བཙོན་འཇུག་མནར་གཅོད་ཀྱི་རྐྱེན་པས་སྐུ་གཤེགས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ལ་མནར་གཅོད་གཏོང་མཁན་ཚོར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། 

མདོ་སྨད་བླ་བྲང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་འཇིགས་མེད་རྒྱ་མཚོ་ལགས་ལ་རྒྱ་ནག་གཞུང་གིས་སྔ་ཕྱིར་བཙོན་ཁང་དུ་མནར་གཅོད་དྲག་པོ་བཏང་བར་བརྟེན་ཕྱི་ལོ་ ༢༠༡༦ ལོར་གློད་གྲོལ་བཏང་བ་ནས་བཟུང་སྙུང་གཞི་བསྟུན་མར་བཞེས་མཐར་ཁ་སྔོན་ཟླ་འདིའི་ཚེས་ ༢ ཉིན་ཕ་ཡུལ་ཕུག་སྡེའི་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག   

འཇིགས་མེད་རྒྱ་མཚོ་ལགས་ནི་རྒྱ་ནག་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་ཡུན་རིང་བཅུག་ནས་མི་སྤྱོད་ལས་བརྒལ་བའི་མནར་གཅོད་བཏང་མཐར་སྐུ་གཟུགས་གཅོང་ནད་ཅན་དུ་བསྒྱུར་ཏེ་འདས་གྲོངས་སུ་གྱུར་མཁན་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་མང་དག་ཅིག་ཡོད་པའི་ནང་ནས་གཅིག་རེད། 

འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་“བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་ཕྱིར་དུ་དཀའ་སྡུག་མནར་གཅོད་ཇི་ཙམ་མྱངས་ཀྱང་འཇིགས་ཞུམ་སྤུ་ཙམ་མེད་པར་སྔར་ལས་ལྷག་པའི་སྙིང་སྟོབས་བསྐྱེད་དེ་རྒྱ་ནག་གཞུང་གི་སྡུག་རྩུབ་ཆེ་བའི་བསམ་སྦྱོར་དམར་རྗེན་དུ་ཐེར་འདོན་གནང་ཐུབ་མཁན་གྱི་དཔའ་བོ་ཞིག་ཡིན་པས་ཁོང་ཉིད་འདི་ལྟར་ང་ཚོ་དང་གཏན་དུ་གྱེས་པར་བློ་ཕམ་ཚད་མེད་སྐྱེས་བྱུང་།  ཁོང་གི་འདས་རྐྱེན་ནི་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་བཏང་བ་མ་ཟད་དུས་ལྟར་སྨན་ཁང་ཚད་ལྡན་ལ་བསྟེན་གཏུག་བྱེད་མ་བཅུག་པ་སོགས་དང་ཐར་ཀར་འབྲེལ་བ་ཡོད་པས་ཁོང་ལ་འདས་རྐྱེན་བྱུང་བའི་གནད་དོན་འདི་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་འགན་ཁུར་དགོས་པ་ཡིན།  ང་ཚོས་རྒྱ་ནག་གཞུང་ངོས་ནས་གང་མགྱོགས་ཁོང་གི་འདས་རྐྱེན་པ་ཕྱི་གསལ་ནང་གསལ་གྱི་བརྟག་དཔྱད་བྱས་ཏེ་ཁོང་ལ་ཁྲིམས་མེད་ལུགས་མེད་ཀྱི་མནར་གཅོད་གཏོང་མཁན་གྱི་ཉེས་ཆེན་གཏེ་པོར་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་འཇིགས་མེད་རྒྱ་མཚོ་ལགས་ལྟ་བུའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་ཆེད་དུ་སྡུག་སྦྱོང་མནར་གཅོད་མྱངས་ཤིང་སྐུ་སྲོག་ཤོར་བཞིན་པའི་བོད་མི་ཚོའི་བློས་གཏོང་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་རྒྱ་གཞུང་ལ་ནུས་པ་ལྡན་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།”ཞེས་གསུངས། 

མནར་གཅོད་འོག་གི་བཙན་ཤེད། 

ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༠ ཉིན་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པ་དེ་ནི་ཁོང་ཉིད་འཇུ་ཐེངས་བཞི་པ་ཡིན་ཞིང་ལོ་གསུམ་ལ་གསང་བའི་འོག་བཀག་ཉར་བྱས་རྗེས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༩ པའི་ཚེས་ ༥ ཉིན་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་འོག་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ།  རྒྱ་ནག་ལན་ཀྲུ་གྲོང་ཁྱེར་ཏཱ་ཞ་ཕིན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། འཇུ་བཟུང་བཀག་ཉར་དེའི་རིང་རྒྱ་གཞུང་གིས་ཁོང་ཉིད་ལ་ཉེས་མེད་ཉེས་འགལ་གྱིས་ནག་ཉེས་ངོས་ལེན་དགོས་པའི་བཙན་ཤེད་བཏང་སྟེ་མནར་གཅོད་ཚད་མེད་བཏང་ཡོད་པ་ཁོང་གིས་ཕྱག་བྲིས་གནང་བའི་བདེན་དཔང་ཚིག་ཐོར་གསལ། 

ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ཚེས་ ༢༦ ཉིན་བྲིས་པའི་ཕྱག་བྲིས་ནང་དུ་“མདོར་ན་བཙན་པོའི་ཁྲོ་གཉེར།  གཡོ་སྒྱུའི་བཅོས་འཛུམ་སོགས་ཀྱི་ཐབས་སྣ་ཚོགས་ཤིག་བེད་སྤྱོད་པ་ལ་བྱང་ཆ་དེ་ལྟར་མངའ་བ་རེད་ཨང་། དེ་ལྟ་བུའི་ལམ་ནས་རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་གཏོང་བ་ལས་གཞན་དུ་ང་ཚོར་ནག་ཉེས་ཀྱི་ཞྭ་མོ་གང་ཆེ་གང་ལྕི་བཟོས་ཏེ་ཁྲིམས་ལ་སྦྱར་ནས་མ་བྱས་པ་མང་པོ་ཞིག་ཁས་ལེན་དགོས་པའི་སྐུལ་མ་ནན་ཏན་དུ་བཏང་སྟེ་ང་ཚོ་ཤི་མིན་རོ་མིན་གྱི་བེམ་གཟུགས་ཙམ་དང་། ཡང་ན་འཇིག་རྟེན་འདི་ནས་རྩ་མེད་དུ་གཏོང་བའི་ལས་སྦྱོར་ཡང་མུ་ནས་མུར་བརྩམས་པ་རེད།”ཅེས་འཁོད་འདུག་ཅིང་ད་དུང་ཁོང་གིས་སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ། རེ་བ་དང་གསོན་ཤུགས་སོགས་ཉམས་སོང་བ་ཡིན་ན་རྒྱ་ནག་གི་“འདོད་ཐོག་ལ་རྟ་རྒྱུགས་”པ་ཡིན་པས་རྒྱ་གཞུང་གིས་ཁོང་ཉིད་ཕམ་ཉེས་གཏོང་བྱེད་ཀྱི་ཐབས་ལམ་ཅི་ཞིག་སྤྱད་ཀྱང་ཁོང་གི་དམ་བཅའ་ལ་འགྱུར་བ་མེད་པ་མ་ཟད་མནར་གཅོད་དེ་དག་གིས་རང་ལ་བདེན་པ་དང་གནས་ལུགས་ཀྱི་ཆེད་དུ་སྔར་ལས་ལྷག་པའི་སྟོབས་ཤུགས་དང་ནུས་མཐུ།  སྙིང་རུས།  བཟོན་བསྲན་སོགས་བསྩལ་ཡོད་པ་འཁོད་འདུག 

སྨན་བཅོས་ལ་འགོག་རྐྱེན་བཟོས་པ། 

འཇིགས་མེད་རྒྱ་མཚོ་ལགས་ལ་ཡུན་རིང་མནར་གཅོད་བཏང་མཐར་སྐུ་གཟུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡང་ཁོང་ལ་བཙོན་ཁང་ནས་དུས་ལྟར་སྨན་བཅོས་མ་བྱས་པ་མ་ཟད་བཙོན་གྲོལ་ཐོབ་པའི་རྗེས་སུའང་ཁོང་གི་ཐོབ་ཐང་ལག་ཁྱེར་སོགས་ཕྱིར་མ་སྤྲད་པར་བརྟེན་ཚད་ལྡན་གྱི་སྨན་ཁང་ལ་བསྟེན་གཏུག་བྱ་རྒྱུར་འགོག་རྐྱེན་མང་པོ་བཟོས་འདུག    

ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡ ཚེས་ ༢༥ ཉིན་བཙོན་ཁང་དུ་ནང་མིར་ཐུག་འཕྲད་བྱུང་སྐབས་འཇིགས་མེད་རྒྱ་མཚོ་ལགས་ཀྱིས། “ང་རང་སྨན་ཁང་ལ་འཁྲིད་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག་པས། དེ་ལ་དོ་སྣང་བྱོས།”ཞེས་དངོས་སུ་ཁོང་གི་ནང་མིར་བཤད་ཡོད་པ་དང་ ༢༠༡༦ ཕྱི་ཟླ་ ༣ པའི་ཟླ་མགོར་བཙོན་ཁང་གི་འབྲེལ་ཡོད་མི་སྣས་ཁོང་ཉིད་ལན་ཀྲིག་ཏཱ་ཞཱ་ཕིན་བཙོན་ཁང་གི་སྨན་ཁང་ནང་ཁྲིད་ཡོད་པའི་གནས་ཚུལ་ཞིག་ནང་མིར་ཁ་པར་བརྒྱུད་བརྡ་ལན་འབྱོར་ཡོད་འདུག  རྒྱ་ནག་གཞུང་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་འབུར་འཇོམས་གཏོང་ཆེད་དུ་བཙོན་གྲོལ་མ་བཏང་སྔོན་ཙམ་ནས་སྨན་ཁང་དུ་ཁྲིད་དེ་དུག་ཁབ་བརྒྱབས་ནས་གཟུགས་པོ་གཅོང་ནད་ཅན་དུ་བསྒྱུར་གྱི་ཡོད་པའི་གནས་ཚུལ་བྱུང་ཡོད་པར་བརྟེན་ཁོང་ཉིད་སྐབས་དེར་གློ་བུར་དུ་སྨན་ཁང་ལ་ཁྲིད་པ་དེར་ནང་མི་ཉེ་འབྲེལ་ཚོས་བློ་འཚབ་དང་དོགས་སྣང་ཆེན་པོ་བྱས་འདུག 

ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༠ པའི་ཚེས་ ༢༦ ཉིན་གྱི་དགོང་མོར་ཁོང་ཉིད་གློད་གྲོལ་བཏང་ཡོད་ཅིང་གློད་གྲོལ་བཏང་བའི་ཉིན་བཅུ་གྲངས་ཤིག་གི་རྗེས་ཏེ་སྤྱི་ལོ་༢༠༡༦ལོའི་ཟླ་༡༡ཚེས་༡༡ཉིན་ཁོང་གཟུགས་གཞིར་བརྟག་དཔྱད་ཆེད་ལན་ཀྲུའུ་གྲོང་ཁྱེར་དུ་ཕྱིན་ཡོད་པ་དང་། དེ་གའི་བརྟག་དཔྱད་ཁང་ནས་རྗེས་སུ་ནད་རྟགས་ཐོན་གསལ་ལྟར་ན། ཟ་ཁུ་གཅིན་སྙི་ནད་དང་།  སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བ། མིག་ནད་བཅས་ན་ཚ་ཁག་ཅིག་ཡོད་ཚུལ་བཤད་འདུག 
རྗེས་སུ་རིམ་པས་ཨ་ཁུ་འཇིགས་མེད་ཁོང་གི་མིག་ནང་ཁྲག་བབས་ཏེ་དམར་པོ་གྱུར་བ་དང་། མགོ་ན་བ་སོགས་གཟུགས་ཁམས་ཧ་ཅང་མི་བདེ་བ་བྱུང་བར་བརྟེན་སྤྱི་ལོ་༢༠༡༦ ལོའི་༡༢པའི་ཚེས་༢༦ ཉིན་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་ཅིག་བྱས་རྗེས། སྨན་ཁང་གིས་ན་ཚ་ཚབས་ཆེན་རེད་འདུག་པས་ངེས་པར་སྨན་ཁང་ནང་འདུག་དགོས་ཚུལ་བཤད་པ་ལྟར་ད་ལྟ་རྫོང་སྨན་ཁང་ནང་གནས་སྤོར་བྱས་འདུག

མནར་གཅོད་ཀྱི་བདེན་དཔང་ཚིག་ཐོ།

ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༢༢ ཉིན་འཇིགས་མེད་རྒྱ་མཚོ་ལགས་བླ་བྲང་བསང་ཆུ་རྫོང་གི་ཞི་བའི་སྒེར་ལངས་ཀྱི་གོ་སྒྲིག་བྱེད་མཁན་ཡིན་ཚུལ་བརྗོད་ནས་འཇུ་བཟུང་བྱས་སྐབས་ཁོང་ཉིད་ལ་བཀག་ཉར་ཁང་དུ་འདྲི་བརྩད་དང་མནར་གཅོད་ཚད་མེད་གཏོང་བའི་སྐོར་གྱི་དངོས་ཡོད་གནས་ཚུལ་བརྙན་ལམ་ནས་འགྲེལ་བརྗོད་གནང་ཡོད། 

ཁོང་གིས་བརྙན་ཐུང་དེའི་ནང་དུ་“ཁོང་ཚོས་ང་རང་ཟླ་བ་གཅིག་ལ་བཀག་ཉར་བྱས་སོང་། ཉིན་གཉིས་གསུམ་ལྕགས་དྲྭའི་ནང་བཅུག་པ་དང་ལག་ལྕགས་རྐང་ལྕགས་བརྒྱབས།  གནམ་ལ་དཔྱང་ནས་ནག་ཉེས་འདྲ་མིན་བཀལ་བ་ངེས་པར་དུ་ཁས་ལེན་བྱེད་དགོས་ཞེས་རྡུང་རྡེག་དྲག་པོ་བཏང་ནས་ཐེངས་འགར་དྲན་མེད་དུ་རྒྱལ་བ་བྱུང་།  མ་ཟད་གཟུགས་པོའི་གནས་སྟངས་ཛ་དྲག་བྱུང་སྟེ་མཐར་གློད་གྲོལ་གཏོང་སྐབས་སུ་རྡུང་རྡེག་བྱས་མེད་ཟེར་ནས་རྫུན་བཤད་པ་དང་བཙན་གྱིས་ས་རྟགས་བརྒྱག་ཏུ་བཅུག་སོང་།  གློད་གྲོལ་གྱི་རྗེས་སུ་རང་ཉིད་ད་དུང་རང་ཁྱིམ་དུ་རང་དབང་རྩ་ནས་མེད་པར་དོ་དམ་ནན་པོ་འོག་ཡོད་པ་མ་ཟད་རྒྱ་གཞུང་ཉེན་རྟོག་པས་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་འཇིགས་སྐུལ་ལན་མང་བྱས་སོང་ཡང་བོད་ཆོལ་ཁ་གསུམ་ལ་གཅིག་གྱུར་དུ་མྱོང་བཞིན་པའི་སྡུལ་བསྔལ་དེ་དག་གི་བདེན་དཔང་ཕྱིར་བསྒྲགས་མ་བྱས་པར་ཁོག་ཏུ་ཉར་ནས་འདུག་ཐབས་རྩ་ནས་མི་འདུག་པས་རང་གི་བདེ་འཇགས་བློས་བཏང་སྟེ་དངོས་ཡོད་ཀྱི་གནས་ཚུལ་འདི་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ།”སོགས་གསུངས་འདུག 

རྒྱབ་ལྗོངས་གནས་ཚུལ།

ད་ལོ་དགུང་ལོ་ ༥༦ སོན་པའི་འཇིགས་མེད་རྒྱ་མཚོ་ལགས་ནི་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་པ་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་སྔ་ཕྱིར་ཐེངས་བཞི་འཇུ་བཟུང་བྱས་པའི་ནང་ཐེངས་དང་པོར་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་དུས་འཁོར་དབང་ཆེན་ཞུས་ནས་ཕྱིར་ལོག་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་པ་དང་ ཕྱི་ལོ་ ༢༠༠༨ ལོར་འཇིགས་མེད་རྒྱ་མཚོ་ལགས་བླ་བྲང་བསང་ཆུ་རྫོང་གི་ཞི་བའི་སྒེར་ལངས་ཀྱི་གོ་སྒྲིག་བྱེད་མཁན་ཡིན་ཚུལ་བརྗོད་ནས་ཡང་བསྐྱར་འཇུ་བཟུང་བྱས།  ཟླ་བ་གཅིག་ཙམ་གྱི་རིང་བཀག་ཉར་ཁང་དུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་ནས་དྲན་པ་ལན་མང་བརྒྱལ་བ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་བྱུང་མཐར་གློད་གྲོལ་བཏང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ པའི་ཚེས་ ༤ ཉིན་ཡང་བསྐྱར་འཇུ་བཟུང་བྱས་ཏེ་ ༢༠༠༩ ལོའི་ཟླ་ ༥ པའི་ཚེས་ ༣ ཉིན་མུ་མཐུད་དོ་དམ་འོག་བཀག་ཉར་ཁང་ནས་གློད་གྲོལ་བཏང་། 

to top