་བཤད་ཀྱིན་འདུག ཀྲུང་གོ་ཡི་གནད་དོན་འབྱུང་རྩ་གཙོ་བོ་ནི་རྒྱལ་ཁབ་འདི་ཡི་གྲུབ་ཚུལ་དང་བརྒྱུད་རིམ་དང་མཇུག་འབྲས་བཅས་ལ་ཐུག་ཡོད་པར་འགྲེལ་བརྗོད་བྱེད་ཀྱིན་འདུག དེ་ལྟར་བཤད་ཡོང་དུས་གསལ་པོ་ཡིན་པ་ནི་མུ་མཐུད་ནས་རྒྱ་བསྒྱུར་༼ཀྲུང་གོ་ཅན་གྱི༽གཅིག་སྡུད་ལམ་ལུགས་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་གནད་དོན་འདི་ལ་ཐུག་ཡོད། རྒྱ་བསྒྱུར་གཅིག་སྡུད་རིང་ལུགས་ནི་རྒྱལ་ཁབ་ཀྱི་འགོ་བཙུགས་ས་དང་བརྒྱུད་རིམ། མཐར་ཐུག་གི་དམིགས་ཡུལ་བཅས་རེད། འདི་ལྟ་བུའི་རྙིང་ཞེན་ཆེ་བའི་རིག་གནས་གཏོར་བཤིག་ནི་ཆིན་རྒྱལ་རབས་མཇུག་རྫོགས་ལ་ཉེ་སྐབས་ཤིག་ལ་བྱུང་པ་ཞིག་རེད། དེ་ལྟར་གོང་མའི་བཀའ་གཉན་པོ་ལྟ་བུའི་འགྱུར་མེད་བཅོས་མེད་ཀྱི་“ཡང་དག་པའི་ཆབ་སྲིད་ལམ་ལུགས”ཤིག་ཏུ་གྱུར་སོང་བ་རེད། རྒྱབ་ལྗོངས་འདི་འདྲ་ཞིག་གི་འོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་དང་སློབ་གསོ་ནི་རང་བཞིན་གྱི་ནག་ཉེས་ཅན་དུ་གྱུར་སོང་བ་རེད། གལ་ཏེ་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་གཙོར་འཛིན་བྱས་ན་རྒྱ་བསྒྱུར་རིང་ལུགས་དང་ཐ་དད་དུ་ཆགས་སོང་བ་བཤད་མ་དགོས་པ་ཞིག་རེད། ཧཱ་དང་ཡཱེ་ཡི་གཅིག་འོག་གཅིག་སྡུད་ཀྱི་འཐབ་རྩོད་ལམ་ལུགས་གཞི་རྩར་བཞག་ནས་བལྟས་ན་གསལ་པོར་ཤེས་ཐུབ་པ་ནི་རྒྱ་བསྒྱུར་ལམ་ལུགས་ལ་ངོ་རྒོལ་བྱེད་པ་ནི་རྒྱལ་ཁབ་ལ་ངོ་རྒོལ་བྱེད་པ་ཡིན་པ་རེད། འདི་ནི་ང་ཚོས་ངེས་པར་དུ་བརྟོལ་དགོས་པའི་སྦས་དོན་ཞིག་རེད། ང་ཚོས་ངེས་པར་དུ་ལྟ་བ་རྙིང་པ་འདིའི་རིགས་རྒྱང་དུ་གཡུག་དགོས། གནད་དོན་འདིའི་“རྒྱབ་ལྗོངས་ཀྱི་ལྟ་བ”རྩ་མེད་མ་བཏང་ན། གྲངས་ཉུང་མི་རིགས་ཀྱི་སྔར་ཡོད་རིག་གནས་དང་སྐད་ཡིག་ལ་འཛིན་སྐྱོར་སྤེལ་གསུམ་བྱེད་པའི་སྐལ་པ་ཕར་ཞོག གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་ལ་གཞི་རྩའི་འཚོ་གནས་བྱེད་སའི་ས་ཆ་ཞིག་རྩ་བ་ནས་མེད་པ་རེད། གོང་རིམ་གྱི་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཁ་ཕྱོགས་ལ་འགྱུར་བ་སྤུ་ཙམ་ཡོད་མ་རེད། དེ་འདྲ་ཡིན་ཙང་དཔོན་པོ་རེ་འགའ་ཞིག་གིས་ཆབ་སྲིད་ནི་གཅིག་སྡུད་ལམ་ལུགས་ཡིན་པ་དང་གཅིག་སྡུད་ལམ་ལུགས་ནི་གཅིག་གིས་གཅིག་གི་བཀའ་བརྩི་དགོས་པ། བཀའ་བརྩི་བ་ནི་ཐབས་ལམ་(གོང་བརྗོད་སློབ་གསོའི་ཐབས་ལམ་ལ་གོ་དགོས)ལག་བསྟར་བྱེད་རྒྱུ་ཡིན་པ་རེད་འདོད་ཀྱིན་ཡོད་རེད།  

ཅི་ཞིག་ལ་བཅིངས་གྲོལ་ལབ་ཀྱི་ཡོད་རེད། ཅི་ཞིག་ལ་དེང་རབས་ཅན་མངོན་འགྱུར་བྱེད་ལབ་ཀྱི་ཡོད་རེད། མར་ཁེ་སི་ཡི་ལམ་ལུགས་ལྟར་ན། ང་ཚོ་དངོས་གཙོ་རིང་ལུགས་ཀྱི་རྨང་གཞི་ནས་བཟོ་བསྐྲུན་པའི་སྐས་ཐེམ་སྟེང་ལ་སླེབས་ཚར་ཙམ་རེད། དཔོན་རིགས་ཚོས་བཤད་པ་ལྟར་ན“བཅོས་བསྒྱུར་བྱས་ནས་ཆུ་ཡི་གཏིང་ཟབ་སར་ཐོན་ཡོད”ཅེས་ཤོད་ཀྱིན་འདུག འདི་ནས་བཤད་བཞིན་པའི་ཆུ་ཡི་གཏིང་ཟབ་ས་ཞེས་པ་ནི་གོང་དུ་བརྗོད་པའི་ལྟ་བ་རྙིང་པའི་གཅིག་སྡུད་ཆབ་སྲིད་ལག་བསྟར་དང་། རྙིང་ཞེན་ཅན་གྱི་གྲལ་རིམ་ལྟ་བ། ཁ་ཕྱོགས་གཅིག་གྱུར་ལྟ་བ། ཧཱ་དང་ཡཱེ་ཡི་འཐབ་རྩོད་ལྟ་བ་ཡི་ཟབ་ཚད་ཤོད་ཀྱིན་ཡོད་རེད། བཅོས་བསྒྱུར་གྱི་དམིགས་ཡུལ་ནི་རྙིང་ཞེན་དེ་དག་གཏིང་ཇེ་ཟབ་དང་སྲ་བརྟན་འགྱུར་མེད་བཟོ་ཡ་མིན་པར། གཞི་རྩའི་མཉམ་གནས་མཉམ་སྤྱོད་ཀྱི་ཆབ་སྲིད་ཐོབ་ཐང་ལ་ཧུར་བརྩོན་བྱེད་དགོས་པ་རེད། ཆབ་སྲིད་འབྲེལ་བ་འདི་ནི་མི་དང་མི་ཡི་དབར་ཙམ་མ་ཟད། ཕོ་མོ་དབྱེར་མེད་དང་རིགས་རུས་དབྱེར་མེད། སྐད་ཡིག་དབྱེར་མེད་མཉམ་གནས་ཀྱི་འབྲེལ་བ་ཞིག་ཡིན།  

དེར་བརྟེན་ད་ལྟའི་རྔ་བ་ཁུལ་གྱི་སློབ་གསོའི་ཐབས་ལམ་བཅོས་བསྒྱུར་གནད་དོན་གྱི་རླུང་འཚུབ་ཙམ་མ་ཡིན་པར་བོད་ས་ཡོངས་རྫོགས་སྲིད་དབང་འཛིན་སྐྱོང་གནད་དོན་ཞིག་རེད། ཀྲུང་གོ་ཧྲིལ་པོ་ཡི་ཆབ་སྲིད་འགྲེལ་བརྗོད་བྱེད་ལུགས་ཤིག་རེད། གྲངས་ཉུང་མི་རིགས་ཚང་མས་ཆུ་ཡི་ཟབ་ས་ཞེས་པའི་གོ་དོན་ཡག་པོ་ལོབ་དགོས་འདུག ཆུ་ཡི་གཏིང་ཟབ་ས་ཞེས་པའི་བཅོས་བསྒྱུར་ཞེས་པའི་རྡོ་མཁྲེགས་དང་གཙུབ་བརྡར་བྱེད་དགོས་འདུག ལྷག་པར་དུ་རྒྱ་ཡི་སློབ་སྦྱོང་མཁན་རྣམས་དང་སྐད་བརྡ་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་གནས་ལུགས་དེ་མ་རྟོགས་ན། མིག་སྔར་གྱི་གནད་དོན་ཚང་མ་བསྐྱར་བཟློས་ཡང་བཟློས་བྱེད་དགོས་པ་རེད། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་ལངས་ཕྱོགས་དབར་གྱི་འགལ་ཟླ་ངེས་པར་དུ་དོར་དགོས། དེ་ལྟར་མ་བྱས་ན་མཇུག་འབྲས་ད་ལྟ་འབྱུང་བཞིན་པ་དང་གཅིག་པ་གཅིག་རྐྱང་རེད། གནད་དོན་འདི་ལྟ་བུ་སེལ་བ་ལ་གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་སྡེ་ཚན་ལ་འགན་འཁྲི་ཡོད་པ་མ་ཟད་རྒྱ་མི་རིགས་ཀྱི་ཤེས་ཡོན་པར་ཡང་འགན་འཁྲི་ཡོད་དོ།  

དེ་བཞིན་ཁྱུང་ཆུ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཤེར་རྒྱམ་ཞེས་པ་ཞིག་གིས་ཀྱང་རྔ་བ་ཁུལ་དུ་རྒྱ་ཡིག་གཙོར་བཟུང་གི་སློབ་གསོ་སྤེལ་བ་དེ་ནི་རིག་གནས་གསར་བརྗེའི་རླུང་འཚུབ་བསྐྱར་དུ་ལྡང་བ་དང་མཚུངས་ཞེས་དགག་རྩོམ་སྤེལ་འདུག 

བོད་ཡིག་དགེ་རྒན་ཞིག་གིས་སེམས་གཏམ། (རྒྱ་ཡིག་ནས་བསྒྱུར།)

རྩོམ་པ་པོ། ཤེར་རྒྱམ། (ཁྱུང་མཆུ་བོད་ཡིག་སློབ་འབྲིང་གི་དགེ་རྒན) 

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༤ ཚེས་ ༡༤མཚན་དཀྱིལ་ཏུ་ཕུལ། 

ད་ཆར་སྤྲིན་པ་དང་ན་བུན་ནང་ལ་འགྲོ་བ་དང་གཅིག་མཚུངས་རེད། ཡང་བསྐྱར་སློབ་གསོ་ཐབས་ལམ་ཞིག་གི་གླེང་གཞིའི་ཐོག་འུར་འགོ་བརྩམས་སོང་། ངས་འདི་ནས་“ཡང་བསྐྱར”ལབ་དགོས་པའི་རྒྱུ་མཚན་ནི་གནད་དོན་འདི་ཐེངས་གཅིག་མིན་པར་ཐེངས་མང་པོ་རེད། དྲང་མོར་བཤད་ན་ང་ནི་རང་ཉིད་ཀྱི་ཁ་ཕོར་བརླགས་འགྲོ་ཡ་ལ་ཞེད་སྣང་མེད། རྒྱུ་མཚན་ནི་ཐབས་ལམ་ག་རེ་བཀོལ་པ་ཡིན་ན་ང་ཡིས་རང་ཁ་རང་གསོ་ཐུབ་པའི་འཇོན་ནུས་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། ཡིན་ན་ཡང་ང་ཁ་རོག་ལ་བསྡད་ན་མི་འགྲིག རྒྱུ་མཚན་ནི་ང་ཚོ་ཁ་རོག་ལ་བསྡད་ནས་བོར་བརླགས་སོང་པ་ཧ་ཅང་མང་པོ་རེད།  

ཐོག་མར། ངས་ང་ཚོ་བོད་ཀྱི་ས་ཁུལ་ལམ་ལྗོངས་ཞིང་ལྔའི་སློབ་གསོའི་ཐབས་ལམ་ལ་གླེད་སློང་ཙམ་བྱེད། ཐབས་ལམ་དང་པོ་ལ་སློབ་གསོའི་ཐབས་ལམ་དང་པོ་འབོད་པ་དང་། གཙོ་བོ་བོད་ཡིག་གཞི་རྩ་བྱས་ནས་སློབ་ཚན་མང་ཆེ་བ་སློབ་ཁྲིད་བྱེད་ཡ་དེ་རེད། དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་ཡིག་ཐོག་གི་སློབ་ཁྲིད་དང་མཐུན་པ་བྱེད་ཡ་དེ་རེད། ཐབས་ལམ་གཉིས་པར་སློབ་གསོའི་ཐབས་ལམ་གཉིས་པར་འབོད་ལ། རྒྱ་ཡིག་གཞི་རྩར་བཟུང་ནས་སློབ་ཚན་མང་ཆེ་བ་སློབ་ཁྲིད་བྱེད་པའི་ཐབས་ལམ་ཞིག་ལ་ཟེར། དུས་མཚུངས་སུ་མི་རིགས་སྐད་ཡིག་གི་སློབ་ཚན་ཞིག་ཀྱང་ཡོད་པ་ཞིག་རེད། ད་རུང་ཆེས་མཐའ་མའི་ཐབས་ལམ་ཞིག་ཀྱང་ཡོད། ཐབས་ལམ་དེ་ལ་སྤྱི་མཐུན་སློབ་གསོའི་ཐབས་ལམ་ཟེར། ཐབས་ལམ་དེ་ནི་ས་ཁུལ་སོ་སོའི་སློབ་གསོ་དང་ས་ཁུལ་སོ་སོའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་ཡ་ལ་ཟེར། ང་ཚོ་བོད་ཀྱི་ས་ཁུལ་ལ་མཚོན་ན་ཐབས་ལམ་དང་པོའི་ཁྲིད་ཐབས་ལག་བསྟར་བྱས་པ་ནས་བཟུང་། སློབ་གསོའི་ནུས་པ་དང་ནུས་ལྡན་མི་གྲངས་སྐྱེད་སྲིང་ཧ་ཅང་ཡར་རྒྱས་གོང་འཕེལ་ཕྱིན་ཡོད། ས་གནས་མི་རིགས་སྐད་ཡིག་ཞན་པ་དག་ལ་ནམ་རྒྱུན་ཐབས་ལམ་གཉིས་པ་བཀོལ་སྤྱོད་བྱེད་བཞིན་ཡོད་རེད། ག་ལེར་སྐད་ཡིག་བསྐྱར་གསོ་ཐུབ་པ་དང་ཐབས་ལམ་དང་པོར་མདུན་སྐྱོད་བྱེད་བཞིན་ཡོད་རེད་ལ་ཐབས་ལམ་དང་པོས་མི་སེམས་ལ་སྤྲོ་སྐྱིད་སྟེར་བཞིན་ཡོད། གཞུང་མང་བློ་སེམས་གཅིག་མཐུན་སྒོ་ནས་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་ཤུགས་སྣོན་དང་སློབ་གསོ་དེ་ཉིད་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ནས། སློབ་ཆུང་ནས་དམའ་འབྲིང་། དམའ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་དབར་གྱི་སློབ་གསོའི་འཛིན་སྐྱོང་ལེགས་པར་སྤེལ་ཡོད་རེད། དེ་ལྟར་བྱས་ནས་མི་རིགས་སྐད་ཡིག་དང་མི་རིགས་རིག་གནས་སློབ་གསོའི་ཡང་དག་པའི་ཐབས་ལམ་གྱིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཤེས་ཡོན་པ་གསོ་སྐྱོང་གི་ལམ་བཟང་བསྐྲུན་ཡོད་པ་རེད།  

ཡིད་སྐྱོ་བ་ཞིག་ལ་ཉེ་ཆར་ཡང་བསྐྱར་སློབ་གསོའི་ཐབས་ལམ་བཅོས་བསྒྱུར་གྱི་རླུང་འཚུབ་ཡང་བསྐྱར་གཡུག་འགོ་ཚུགས་སོང་པ་རེད། གཤམ་དུ་ངས་མི་སེམས་རབ་ཏུ་སྤྲོ་བའི་སློབ་གསོའི་ཐབས་ལམ་ཡང་དག་པ་དེ་ལག་བསྟར་ལེགས་འགྲུབ་བྱུང་བཞིན་པའི་སྐབས་སུ་མི་རེ་ཟུང་གིས་སྔོན་ཆད་ལག་བསྟར་བྱས་ནས་ཕམ་ཉེས་བྱུང་པའི་ཐབས་ལམ་གཞན་ཞིག་ལག་བསྟར་བྱེད་འདོད་པའི་རྒྱུ་མཚན་གསེད་བཀྲོལ་བྱེད་པར་བྱ། བོད་ཁུལ་དུ་སྔོན་ཆད་ཐབས་ལམ་གཉིས་པ་དང་གསུམ་པ་ལག་བསྟར་བྱེད་མ་མྱོང་པ་མ་རེད། ཡིན་ན་ཡང་ལོ་རྒྱུས་ཀྱིས་ང་ཚོ་ལ་ལན་ཡག་པོ་ཞིག་སྤྲད་ཚར་པ་རེད། བོད་ཁུལ་དུ་ཐབས་ལམ་གཉིས་པ་དང་གསུམ་པ་ལག་བསྟར་བྱས་པའི་སྦྱངས་འབྲས་དང་ཤེས་ཡོན་པ་སྐྱེད་སྲིང་བྱེད་ནུས་ཀྱི་གྲངས་ཚད་སོགས་ཐབས་དང་པོ་དང་གནམ་སའི་ཁྱད་པར་བྱུང་ཡོད། ཉེ་ཆར་རྔ་བ་ཁུལ་དུ་ཐབས་ལམ་དང་པོ་ལག་བསྟར་བྱས་པའི་ལོ་འགའི་ནང་ལ་སློབ་སྦྱོང་གྲུབ་འབྲས་ཡར་ཐོན་བྱུང་པ་དྲ་ཐོག་ནས་མི་མཐོང་ལག་ཟིན་མཐོང་ཡ་ཡོད་པ་དེ་རེད་ལ། ཐབས་ལམ་གཉིས་པ་ལས་ལྡབ་འགྱུར་གྱི་ཡག་པོ་ཡོད་པ་རེད། འོ་ན་མི་ཁ་ཤས་ཀྱིས་ག་རེ་བྱས་ནས་ཨུ་ཚུགས་མཁྲེགས་འཛིན་གྱིས་ཐབས་ལམ་གཉིས་པ་ལག་བསྟར་བྱེད་དགོས་ལབ་ཀྱིན་ཡོད་རེད།  

གཅིག  སུ་ཞིག་གིས་ཐབས་ལམ་བསྒྱུར་བཅོས་ཡིག་ཆ་བཏོན་ཡོད་པ་དང་བཀའ་རྒྱ་བསྒྲགས་ཡོད་པ་རེད་ཅེ་ན། དེའི་དྲི་ལན་ཧ་ཅང་མགོ་རྙོག་པོ་རེད། ཡིན་ན་ཡང་ཀྲུང་དབྱང་ནས་ཡིག་ཆ་དང་བཀའ་རྒྱ་བསྒྲགས་མེད་པ་གཏན་འཁེལ་རེད། རྒྱུ་མཚན་ནི་ང་ཚོས་ད་ལྟ་དངོས་སུ་ལག་བསྟར་བྱེད་བཞིན་པའི་སློབ་གསོའི་ཐབས་ལམ་འདི་ཀྲུང་དབྱང་གི་ཆོག་མཆན་འོག་རིམ་པ་རེ་རེ་བཞིན་བརྟག་དཔྱད་ཞིབ་འཇུག་མཐིལ་བྱིན་པ་བྱས་ནས་ལག་བསྟར་བྱེད་བཞིན་པ་ཞིག་རེད། མཁས་དབང་མང་པོས་དཀའ་སྤྱད་ཁྲི་འབུམ་བརྒྱུད་རྗེས་དངོས་སུ་ལག་བསྟར་གཏན་འབེབ་བཞིན་པ་ཞིག་རེད། ཀྲུང་དབྱང་གིས་ཐབས་ལམ་འདི་ཡང་དག་པ་ཡིན་པར་ངོས་ལེན་ཐོབ་ཡོད་པ་རེད། དེར་བརྟེན་ངས་ཀྲུང་དབྱང་གིས་བྱས་པ་ཞིག་མ་རེད་ལབ་ཡིན། རིམ་པ་གང་གི་མི་སྣ་ག་འདྲ་ཞིག་གིས་བྱས་ཉེས་འདི་འདྲ་བྱེད་བཞིན་ཡོད་པ་གསལ་པོ་མི་ཤེས་ན་ཡང་། ངས་བསམས་ན་ངས་ངེས་པར་དུ་ཁྱོད་ལ་ཉེན་བརྡ་ཞིག་གཏོང་དགོས་ཀྱི་འདུག གལ་ཏེ་ཡིག་ཆ་བཏོན་ཡོད་ན་སྦས་གསང་མ་བྱེད། སྦས་གསང་བྱེད་དགོས་ཡ་ཡོད་མ་རེད། གལ་ཏེ་ཡིག་ཆ་བཏོན་མེད་ན་མ་བཏོན། ཁྲིམས་འགལ་རེད།  

གཉིས། ག་རེ་བྱས་ནས་སློབ་གསོའི་ཐབས་ལམ་བརྗེ་བསྒྱུར་མི་རུང་པ་རེད་ཅེ་ན། ངན་པ་ལངས་ཤོར་ནི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་སྣང་བརྙན་རྫོར་པོ་ཞིག་རེད། ཡིན་ན་ཡང་སློབ་གསོ་ཞེས་པ་འདི་ལ་བརྒྱུད་རིམ་ངེས་ཅན་ཞིག་དང་ཐབས་ལམ་ངེས་ཅན་ཞིག་བཀོལ་ན་མ་གཏོགས་མི་སྒེར་གྱི་ཁེ་དབང་ཆེད་དུ་གང་བྱུང་བསྒྲུབ་པ་ཙམ་གྱིས་འབྲས་བུ་སྨིན་པ་ཞིག་གཏན་ནས་མ་རེད། སློབ་གསོ་ལ་སློབ་གསོ་རང་ངོས་ཀྱི་གྲུབ་ཚུལ་དང་ཆོས་ཉིད་རེ་རེ་ཡོད་པ་རེད་ལ། དེའི་ནང་གི་གནད་འགག་ནི་ཤེས་རྟོགས་ཐབས་ལམ་ཞེས་པ་དེ་རེད། ཤེས་རྟོགས་ཐབས་ལམ་ལ་ནང་གསེས་མང་པོ་ཡོད་པ་རེད། ཡིན་ན་ཡང་དེའི་ནང་གི་གཏན་ནས་ནོར་མི་རུང་པ་ནི་སྐད་ཡིག་བཀོལ་སྤྱོད་ཐབས་ལམ་རེད། ངས་ཤེས་རྟོགས་ཐབས་ལམ་ནང་གི་སྐད་ཡིག་གནད་དོན་ཐོག་ལ་རོབ་ཙམ་གླེང་བར་བྱ། ཐོག་མར་ཁྱོད་ཀྱི་གནས་ལུགས་ཤེས་བྱ་ག་རེ་ལ་སྦྱངས་པ་ཡིན་ན་དེ་ལ་འཚམ་པའི་སྐད་ཡིག་གི་ལམ་ནས་ཁྱོད་ལ་ཤེས་བྱ་དེ་རག་དགོས་པ་རེད། གནས་ལུགས་ཤེས་བྱ་དེ་ཡི་གོ་དོན་རྟོགས་པར་དང་པོ་སྐད་ཡིག་དེ་ཡི་ཤེས་ཚད་ངེས་ཅན་ཞིག་ཡོད་དགོས་པ་རེད། སྐད་ཡིག་ཤེས་ཚད་ག་ཚོད་མཐོ་ན་ཤེས་བྱ་རག་པའི་གོ་སྐབས་དེ་ཚོད་ཀྱི་མཐོན་པོ་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་ཕ་སྐད་མ་ཡིག་གི་སློབ་གསོའི་ཐབས་ལམ་ནི་ཐབས་ལམ་གཞན་དག་ལས་མཆོག་ཏུ་གྱུར་པ་ཡིན་པ་བཤད་མ་དགོས་པ་ཞིག་རེད། དཔེར་བརྗོད་སྟབས་བདེ་ཞིག་བཞག་པ་ཡིན་ན། བརྗོད་བྱ་གང་ཡང་རུང་པ་ཞིག་སྐད་ཡིག་གཞན་ཞིག་ལ་བསྒྱུར་པ་ཡིན་ན། སྒྱུར་པ་པོའི་གནས་ཚད་ག་ཚོད་མཐོན་པོ་ཡོད་ན་ཡང་མ་ཡིག་དང་སྒྱུར་གཉིས་ཀྱི་དབར་ལ་ཧེ་བག་མི་འགྲོ་ཐབས་མེད་རེད། འགྱུར་གྱི་ཧེ་བག་གང་ཙམ་ཆེ་ན་མ་ཡིག་གི་བརྗོད་དོན་དེ་ཙམ་རབ་རིབ་ཏུ་འགྱུར་འགྲོ་བ་རེད། གལ་ཏེ་སློབ་ཁྲིད་སྐབས་སུ་སྐད་ཡིག་གཉིས་པ་བཀོལ་སྤྱོད་བྱས་པ་ཡིན་ན་སློབ་མ་ཚོས་ངེས་པར་དུ་སྐད་སྒྱུར་གྱི་གོ་རིམ་ཞིག་བརྒྱུད་རྗེས་ད་གཟོད་ཁྲིད་བྱའི་ཤེས་བྱའི་གོ་དོན་ལེན་དགོས་པ་རེད། རྒྱུ་མཚན་ནི་ཁོ་ཚོར་སློབ་སྦྱོང་ཁྲིད་བྱེད་ཀྱི་སྐད་ཡིག་དེ་རང་གི་ཕ་སྐད་མིན་ཙང་རེད། དེར་བརྟེན་བརྒྱུད་རིམ་འདི་ནས་སྐད་སྒྱུར་གྱི་ཧེ་བག་གནད་དོན་ལ་ཐུག་གི་ཡོད་པ་རེད། གནད་དོན་དེ་ཡིས་སློབ་སྦྱོང་གི་གྲུབ་འབྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཡིན་ན་ཡང་མི་ཁ་ཤས་ཀྱིས་གནད་དོན་དེ་ཡི་སྐོར་ལ་ཤེས་རྟོགས་མེད་པའམ་གནད་དོན་དེ་ཡི་སྐོར་ལ་སེམས་ཁྲལ་སྤུ་ཙམ་མེད་པ་རེད། ཁོ་རང་ཚོས་གོ་གནས་འཕར་ཡ་གཅིག་མི་མ་གཏོགས་དྲན་རྒྱུ་མེད་པར་རེད། 

གསུམ། ག་རེ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ཐབས་ལམ་རྟག་པར་བསྒྱུར་བཅོས་རྐྱང་རྐྱང་བྱེད་ཀྱིན་ཡོད་རེད། རྒྱ་མི་རིགས་ཀྱི་སློབ་གསོའི་ཐབས་ལམ་ནི་ཧ་ཅང་བརྟན་བརླིང་ཡིན་པ་རེད། རྒྱ་མི་རིགས་ཀྱིས་ཀྱང་སྔོན་ཆད་སྐད་གཉིས་སློབ་གསོའི་ཐབས་ལམ་ལག་བསྟར་བྱས་པ་རེད། ཡིན་ན་ཡང་ཕ་སྐད་སློབ་གསོའི་གྲུབ་འབྲས་ལྡབ་འགྱུར་གྱི་ལེགས་པོ་ཡོད་པ་ར་འཕྲོད་བྱུང་པ་རེད། གནད་དོན་འདིའི་སྟེང་ནས་ཀྱང་ང་ཚོའི་གནད་དོན་ལ་ལན་གསལ་པོ་ཞིག་བྱུང་ཡོད་པ་རེད། བྱས་ཙང་ཕ་སྐད་ཀྱི་ལམ་ནས་སློབ་གསོ་འཛིན་སྐྱོང་བྱེད་པ་ནི་སློབ་གསོ་ལེགས་འགྲུབ་ཡོང་པའི་གནད་འགག་ཅིག་རེད། ང་ཚོའི་ཕ་སྐད་སློབ་གསོ་ནི་ཐབས་ལམ་དང་པོ་ཡིན་པ་ལས་ཐབས་ལམ་གཉིས་པ་མ་རེད་ལ་ཐབས་ལམ་གསུམ་པ་དེ་བས་ཀྱང་མ་རེད། ཐབས་ལམ་གསུམ་པའི་ཕམ་ཉེས་གནད་དོན་ནི་རྒྱ་མི་རིགས་སམ་རྒྱ་སྐད་གཙོ་བོ་བྱེད་པའི་མི་རིགས་འདུ་བ་ལས་རྒྱ་སྐད་སྐད་ཡིག་གཉིས་པ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་དེའི་ནང་དུ་མི་ཚུད།  

མདོར་བསྡུས་ནས་བཤད་ན། ངས་བཤད་འདོད་པ་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནད་དོན་སྐོར་ལ་ཤེས་རྟོགས་ཅན་ཉུང་པ་དང་སློབ་གསོའི་ཐབས་ལམ་གླེང་པའི་འགོ་ཁྲིད་རྣམས་ནི་སློབ་གསོའི་ཐབས་ལམ་ཡང་དག་པ་གཏོར་བཤིག་བྱེད་པའི་རྩ་བ་རེད། མི་ཁ་ཤས་ནི་རང་ཉིད་ཀྱི་གོ་ས་དང་མིང་གི་ཆེད་དུ་རང་གི་ནང་མི་སྤུན་མཆེད་གཡོ་འཚོང་དང་མི་ལས་དགུ་ལས་ཀྱི་བྱ་ངན་བསྒྲུབ་དགོས་ཀྱང་སྒྲུབ་ཐུབ་མཁན་ཤ་སྟག་རེད། འདི་ལོའི་གསུམ་པའི་བཅུ་གཅིག་གི་(༢༠༢༠ཟླ༣ཚེས༡༡)གྲོས་ཚོགས་དགོངས་དོན་རྒྱ་ནག་སྐམ་ས་ཆེན་མོར་ས་ཁྱབ་རྡོ་ཁྱབ་ཏུ་སོང་པ་རེད། བསམ་བློ་བསྐྱར་བཅོས་དང་དུས་བསྟུན་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་མཐའ་འཁོབ་ཏུ་ཡོད་པའི་མི་རིགས་ས་གནས་སུ་རིག་གནས་གསར་བརྗེ་ཡི་རླུང་འཚུབ་བསྐྱར་ལངས་བྱེད་བཞིན་འདུག་ལབ་ན་རྩ་བ་ནས་ཐལ་དྲགས་མི་འདུག ཡར་བསྐྱར་ནན་ཏན་སྒོ་ནས་བཤད་རྒྱུར་ཕ་སྐད་སློབ་གསོའི་ཐབས་ལམ་ནི་མི་སྒེར་ཞིག་ལ་མཚོན་ན་འདྲ། མི་རིགས་ཤིག་ལ་མཚོན་ན་འདྲ། རྒྱལ་ཁབ་ཅིག་ལ་མཚོན་ན་འདྲ་ངོ་བོ་མཚོན་བྱེད་གཙོ་བོ་དང་དགའ་ཞེན་སྤེལ་བྱེད་དང་ཡིད་རྟོན་སྤེལ་བྱེད་ཡིན་ལ། ཕྱོགས་གཉིས་ཀྱི་ཡོད་ཚད་བདེ་བླག་འབྱུང་བའི་ལམ་ཁ་གཅིག་པུ་དེ་རེད། ཀྲུང་གོའི་རྩ་ཁྲིམས་སུ་སྔོན་ཆད་ཅིག་ནས་མི་རིགས་སོ་སོའི་རང་གི་སྐད་དང་ཡི་གེ་ལམ་ནས་མི་རིགས་རིག་གནས་དར་སྤེལ་ཆོག་པའི་ཐོབ་ཐང་ཆ་ཚང་སྤྲད་ཡོད་པ་རེད། རྒྱུ་མཚན་ནི་ཏང་ཀྲུང་དབྱང་གིས་སྐད་ཡིག་བཀོལ་སྤྱོད་བྱས་པའི་དགེ་མཚན་དང་བཀོལ་སྤྱོད་མ་བྱས་པའི་ནག་ཉེས་གསལ་པོར་རྟོགས་ཡོད་ཙང་རེད། བྱས་ཙང་ཁྱོད་ཚོས་དམུ་རྒོད་ཀྱི་བྱ་སྤྱོད་རྩ་བ་ཉིད་ནས་སྤེལ་མི་རུང་། སློབ་གསོའི་མ་དངུལ་མཐུན་རྐྱེན་གྱི་འདང་མིན་དང་དགེ་རྒན་གཟབ་ཁྲིད་མཐུན་སྦྱོར་འོས་འཚམ་མ་བྱུང་པའི་གནད་དོན་ཆུང་ཙག་ལ་འཐུས་ཤོར་སོང་པར་ཕ་སྐད་སློབ་གསོ་ལ་ཁག་དཀྲི་བྱེད་མི་རུང་། ཉེ་བའི་ལོ་འགའི་ནང་ལ་ཕ་སྐད་སློབ་གསོ་ནི་ནག་ཉེས་གཡོག་ས་ཞིག་ཏུ་གྱུར་འདུག གནད་དོན་ག་རེ་ཡིན་ན་ཡང་མཐར་ཕ་སྐད་སློབ་གསོ་ལ་ཁག་དཀྲི་བྱས་ནས་རྩ་མེད་གཏོང་པའི་ལས་རྩོམ་གྱིན་འདུག རྒྱ་མི་རིགས་ནས་མི་རིགས་སོ་སོས་ཕ་སྐད་སློབ་གསོ་ལག་བསྟར་གྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཤེས་ཡོན་པའི་སྡེ་ཚན་སྤུས་ལེགས་སྐྱེད་སྲིང་བྱས་དང་བྱེད་མུས་རེད། ཡིན་ན་ཡང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕ་སྐད་སློབ་གསོ་ངན་ཁག་དཀྲི་ས་བྱེད་བཞིན་འདུག འདི་ནི་ཚན་རིག་དང་མི་མཐུན་ལ་མིའི་ཀུན་སྤྱོད་དང་མི་མཐུན། གལ་ཏེ་ཁྱོད་ཀྱི་འདིའི་བར་དུ་བཀླགས་ཡོད་ན་ད་ལྟ་ཁོང་ཁྲོ་ལངས་བཞིན་ཡོད་སྲིད་ལ་ཡང་ན་སེམས་འགུལ་ཐེབས་ཀྱིན་ཡོད་སྲིད། ཁྱོད་ཁོང་ཁྲོ་ལངས་བཞིན་ཡོད་ན་ཆོག སེམས་འགུལ་ཐེབས་ཀྱིན་ཡོད་ན་ཆོག ཡང་ན་སུན་པོ་ཆགས་ཡོད་ན་ཡང་ཆོག གང་ལྟར་གནད་དོན་འདི་ལ་བསམ་བློ་སྔོན་དུ་བཏང་ནས་ད་གཟོད་ལག་ལེན་བྱེད་རོགས་ཞུ་ཞེས་བཀོད་འདུག  

སྨྱུག་མིང་དུ་གླེན་པ་ཞེས་པའི་བོད་མི་ཞིག་གིས་ཀྱང་ཕ་སྐད་སློབ་གསོ་མེད་པར་གཏོང་བ་དེས་བོད་ཕྲུག་ཚོའི་མདུན་ལམ་དང་སློབ་སྦྱོང་སོགས་ལ་དོ་ཕོག་ཚབས་ཆེན་ཐེབས་ཉེན་ཡོད་པའི་གནས་ལུགས་འགྲེལ་བརྗོད་བྱས་ཐོག་རྒྱ་ནག་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཚོས་སློབ་གསོའི་ཐབས་ལམ་གཉིས་པ་ལག་བསྟར་བྱེད་པར་བསམ་གཞིགས་ནན་པོ་བྱ་དགོས་པའི་དགོས་འདུན་ཤུགས་དྲག་བཏོན་འདུག 

མ་འོངས་པའི་ཆེད་དུ་སློབ་ཁྲིད་བྱེད། (རྒྱ་ཡིག་ལས་བསྒྱུར།)

རྩོམ་པ་པོ། གླེན་པ། 

ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༤ ཚེས་ ༡༦ ཉིན། 

སློབ་གསོ་ཟེར་བ་ནི་སློབ་ཐོན་ལག་ཁྱེར་ཞིག་ལ་གོ་བ་མ་ཡིན་པས་མི་ཞིག་རང་གི་ཕུགས་བསམ་འདུན་མངོན་འགྱུར་གཏོང་བྱེད་ལ་གོ་བ་ཡིན། ཉེ་དུས་དྲྭ་ཐོག་ཏུ་རྔ་བ་རང་སྐྱོང་ཁུལ་དུ་སློབ་གསོ་ཐབས་ལམ་གཉིས་པ་ལག་བསྟར་བྱ་དགོས་མིན་ཐོག་གླེང་སློང་མང་པོ་བྱེད་ཀྱིན་འདུག མཐའ་མཇུག་གི་གཏན་འབེབས་གང་ཡིན་མ་ཤེས་སྔོན་ལ་ང་ལྟ་བུའི་མི་སེར་དཀྱུས་མ་ཞིག་ལ་མཚོན་ན་གྲངས་ཉུང་མི་རིགས་སློབ་གསོའི་མ་ལག་གི་ལེགས་བཅོས་གང་ཡིན་ཡང་བགྲོ་གླེང་ངམ་ངོ་རྒོལ་བྱ་མི་རུང་མོད། 

འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་མ་ལག་ལེགས་བཅོས་བྱེད་པའི་ཚད་གཞི་ཐོག་དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་སྒོ་མོ་སུ་ཞིག་གིས་ཇི་ལྟར་ཕྱེའམ་ཞེས་པའི་གནད་དོན་ཅིག་ལྷག་ཡོད། གནད་དོན་འདི་ནི་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལ་མཚོན་ན་ཧ་ཅང་གནད་འགག་ཡིན་ལ། གལ་ཆེའི་འགྱུར་ལྡོག་གི་འགག་རྩའང་ཡིན། དེ་བརྟེན་ཕྱོགས་སོ་སོའི་སེམས་ཁུར་དང་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་ཡང་ཉན་དགོས། 

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་དབྱིང་ཨུ་ཡོན་ཐེངས་གསུམ་པའི་ཚང་འཛོམས་ཚོགས་འདུ་ཚོགས་པ་ནས་བཟུང་། ཏང་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་བོད་ཁུལ་དུ་རིམ་བཞིན་ལག་བསྟར་བྱས། གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལ་ཤུགས་སྣོན་སྐོར་གྱི་བསམ་འཆར་དང་གོམ་གང་མདུན་སྤོས་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལ་ཤུགས་སྣོན་སྐོར་གྱི་སྙན་ཞུ་ཟེར་བ་ལས་གསལ་པོར་བསྟན་པ་ནི། མི་རིགས་སློབ་ཆུང་དང་སློབ་འབྲིང་སློབ་གསོ་དར་རྒྱས་ལ་སློབ་གསོའི་ལམ་ལུགས། སློབ་ཁྲིད་ཀྱི་བརྗོད་བྱ། སློབ་ཁྲིད་བྱེད་ཐབས་སོགས་ཀྱི་ཕྱོགས་ནས་ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་དགོས། ལྷག་པར་དུ་གལ་ཆེ་བ་ནི། སྐད་དང་ཡི་གེ་ཡོད་པའི་མི་རིགས་ཚོས་རང་གི་སྐད་ཡིག་གིས་སློབ་ཁྲིད་བྱ་དགོས། རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་པ་དང་མཉམ་དུ་རྒྱའི་སྐད་ཡིག་གི་སློབ་གསོ་དང་ལེན་བྱ་དགོས། བོད་ཁུལ་དུ་སློབ་གསོ་ཐབས་ལམ་གཉིས་པ་འདེམས་དགོས་སམ་སློབ་གསོ་ཐབས་ལམ་དང་པོ་འདེབས་དགོས་ཟེར་བའི་དཀའ་གནད་འདིས་ཡང་ནས་བསྐྱར་དུ་བོད་ཁུལ་གྱི་སློབ་མ་དང་སློབ་གསོ་ལས་དོན་སྒྲུབ་མཁན་ལ་ཚོད་བགམ་བྱ་ཀྱི་ཡོད། སློབ་མ་རྣམས་ལ་མཚོན་ན་སློབ་གསོའི་ཐབས་ལམ་གང་འདེམས་དེས་ཐད་ཀར་རམ་ཡང་ན་ཐད་ཀར་མ་ཡིན་པར་མི་ཚེ་གང་འདེམས་པའི་གནད་དོན་ལ་ཐུག་ཡོད། 

ཚང་མས་ཤེས་གསལ་ལྟར། རྗེས་ལུས་ཀྱི་བོད་ཁུལ་སློབ་གསོ་ཡི་རྒྱབ་ལྗོངས་འོག་སློབ་གསོའི་ཐབས་ལམ་གཉིས་པའི་སློབ་མའི་སློབ་རིམ་སྤར་བ་དང་ལས་ཀ་ཐོབ་པའི་ཚད་ནི་སློབ་གསོ་ཐབས་ལམ་དང་པོ་ལས་ཧ་ཅང་གི་དམའ་བ་ཡིན། སློབ་གསོ་ཐབས་ལམ་གཉིས་པའི་སློབ་མས་རྨང་གཞིའི་ཕ་སྐད་སློབ་གསོ་དང་ལེན་བྱེད་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཐུན་མོང་མཐོ་རིམ་ཡིག་རྒྱུགས་སུ་ཞུགས་དགོས། དེ་མ་ཟད་ལས་ཀ་འཚོལ་དུས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཡང་ན་ཞིང་ཆེན་སོ་སོའི་མཉམ་འབྲེལ་ཡིག་རྒྱུགས་ཀྱི་རྒྱ་ཡིག་གི་ཡིག་རྒྱུགས་སུ་ཞུགས་དགོས། ཕྱོགས་མང་པོ་ནས་སློབ་གསོ་ཐབས་ལམ་གཉིས་པའི་སློབ་མའི་ལས་ཞུགས་ཀྱི་གནས་ཚད་ལ་ཤུགས་རྐྱེན་ཐེབས་ཡོད། 

ཚང་མས་ཤེས་གསལ་ལྟར་སློབ་གསོ་ཐབས་ལམ་གཉིས་པ་ནི་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བ་ཡིན་པའི་སློབ་གསོའི་རྣམ་པ་ཞིག་ཡིན། སློབ་གསོ་རྣམ་པ་འདིར་བྱུང་བའི་སྐྱོན་ཆ་ནི། སློབ་གསོ་མྱོང་མཁན་དང་སློབ་གསོ་གནང་མཁན་བར་ལ་མཐུན་འགྲིག་མེད་པ་དེ་ཡིན། ཐོག་མར་སློབ་གསོའི་ཁོར་ཡུག་ནི། སྐད་ཡིག་སློབ་སྦྱོང་བྱ་བར་སྐད་ཡིག་གི་ཁོར་ཡུག་ཆེན་པོ་ཞིག་དགོས། ཡིན་ཡང་། ཆུང་དུས་ནས་བོད་ཁུལ་དུ་ཕ་སྐད་སློབ་གསོ་མྱོང་མཁན་གྱི་བྱིས་པ་ཚོར་མཚོན་ན་སློབ་གྲྭ་ལས་གཞན་རྒྱ་སྐད་ཀྱི་ཁོར་ཡུག་དཀོན་པོ་ཡིན། འདི་ལྟར་ཡིན་ན་སློབ་སྦྱོང་བྱ་བར་ཕན་མེད་པ་མ་ཟད་སློབ་གསོའི་ཐབས་ལམ་གཉིས་པ་ཐོབ་པ་དང་འཚོ་བའི་ནང་དུ་བོད་རྒྱ་སྦྲགས་སྐད་བཤད་པའི་སྲོལ་ངན་ལ་གོམས། སྲོལ་ངན་འདིའི་རྐྱེན་གྱིས་ཆུང་ས་ནས་བཤད་ན་མི་སྒེར་གྱི་མི་ཚེ་མདུན་ལམ་ལ་ཤུགས་རྐྱེན་དང་། ཆེ་ས་ནས་བཤད་ན་མི་རིགས་ཀྱི་རིག་གནས་ཡལ་འགྲོ 

གཉིས་པ། སློབ་གསོ་ཡི་ཆུ་ཚད། བོད་ཁུལ་དུ་སློབ་གསོའི་གནས་ཚུད་རྗེས་ལུས་ཡིན་པའི་གནས་སྟངས་འོག་ཏུ། གྲངས་ཉུང་མི་རིགས་ཀྱི་སློབ་མའི་རྒྱུན་ཆད་མེད་པའི་སློབ་སྤར་གྱི་ཡིག་རྒྱུགས་སྐབས་སུ་སློབ་གསོའི་ཐབས་ལམ་གཉིས་པའི་སློབ་མ་ཚོས་ཐོག་མཐའ་བར་གསུམ་དུ་རྒྱ་ཡུལ་གྱི་རྒྱ་ཡིག་སློབ་གསོ་ཡག་པོ་ཐོབ་མཁན་གྱི་སློབ་མ་མཉམ་དུ་རྒྱལ་ཡོངས་རང་བཞིན་གྱི་ཡིག་རྒྱུགས་སུ་ཞུགས་དགོས། རྒྱལ་ཁབ་སྲིད་ཇུས་ཡང་ན་གྲངས་ཉུང་མི་རིགས་ལ་དམིགས་བསལ་སྐར་གྲངས་སྣོན་པ་སོགས་ཡོད་མོད། རིག་གནས་ཀྱི་ཁྱད་པར་རང་བཞིན་གྱིས་དུས་རྒྱུན་དུ་བོད་ཁུལ་དུ་རྒྱ་ཡིག་གི་སློབ་གསོ་ཐོབ་པའི་སློབ་མ་རྣམས་ལ་མཚོན་ན་དེ་ནི་འདྲ་མཉམ་མིན་པའི་དམིགས་བསལ་ཟེར་བ་དེ་ཡིན། 

དེ་ནས་བོད་ཁུལ་དུ་རྒྱ་ཡིག་གི་སློབ་གསོ་ཐོབ་པའི་སློབ་མ་རྣམས་ལ་ལྟ། འདི་རུ་དཔེ་མཚོན་ཞིག་འགོད་རྒྱུ་ཡིན། བོད་ཁུལ་དང་རྒྱ་ཡུལ་གྱི་སློབ་མ་ཚོར་མཉམ་དུ་བསྣོལ་ཟམ་立交桥ཟེར་བའི་ཐ་སྙད་དཔེ་ཁྲིད་བྱེད་སྐབས། རྒྱ་ཡུལ་གྱི་བྱིས་པ་ཚོའི་བསམ་བློ་ནང་ལམ་སང་བསྣོལ་ཟམ་གྱི་རྣམ་པ་གསལ་བོར་ཤར་ཡོང་མོད། བོད་ཁུལ་གྱི་སློབ་མ་ཚོར་བློ་ཡིད་དུ་ཤར་རྒྱུ་ཅི་ཡང་མེད། ཁོ་ཚོ་དང་བསྣོལ་ཟམ་བར་འབྲེལ་འདྲེས་མེད་པས་སོ། དེ་བས་གོ་བ་ལོན་པར་དཀའ་ངལ་ཡོད། གལ་ཏེ་ཕ་སྐད་ཀྱི་སློབ་ཁྲིད་བྱས་ན་སློབ་མས་དགེ་རྒན་གྱིས་སྤེལ་བའི་བརྡ་འཕྲིན་དག་ཚད་དང་ལྡན་པའི་གོ་བ་ལེན་ཐུབ།སློབ་གསོའི་སྤུས་ཚད་ཀྱང་ཡར་རྒྱས་ཡིན། 

བཤད་སྲོལ་ལ། མི་རིགས་གཅིག་གི་འཆི་གསོན་ནི་མི་རིགས་དེའི་རིག་གཞུང་དང་སྐད་ཡིག་གི་ཉམས་རྒུ་ལ་རག་ལས་ཟེར། དོན་དག་ད་རུང་གཏན་ཁུལ་མ་བྱུང་བའི་སྐབས་འདིར་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལས་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བསམ་བློ་སྔོན་ལ་གཏོང་དགོས། རང་ཉིད་ཀྱི་བྱས་རྗེས་ཆེད་དུ་མི་རབས་ནས་མི་རབས་བར་བརྗེད་མི་སྲིད་པའི་མི་རིགས་ཤིག་གི་རིག་གནས་རྩ་མེད་གཏོང་མཁན་གྱི་ཉེས་ཅན་ཞིག་ཏུ་འགྱུར་མི་རུང་།  

ང་ཚོ་ནི་བརྡ་འཕྲིན་ཅན། གཞི་གྲངས་ཅན། གོ་ལ་གཅིག་གྱུར་ཅན་གྱི་རྙོག་འཛིང་ཅན་གྱི་དུས་རབས་ཤིག་ཏུ་འཚོ་བཞིན་ཡོད།ཡིན་ན་ཡང་། གྲངས་ཉུང་མི་རིགས་ཀྱིས་འཛམ་གླིང་གི་སྒོ་ཆེན་འབྱེད་བྱེད་ནི་ཕ་སྐད་སློབ་གསོ་ཡིན་པ་ཐེ་ཚོམ་མེད། བོད་ཀྱི་རིག་གནས་ལ་འཛམ་གླིང་ཐོག་ཏུ་གདན་ཐོབ་ངེས་ཅན་ཞིག་དགོས་ངེས།  (གུས་པ་སློབ་གསོ་ལས་དོན་བསྒྲུབ་མཁན་མིན་པས་རྒྱ་ཡིག་ནང་མི་འོས་བ་ཡོད་ན་བཟོད་པར་གནངས།) 

རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ལག་བསྟར་བྱ་རྒྱའི་སློབ་གསོའི་ལམ་ལུགས་གཉིས་གཏན་འབེབས་བྱས་ཡོད། སློབ་གསོའི་ལམ་ལུགས་དང་པོ་ནི་རྒྱ་ཡིག་“གནས་ཚད་མི་ལེགས་”སའི་ས་ཁུལ་ཁག་ཏུ་ལག་བསྟར་བྱ་རྒྱུ་དང་དེའི་ནང་དུ་རྒྱའི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་དག་ཚང་མ་ས་གནས་མི་རིགས་རང་གི་སྐད་ཡིག་ལམ་ནས་སློབ་ཁྲིད་བྱ་རྒྱུ་དེ་རེད། 

སློབ་གསོའི་ཐབས་ལམ་གཉིས་པ་ཟེར་བ་ནི་“རྒྱ་སྐད་ཅུང་ལེགས་པའི་”ས་ཁུལ་ཁག་ཏུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། དེར་མི་རིགས་རང་གི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་དག་ཚང་མ་རྒྱ་ཡིག་གི་ལམ་ནས་ཁྲིད་དེ་རྒྱ་ཡིག་གཙོ་བོ་དང་མི་རིགས་རང་གི་སྐད་ཡིག་ཕལ་བ་ལྟ་བུར་གྱུར་ཡོད། 

འདས་པའི་དཔྱད་ཞིབ་ཀྱི་གྲུབ་དོན་མང་པོས་བོད་ཀྱི་སློབ་མ་ཚོར་ཕ་སྐད་སློབ་གསོ་ལ་དགའ་མོས་ཆེ་བ་ཡོད་པ་བསྟན་ཡོད་ལ་ཕྱི་ལོ་ ༡༩༩༠ ལོར་བཏོན་པའི་རྒྱ་ནག་གཞཱུང་འབྲེལ་གྱི་དཔྱད་ཞིབ་སྙན་ཐོ་ལས་ཀྱང་བོད་ཕྲུག་ཚོས་ཚཉ་རིག་སོགས་ཀྱི་སློབ་ཚན་རྣམས་བོད་ཀྱི་སྐད་ཡིག་གི་ལམ་ནས་ཁྲིད་པར་སྦྱངས་འབྲས་ལེགས་པ་ཡོད་པའི་གྲུབ་དོན་བཏོན་ཡོད། 

དཔྱད་ཞིབ་ཀྱི་བསྟན་དོན་དང་མི་མང་གི་འདོད་མོས་ལ་མ་བལྟོས་པར་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཆ་ལྷག་མ་ཕལ་ཆེ་བར་སློབ་གསོའི་ཐབས་ལམ་གཉིས་པ་འདི་ཉིད་ལག་བསྟར་བྱེད་བཞྀན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་གཙོ་བོར་འཛིན་མཁན་གྱི་སློབ་གྲྭ་ཁག་ལ་གནོན་ཤུགས་འདྲ་མིན་སྤྲོད་བཞིན་ཡོད། དཔེར་ན། ན་ནིང་ཕྱི་ཟླ་ ༤ པའི་ནང་དུ་རྫ་ཆུ་ཁའི་སྒེར་བཙུགས་སློབ་གྲྭ་ཚང་མ་སྒོ་བརྒྱག་ཏུ་བཅུག་ཏུ་སློབ་ཕྲུག་ཡོད་ཚད་སློབ་གསོའི་ཐབས་ལམ་གཉིས་པ་ལག་བསྟར་བྱེད་བཞིན་པའི་གཞཱུང་གི་སློབ་གྲྭ་ཁག་ཏུ་གཏོང་དགོས་པའི་བཙན་བཀའ་བཏང་ཡོད།  

ཁམས་སྐྱེ་རྒུ་མདོའི་རྫ་སྟོད་རྫོང་དུའང་དེ་དང་གཅིག་མཚུངས་ཀྱི་བཀོད་ཁྱབ་ཅིག་བཏང་འདུག བཀོད་ཁྱབ་དེའི་ནང་དུ་ཕྱི་ལོ་ ༢༠༡༧ ནས་༢༠༢༣ བར་སློབ་ལོ་ཟིན་པའི་བྱིས་ཚོ་གཞུང་བཙུགས་སློབ་གྲྭར་མ་བསྐྱལ་བ་ཡིན་ན་གཞུང་ཕྱོགས་ཀྱི་རོགས་སྐྱོར་ཚང་མ་མཚམས་གཅོད་པ་དང་ཁྱིམ་བདག་ལའང་ཉེས་ཆད་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག ཡིག་ཆེ་དེའི་སྟེང་དུ་བྱིས་པའི་ཕ་མ་ཚོས་ “འོས་འགན་སློབ་གསོའི་བཅའ་ཁྲིམས་”འགན་སྲུང་ཆེད་རང་གི་བུ་ཕྲུག་གཞཱུང་བཙུགས་སློབ་གྲྭ་བསྐྱལ་རྒྱུའི་ངོས་ལེན་གྱི་མིང་རྟགས་འགོད་དུ་བཅུག་ཡོད་པ་དང་། མིང་རྟགས་མི་འགོད་མཁན་ཚོར་ཁྲིམས་ཆད་འབྱུང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པའི་གནས་ཚུལ་བྱུང་འདུག བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན་བོད་ཕྲུག་བརྒྱ་ཆ་ ༨༠ ལྷག་གཞུང་བཙུགས་སློབ་གྲྭའི་ནང་དུ་བསྐྱལ་ཟིན་ཡོད་པ་དང་སློབ་མའི་ཁྱིམ་བདག་ཚོ་བཙན་ཤེད་ཀྱི་ངོས་ལེན་མིང་རྟགས་འགོད་དུ་བཅུག་སྟེ་ལྷག་མ་བརྒྱ་ཆ་ ༢༠ ཡང་འདི་ལོའི་ལོ་མཇུག་བར་དུ་གཞུང་བཙུགས་སློབ་གྲྭར་བསྐྱལ་རྒྱུ་ཡིན་ཚུལ་བཤད་སོང་།  

to top