བོད་ཀྱི་སོ་ནམ་ལོ་གསར་གྱི་སྤྲོ་ཚོགས་ཁར་ནང་པའི་ཆོས་དར་བཙུགས་པས་གོ་སྒྲིག་པ་འཇུ་བཟུང་བཀག་ཉར་དང་ཉེས་ཆད་བཏང་འདུག 

དགེ་དཔལ་སོགས་ཀྱིས་གོ་སྒྲིག་ཞུས་པའི་མུ་དགེ་ཡུལ་ཚོའི་ལོ་གསར་སྤྲོ་ཚོགས་ཀྱི་ཡུལ་དངོས།

རྒྱ་གཞུང་ཉེན་རྟོག་པས་བོད་ཀྱི་སློབ་ཆེན་སློབ་མ་ཞིག་སོ་ནམ་ལོ་གསར་གྱི་སྤྲོ་ཚོགས་སྐབས་སུ་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་མ་བཤམས་པར་དེའི་ཚབ་ཏུ་ནང་པའི་ཆོས་དར་བཙུགས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་འཇུ་བཟུང་བཀག་ཉར་དང་དངུལ་ཆད་ཆེན་པོ་བཅད་འདུག 

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་མདོ་སྨད་རྔ་བ་དམུ་དགེ་ཡུལ་ཚོ་ནས་ཡིན་པའི་སློབ་ཆེན་སློབ་མ་དགེ་དཔལ་ཟེར་བ་ཞིག་ཕྱི་ཟླ་ ༡ པོའི་ཚེས་ ༢༤ ཉིན་རང་ཁྱིམ་ནས་འཇུ་བཟུང་བྱས་ཡོད་པ་དང་རྒྱ་སྒོར་ཁྲི་ལྔ་ཡི་དངུལ་ཆད་བཅད་དེ་ཕྱི་ཚེས་ ༢༦ ཉིན་རྒྱབ་གློད་བཀྲོལ་བཏང་འདུག་ཀྱང་མུ་མཐུད་བདུན་ཕྲག་རྟག་པར་‘ཆབ་སྲིད་ཀྱི་སློབ་གསོ་’ཟེར་བར་བཅར་དགོས་པའི་བཙན་བཀའ་བཏང་འདུག 

སོ་ནམ་ལོ་གསར་ཚེས་གསུམ་ཉིན་དམུ་དགེ་ཡུལ་ཚོ་ནས་དུས་རྒྱུན་ལྟར་སློབ་ཆེན་སློབ་མ་ཚོས་ལོ་གསར་སྤྲོ་ཚོགས་གོ་སྒྲིག་བྱེད་སྲོལ་ཡོད་པ་ལྟར་ད་ལོ་དགེ་དཔལ་ནི་གོ་སྒྲིག་བྱེད་མཁན་གཙོ་བོ་ཞིག་ཡིན་པ་རེད། ལོ་གསར་སྤྲོ་ཚོགས་སྤེལ་སའི་ཡུལ་དངོས་ཀྱི་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་སྒྲིག་གཤོམ་མ་བྱས་པར་དེའི་ཚབ་ལ་ནང་པའི་ཆོས་དར་བཙུགས་ཡོད་པར་བརྟེན་རྒྱ་གཞུང་ཉེན་རྟོག་པས་དགེ་དཔལ་ནི་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཡིན་ཚུལ་དང་དར་ཆ་དེ་ནི་བོད་ཀྱི་རྒྱལ་དར་ཡིན་ཚུལ་བཤད། དགེ་དཔལ་གྱིས་དར་ཆ་དེ་ཉིད་ཞི་བདེ་མཚོན་བྱེད་ཀྱི་ནང་པའི་ཆོས་དར་ཞིག་ཡིན་པ་མ་གཏོགས་ཆབ་སྲིད་དང་རྒྱབ་ཁབ་སོགས་ལ་འབྲེལ་བ་རྩ་བ་ནས་མེད་ཅེས་གསལ་བཤད་བྱས་ཡོད་པ་རེད། 

ནང་པའི་ཆོས་དར།

རྒྱ་གཞུང་ཉེན་རྟོག་པས་རྗེས་ཕྱོགས་ལོ་གསར་སྤྲོ་ཚོགས་ཚོགས་སྐབས་ངེས་པར་དུ་རྒྱ་ནག་གི་རྒྱལ་དར་སྒྲིག་གཤོམ་དགོས་པ་དང་རྒྱ་སྐད་ཁོ་ནའི་ལམ་ནས་མདོ་འཛིན་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་པར་དགེ་དཔལ་གྱིས་ཁས་ལེན་བྱས་མེད་པ་རེད། ལོ་སར་སྤྲོ་ཚོགས་དེའི་ཁར་རྒྱ་ནག་གི་རྒྱལ་དར་མ་བཤམས་པ་དང་ཁ་བྱང་རྣམས་བོད་ཡིག་རྐྱང་པ་ཡིན་པ། གླུ་གཞས་འཁྲབ་སྟོན་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་པ་ལ་བསྟོད་གླུ་མེད་པ་མ་ཟད་བོད་གཞས་རྐྱང་རྐྱང་ལས་རྒྱ་གཞས་གཅིག་ཀྱང་མེད་པ་སོགས་རྒྱུ་མཚན་དུ་བགྲངས་ནས་དགེ་དཔལ་ལ་གོང་གསལ་ལྟར་ཉེས་ཆད་བཅད་འདུག 

དགེ་དཔལ་ལགས་ཀྱིས་ལོ་གསར་སྤྲོ་ཚོགས་སོགས་རྒྱ་སྐད་ཁོ་ནའི་ཐོག་ནས་མདོ་འཛིན་དང་འཁྲབ་སྟོན་བྱེད་མི་ཐུབ་པའི་རྒྱུ་མཚན་ནི་ཡུལ་མི་འབྲོག་པ་མི་མང་གིས་བོད་ཀྱི་ཕ་སྐད་མ་ཡིག་ལས་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པ་དང་དགའ་དགའ་སྤྲོ་སྤྲོ་ཡི་སྤྲོ་ཚོགས་དེ་ཆབ་སྲིད་སློབ་ཚན་གོ་དཀའ་བ་ཞིག་བྱས་ན་ཡོང་གི་མ་རེད་ཅེས་བཤད་པ་ལ་རྒྱ་གཞུང་གིས་སྐད་ཆ་དེ་ནི་‘ཏང་ལ་བློ་དཀར་’མིན་པའི་རྟགས་ཡིན་ཚུལ་བཤད་འདུག 

འདི་ག་ལྟེ་གནས་ཁང་གིས་འབྲེལ་ཡོད་རྒྱ་གཞུང་ཉེན་རྟོག་པས་དགེ་དཔལ་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཇུ་བཟུང་བཀག་ཉར་བྱས་པ་དང་དངུལ་ཆད་ལྗི་མོ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། སྤྱི་པའི་འདུ་འཛོམས་ཁར་ནང་པའི་ཆོས་དར་སྒྲིག་གཤོམ་བྱེད་པར་བཀག་བསྡོམས་དང་ཉེས་ཆད་གཏོང་བ་ནི་ཆོས་དད་རང་དབང་རྡོག་རོལ་གཏོང་བའི་ཚབས་ཆེའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་ICCPRཀྱི་དོན་ཚན་ ༡༨(༡)དང་ཆོས་ལུགས་དད་མོས་ཐད་གུ་དོག་དང་དབྱེ་འབྱེད་རང་བཞིན་ཅན་གྱི་བྱ་སྤྱོད་མཐའ་དག་འགོག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་བསྒྲགས་ the UN Declaration on the Elimination of All Forms of Intolerance and of Discrimination Based on Religion or Beliefཀྱི་དོན་ཚན་༡(༡)སོགས་དང་ཡོངས་སུ་འགལ་བ་ཡིན། 

དེ་བཞིན་བོད་མིའི་འདུ་འཛོམས་དང་སྤྲོ་ཚོགས་སོགས་ཀྱི་ཁར་རྒྱ་ནག་གི་སྐད་ཡིག་ངེས་པར་སྤྱོད་དགོས་པའི་བཙན་ཤེད་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཆིངས་དང་རྒྱ་ནག་རང་གི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན། སྐད་ཡིག་ནི་མི་ཞིག་གི་རིག་གཞུང་གི་ངོ་བོ་མཚོན་བྱེད་དང་ཆོས་ལུགས་ཉམས་ལེན་གྱི་ལྡེ་མིག་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན་བོད་མི་ཚོར་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཚུལ་བཞིན་བཀོལ་སྤྱོད་བྱ་རྒྱུའི་རང་དབང་མི་སྟེར་བ་ནི་དོན་ལ་བོད་མིའི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་དང་ཆོས་ལུགས་ཉམས་ལེན་ལ་ཐད་ཀར་འགོག་རྐྱེན་བཟོས་པ་ཞིག་ཡིན་པས་དེའི་རིགས་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས། 

to top