བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་རྣམས་ཀྱི་ཉིན་མོ་ཐེངས་སོ་བརྒྱད་པ།

དེ་རིང་འཛམ་གླིང་ཁྱོན་ཡོངས་སུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་རྣམས་ཀྱི་ཉིན་མོ་ཐེངས་ ༣༨ དེ་སྲུང་བརྩི་ཞུ་བཞིན་ཡོད་པས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བོད་ནང་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་གྱི་བོད་མི་རྣམས་དྲན་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་པ་མ་ཟད་རྒྱ་ནག་གཞུང་གིས་ངོས་ནས་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་ངེས་པར་དུ་མཚན་བཀོད་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནོད་འཚེ་འཕོག་མཁན་གྱི་མི་རྣམས་ལ་རྒྱུན་ལྡན་གྱི་བཙོན་པ་ལས་ལྷག་གི་མནར་གཅོད་དྲག་པོ་མྱོང་གི་ཡོད་པ་མ་ཟད་རྒྱལ་སྤྱིའི་ཁྲིམས་ངོས་ནས་སྲུང་སྐྱོབ་ཡོད་པའི་འགྲོ་བ་མིའི་ཚེ་སྲོག་གི་ཐོབ་ཐང་དང་། དངོས་བདེན་ཤེས་རྟོགས་ཀྱི་ཐོབ་ཐང་། ཁྲིམས་རྩོད་ཀྱི་ཐོབ་ཐང་། དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་། མི་ཆོས་དང་མཐུན་པའི་བཀག་ཉར་གྱི་ཐོབ་ཐང་། མནར་གཅོད་དང་གདུག་རྩུབ། མི་ཆོས་ལས་འདས་པའི་བཅུན་ཐབས་སོགས་མྱོང་མི་དགོས་པའི་ཐོབ་ཐང་སོགས་རག་ཐུབ་ཀྱི་མེད། 

རྒྱ་ནག་གཞུང་གིས་གསང་རྒྱ་དམ་པོ་བྱས་མིན་ལ་མ་བལྟོས་པར་འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན་ཉེ་བའི་ལོ་གསུམ་ཙམ་གྱི་རིང་བོད་ནང་གི་བོད་མི་ ༤༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་འདུག

བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་རྩོམ་པའི་སྦྱོར་བ་དག་ནི་གནས་བབ་གང་དུ་ཡང་དམིགས་བསལ་གཏོང་མི་རུང་བའི་ནག་ཉེས་ཡིན།  བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་ ༡(༢) ནང་“དམག་འཁྲུག་དང་རྒྱལ་ཁབ་ཀྱི་སྲིད་དོན་བརྟན་རླིང་།  སྤྱི་ཚོགས་དང་འབྲེལ་བའི་ཛ་དྲག་གི་གནས་བབ་གང་འདྲ་ཞིག་ཡིན་ཡང་དེ་ཉིད་རྒྱུ་མཚན་དུ་བྱས་ནས་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་རིགས་སྤེལ་མི་ཆོག་”པ་བཟོས་ཡོད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ལ་བརྩི་བཀུར་རྩ་ནས་མི་བྱེད་པར་རང་གི་མིག་ནང་ནས་རྒྱལ་ཁབ་ཀྱི་བརྟན་རླིང་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པར་དོག་པའི་མི་རྣམས་ལ་འཇིགས་སྐུལ་དང་འབུར་འཇོམས་བྱེད་པར་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་འདྲ་མིན་བཀོལ་བཞིན་ཡོད་པ་རེད།

ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་དུས་དྲན་ཟེར་བ་ཚོགས་པའི་རྗེས་སུ་“གསར་འགྱུར་རྫུན་མ་དང་དྲྭ་ལམ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་གནོན་”ཟེར་བའི་ལས་འགུལ་སྤེལ་ཏེ་བོད་མི་མང་དག་ཅིག་འཇུ་བཟུང་བཀག་ཉར་བྱས་པ་དང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རྟོག་ཞིབ་རུ་ཁག་གིས་ཕྱི་ལོ་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་རྒྱུན་ལྡན་བཙོན་ཁང་གི་ལོགས་སུ་འཇུ་བཟུང་བྱས་པའི་མི་སྣ་དམིགས་བསལ་བ་ཟུར་དུ་བཀག་ཉར་བྱ་སའི་“གསང་ཞིབ་ས་ཚུགས་”བཙུགས་ཡོད་པའི་གནས་ཚུལ་འཁོད་ཡོད། 

འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་འདི་ག་ལྟེ་གནས་ཁང་ལ་བོད་ཀྱི་གྲྭ་བཙུན་དང་། ཤེས་ཡོན་ཅན། རྩོམ་པ་པོ། ཞིང་འབྲོག་མི་མང་། ས་གནས་འགོ་ཁྲིད། སློབ་ཕྲུག་སོགས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཤིན་ཏུ་མང་པོ་ལག་སོན་བྱུང་ཡོད་པའི་ནང་ནས་ཕལ་ཆེ་བ་“རྒྱལ་ཁབ་བརྟན་རླིང་”དང་“རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་”བཏང་བའི་ཉེས་མིང་འོག་བཙན་ཁྲིད་བྱས་ཡོད་པ་རེད།

ཉེ་དུས་བོད་ནང་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་གསར་ཤོས་ཤིག་ནི་ཕྱི་ལོ་ ༢༠༡༩ ལོར་ནག་ཆུ་ས་ཁུལ་རྟར་ཆེན་སྡེ་པར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་བཙན་དབང་གིས་རྒྱལ་གཅེས་སློབ་གསོ་སྤྲད་པར་ངོས་ལེན་མ་བྱས་པར་བརྟེན་བོད་མི་ནོར་བཟང་ལགས་དང་ལྷ་དར་ལགས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད། འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་ལྔ་པའི་ནང་ཁོང་རྣམ་གཉིས་ཀྱི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྟོག་ཞིབ་རུ་ཁག་ལ་སྙན་འབུལ་ཞུས་ཡོད་ཅིང་། རྟོག་ཞིབ་རུ་ཁག་དེ་ཡིས་ཚོགས་དུས་ ༡༢༢ པའི་སྟེང་དུ་གནས་ཚུལ་ལ་དཔྱད་ཞིབ་བྱས་མཐར་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༢ ཉིན་རྒྱ་ནག་གཞུང་ལ་ཁོང་རྣམ་གཉིས་ཀྱི་གནས་སྟངས་སྐོར་ཕྱི་གསལ་ནང་གསལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཤེས་རྟོགས་བྱུང་བ་ལྟར་ན་ནོར་བཟང་ལགས་འཇུ་བཟུང་བྱས་ནས་བདུན་ཕྲག་གཅིག་ཙམ་ལས་མ་སོང་བར་བཙོན་ཁང་དུ་གྲོངས་ཡོད་ཅིང་ཁོང་ལ་བཙོན་ཁང་དུ་མནར་གཅོད་དྲག་པོ་ཐེབས་ཡོད་པའི་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བྱུང་། 

འདི་ལྟར་བོད་མི་རྣམས་འཇུ་བཟུང་དང་བཙོན་དུ་འདས་གྲོངས་སོང་བའི་གནས་ཚུལ་རྣམས་ཟླ་བ་མང་པོ་རྗེས་ནས་མ་གཏོགས་ཤེས་རྟོགས་མི་ཐུབ་པ་གྱུར་ཡོད་ལ་ད་དུང་བོད་མི་མང་དག་ཅིག་མུ་མཐུད་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད། 

ཁ་སྔོན་རེས་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ནས་འཛམ་གླིང་རྒྱལ་ཁབ་ཡོངས་ལ་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་མཚན་བཀོད་ལག་བསྟར་བྱ་དགོས་པའི་རེ་སྐུལ་གནང་བར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ལྷག་པར་དུ་རྒྱ་ནག་གཞུང་གི་ངོས་ནས་ངེས་པར་དུ་ལག་བསྟར་བྱ་དགོས།  རྒྱ་ནག་གཞུང་གིས་རྒྱལ་ཁབ་བརྟན་རླིང་ལ་ཁག་གཡོག་ནས་རྒྱ་ནག་གི་ཉེས་དོན་ཁྲིམས་ཡིག་གི་དོན་ཚན་ ༧༣ དང་ ༨༣ པར་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་ནི་ཁྲིམས་དང་མཐུན་པ་བཟོས་ཡོད་པས་འདི་ནི་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཡིན། 

འདི་ག་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ལ་བརྩི་བཀུར་བྱས་ཏེ་བོད་ནང་དུ་བཙན་དབང་འོག་གར་སོང་ཆ་མེད་གྱུར་བའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་ཁོང་ཅག་གི་གནས་བབ་གང་ཅིའི་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top