བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སླར་ཡང་བོད་ཀྱི་སྐད་ཡིག་གི་གནས་བབ་གླེང་སློང་བྱས་པས་འདྲི་རྩད་བྱས་འདུག

བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ལོ་ལྔ་ཡི་དུས་བཀག་བཙོན་འཇུག་གྲུབ་ནས་ལོ་གཅིག་མ་ཟིན་ཙམ་གྱི་གོང་དུ་ཁོང་གིས་བོད་ཁུལ་གྱི་སྲིད་གཞུང་དང་སློབ་གྲྭ་སོགས་སུ་རྒྱ་ནག་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ལྟར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཇེ་ཆེར་གཏོང་དགོས་ཚུལ་གྱི་ཡར་ཞུ་ཞུས་པར་བརྟེན་སླར་ཡང་ཡུལ་ཤུལ་གྲོང་ཁྱེར་ཉེན་རྟོག་པས་འབོད་འགུག་བྱས་ཏེ་ཆུ་ཚོད་གསུམ་མ་ཟིན་ཙམ་ལ་འདྲི་རྩད་བྱས་ཡོད་པ་རེད།

བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་བཅའ་ཁྲིམས་ལྟར་པེ་ཅིང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སུ་བོད་མི་ཚོ་ལ་སྐད་ཡིག་གི་ཐོབ་ཐང་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བའི་བརྒྱུད་རིམ་རྣམས་ནེའུ་ཡོག་གསར་ཁང་གིས་དངོས་བཤུས་གློག་བརྙན་དུ་ཕབས་ནས་ཁྱབ་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གིས་དེ་ཉིད་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་ཁོང་ལ་“ཁ་བྲལ་ལ་ངན་སྐུལ་”བྱས་པའི་ཉེས་མིང་འོག་ལོ་ལྔ་ལ་བཙོན་འཇུག་བྱས་མཐར་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་ ༢༧ ཉིན་ལོ་ཁ་གང་ནས་གློད་གྲོལ་ཐོབ། 

སྨྲ་བརྗོད་རང་དབང་ནི་ཐོབ་ཐང་ཀུན་གྱི་ཨ་མ་ཡིན།

ན་ནིང་ལོ་འགོར་ཁོང་ཉིད་བཙོན་གྲོལ་ཐོབ་ཡང་མུ་མཐུད་ལོ་ལྔར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་མ་ཟད་ཁྲིམས་རྩོད་པ་དང་འབྲེལ་གཏུག་བྱེད་བཅུག་མེད་པ་རེད།    ཁོང་ཉིད་བཙོན་གྲོལ་ཐོབ་ནས་ཟླ་བ་དགུ་ཙམ་གྱི་རྗེས་སུ་ཁོང་གིས་སྒེར་གྱི་པོད་འཕྲིན་(Weibo)དྲྭ་གནས་ཤིག་སྒོ་ཕྱེས་ཏེ་དྲྭ་གནས་དེའི་མདུན་ངོས་སུ་“སྨྲ་བརྗོད་རང་དབང་ནི་ཐོབ་ཐང་ཀུན་གྱི་ཨ་མ་ཡིན་”ཞེས་པའི་ཚིག་འབྲི་བཞག་ཡོད་ཅིང་དྲྭ་གནས་དེར་བོད་ནང་གི་བོད་ཡིག་དྲྭ་ཚིགས་མང་པོ་ཞིག་ལྟ་ཀློག་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་དོགས་འདྲི་ཡང་ཡང་བྱས་པའི་བརྙན་པར་མང་དག་ཅིག་ཀྱང་བཞག་འདུག དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་ཁག་དོན་ཚན་རེ་རེ་བཞིན་དྲྭ་གནས་དེར་འགོད་བཞིན་འདུག 

བཀྲ་ཤིས་དབང་ཕྱུག་ལགས་དེ་སྔོན་སྐད་ཡིག་སྲུང་སྐྱོབ་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དུས་ཡུན་རིང་པོར་བཙོན་འཇུག་མནར་གཅོད་མྱངས་བ་ཡིན་ཡང་ཁོང་གིས་ད་དུང་དཔའ་ངར་ཞུམ་མེད་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཟླ་འདིའི་ཚེས་ ༡༢ ཉིན་ཡུལ་ཤུལ་གྲོང་ཁྱེར་འགོ་གཙོ་དང་གྲོང་ཁྱེར་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་ཁུངས་སུ་འཛིན་སྐྱོང་གི་ཕྱི་ནང་དུ་བོད་ཀྱི་སྐད་ཡིག་སྤྱོད་དགོས་པའི་འབོད་སྐུལ་ཞུ་རུ་བཅར་འདུག་ཀྱང་ཁྲིམས་སྲིད་ལས་ཁུངས་ཀྱི་ལས་བྱེད་པས་བཀག་འགོག་བྱས་ནས་བཅར་ཐུབ་མེད་པ་རེད།

ཁ་སྔོན་ཕྱི་ཚེས་ ༡༨ ཉིན་ཁོང་གི་པོད་འཕྲིན་དྲྭ་ངོས་སུ་སྤེལ་བའི་གནས་ཚུལ་ལྟར་ན་དེའི་སྔ་ཉིན་ཏེ་ཕྱི་ཚེས་ ༡༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་ཉིད་འབོད་འགུག་བྱས་ཏེ་ཁོང་ལ་བོད་ཀྱི་སྐད་ཡིག་ལ་སེམས་ཁུར་བྱེད་དགོས་པའི་འགན་འཁྲི་ཅི་ཞིག་ཡོད་ཟེར་བ་སོགས་ཆུ་ཚོད་གསུམ་མ་ཟིན་ཙམ་ལ་འདྲི་རྩད་བྱས་འདུག་ཅིང་ཁོང་གིས་རང་ཉིད་བོད་མི་ཞིག་ཡིན་ཙང་རང་བཞིན་གྱི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འགན་འཁྲི་ཡོད་པ་དང་བདུན་ཕྲག་གཉིས་རེའི་ནང་གྲངས་ཉུང་མི་རིགས་རེ་རེའི་སྐད་ཡིག་རྩ་བརླག་དུ་འགྲོ་བཞིན་ཡོད་པར་བརྟེན་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་མ་བྱས་ཚེ་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཚུལ་སོགས་བཤད་ཡོད་པ་རེད། 

བོད་ཁུལ་གྱི་འགོ་ཁྲིད་རིམ་པ་ཁག་ལ་ཕུལ་བའི་རེ་ཞུའི་ཡི་གེ

དེ་བཞིན་ཚེས་ ༡༡ ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་ལྷན་ཁང་དུ་སོང་ནས་ཡུལ་ཤུལ་ཁུལ་གྱི་སློབ་གྲྭའི་ནང་སློབ་ཚན་རྣམས་བོད་ཡིག་གི་ནང་སློབ་ཁྲིད་བྱེད་དགོས་པའི་བསམ་འཆར་བཏོན་ཡོད་པ་དང་ཚེས་ ༡༥ དང་༡༧ གཉིས་པོར་བོད་ཁུལ་གྱི་འགོ་ཁྲིད་དང་ལས་བྱེད་པ་ཚོར་ཡོངས་ཁྱབ་ཀྱི་འཕྲིན་ཡིག་ཅིག་བྲིས་པ་སྒེར་གྱི་པོད་འཕྲིན་དུ་བཞག་འདུག 

“བོད་ཁུལ་གྱི་འགོ་ཁྲིད་རིམ་པ་ཁག་ལ་ཕུལ་བའི་རེ་ཞུའི་ཡི་གེ་”ཞེས་པའི་ཡོངས་ཁྱབ་འཕྲིན་ཡིག་དེའི་ནང་འཁོད་དོན་“གུས་པར་འོས་པའི་འགོ་ཁྲིད་དང་ལས་བྱེད་པ་རྣམ་པ།   ཁྱེད་རྣམ་པ་བདེ་མོ། ཐོག་མར་ངས་ཏང་དང་ཀྲུང་དབྱང་སྲིད་གཞུང་གིས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་ཆེད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་》དོན་འཁྱོལ་ཡོང་ཐབས་ལ་འབད་འབུངས་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།

གཉིས་པ། བོད་ཁུལ་དུ་ལས་དོན་བསྒྲུབ་བཞིན་པའི་བོད་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་རྣམ་པས་བོད་ཁུལ་གྱི་དགོས་མཁོ་དངོས་དང་འཚམ་པར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་པ་དང་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་བར་བརྩི་འཇོག་དང་བསམ་ཤེས། དེ་བཞིན་སློབ་སྦྱོང་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་“མི་རིགས་འདྲ་མཉམ་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་རྩ་འཛིན་གཅིག་ཏུ་བརྩིས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཏན་འབེབས་གནང་བ་ཡིན། མི་རིགས་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།”ཞེས་གསུངས་བ་དང་།  ད་དུང་ཁོང་གིས་“ངེས་པར་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་དགོས་ལ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་རྟོག་དང་ལེན་བྱེད་པ་དང་། སེམས་ནང་རྟག་ཏུ་མི་སེར་གྱི་བདེ་སྡུག་ལ་བསམ་བློ་གཏོང་བ་དང་། རྒྱུན་དུ་དམངས་ཕྱུག་གི་ཐབས་ཇུས་བཀོད་ནས་ང་ཚོ་ཏང་ལ་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པར་བྱེད་དགོས།  དེ་ལྟར་ང་ཚོའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་རྫོགས་མཐའ་མེད་པའི་སྟོགས་ཤུགས་ཀྱི་འབྱུང་ཁུངས་ཡོད་དགོས།”ཞེས་གསུངས་བ་ལྟར་གོམ་གང་མདུན་སྤོས་ཀྱིས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་ལ། ཐོག་མར་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ལེགས་བྱ་དགོས་པ་དང་། མི་རིགས་རང་སྐྱོང་ས་གནས་སུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་》དོན་དམ་ལག་བསྟར་གང་ལེགས་བྱེད་དགོས།  འགོ་ཁྲིད་དང་ལས་བྱེད་པ།  དམངས་ཚོགས་གསུམ་པོ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་དགོས། ལྷག་པར་དུ་སྒེར་གྱི་དབང་ཆ་བེད་སྤྱད་དེ་སྒེར་གྱི་ཁེ་ཕན་ཆེད་མི་རིགས་མཐུན་སྒྲིལ་གཏོར་བརླག་གཏོང་མཁན་ཁྲིམས་དང་འགལ་རིགས་ལ་རྩད་གཅོད་མཐའ་འདེད་གཏོང་དགོས།

གཉིས་པ།  དེ་ནས་མི་རིགས་ཀྱི་སྲོག་ཤིང་ལྟ་བུའི་སྐད་དང་ཡི་གེ་སྲུང་སྐྱོབ་དང་ད་ལྟའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་གྲྭ་དང་སྲིད་གཞུང་ནང་ཁུལ་དང་ཕྱི་ལོགས་སུ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་བྱེད་པར་ཤུགས་སྣོན་བརྒྱག་དགོས།  མ་ཟད་མི་རིགས་རང་སྐྱོང་ས་ཁུལ་གྱི་འགོ་ཁྲིད་ཚོས་“མི་དམངས་ཀྱི་སེམས་ཁུར་ལ་སེམས་ཁུར་ ”བྱེད་ཐུབ་པ་དགོས།  རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་བྱེད་པར་བོད་ཁུལ་གྱི་ལས་བྱེད་ཚོས་སེམས་གཏིང་ནས་དཀའ་ལས་བརྒྱག་དགོས། དེ་ལྟར་བྱས་ནས་བོད་མི་ཚོས་རྒྱལ་ཁབ་དང་སྲིད་གཞུང་ལ་སེམས་གཏིང་ནས་བཀའ་དྲིན་དྲན་པ་བྱེད་དགོས།    

འོན་ཀྱང་ཡུལ་ཤུལ་སོགས་སུ་མང་ཚོགས་ཀྱིས་སྲིད་གཞུང་གི་ཕྱི་ནང་དུ་བོད་ཡིག་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱག་པ་དང་སློབ་གྲྭར་བོད་ཡིག་གི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱག་པར་འབོད་སྐུལ་ཞུ་ཆེད་ས་གནས་དེ་གའི་སྲིད་གཞུང་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་འཚོལ་དུ་སོང་སྐབས་སྲིད་ཁྲིམས་ཨུ་ཡོན་དང་ཉེན་རྟོག་པ། ཞིབ་དཔྱོད་ཁང་དང་ཁྲིམས་ཁང་སོགས་ཀྱི་འགོ་ཁྲིད་འགས་འབྲེལ་ཡོད་འགོ་ཁྲིད་ལ་ཐུག་འཕྲད་དང་གནས་ཚུལ་ཞུ་བར་བཀག་འགོག་བྱེད་པ་མ་ཟད། ཁོང་ཚོས་ང་ལ་“ཁྱོད་ཀྱིས་ཇུས་གཏོགས་བྱེད་འོས་པ་དེ་བྱོས།  ཇུས་གཏོགས་བྱེད་མི་འོས་པ་དེ་བྱེད་མི་དགོས་”ཟེར་བ་དང་། མཐའ་ན་འགོ་ཁྲིད་ལ་ལས་“བཀྲ་ཤིས།  ཁྱོད་ཀྱིས་མ་འོངས་པར་ཡང་བསྐྱར་བོད་ཀྱི་སྐད་ཡིག་གི་གནད་དོན་སྐོར་ལ་སྐད་ཆ་བཤད་ཀྱི་མ་རེད་པཱ།”ཟེར། ཁོ་ཚོའི་བསམ་བློའི་ནང་བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་བབ་སྐོར་ལ་གྲོས་བསྡུར་བྱས་ན་ཁྲིམས་འགལ་ཉེས་གསོག་གི་བྱ་བ་ཞིག་དང་ཇུས་གཏོགས་བྱེད་མི་འོས་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག   ཁོང་ཚོའི་རྒྱུད་ལ་བསམ་བློ་དེ་འདྲ་ཞིག་ཇི་ལྟར་སླེབས་པ་རེད་དམ། བོད་ཁུལ་གྱི་ལས་བྱེད་དང་འགོ་ཁྲིད་ལ་ལར་མཚོན་ན། བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་བབ་ལ་གྲོས་བསྡུར་བྱེད་པ་ནི་ཁྲིམས་འགལ་ཡིན་པའི་བསམ་བློ་ཞིག་འདུག དེ་ནི་བོད་ཀྱི་སྐད་ཡིག་ལ་མཚོན་ན་ཧ་ཅང་འཇིགས་སུ་རུང་བའི་ཉེན་ཁ་ཞིག་རེད།

ད་རུང་འགོ་ཁྲིད་དང་ལས་བྱེད་པ་ལ་ལས་མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་རྩིས་མེད་ཐོག་རང་གི་དབང་ཆ་སྤྱད་ནས་བོད་ཁུལ་གྱི་སློབ་གྲྭའི་ནང་བོད་ཡིག་གཙང་མའི་སློབ་ཚན་(ཨང་རྩིས། རིག་གནས་ཚན་ཁག། རང་བྱུང་ཚན་ཁག་སོགས་བོད་ཡིག་ཐོག་སློབ་སྦྱོང་བྱེད་པ།)སློབ་ཁྲིད་བཀག་སྡོམ་བྱེད་ཀྱི་འདུག དེ་ནི་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་ཀྱི་དམིགས་ཡུལ་ཞིག་རེད།  མཐའ་ན་སློབ་གྲྭ་ཁ་ཤས་ནང་དུ་འཛིན་གྲྭའི་ནང་སློབ་མས་བོད་སྐད་བཤད་ན་སྐར་མ་༠.༥གཅོག་གི་ཡོད་པའི་གནས་ཚུལ་ཞིག་ཀྱང་འདུག  དེ་མ་ཟད་ཁོ་ཚོའི་མིག་ནང་དུ་བོད་ཁུལ་གྱི་སློབ་གྲྭའི་ནང་གི་སློབ་ཁྲིད་ཀྱི་གནས་ཚུལ་དང་སློབ་གྲྭའི་གནས་ཚུལ་རྣམས་གསང་བ་བྱས་ནས་མི་གཞན་གྱིས་ཤེས་མི་ཆོག་པ་གྱུར་འདུག 

སློབ་གྲྭ་ཞིག་གི་སློབ་སྤྱིས་ང་ལ་དངོས་སུ་བརྗོད་དོན། “སློབ་གྲྭ་གཞུང་གིས་བཙུགས་པ་རེད། སློབ་གྲྭའི་ནང་གི་གནས་ཚུལ་རྣམས་ལ་ཕྱི་ལོགས་ཀྱི་མིས་དོགས་འདྲི་བྱེད་ཆོག་གི་མ་རེད།” ངས་ཁོང་ལ་“སློབ་གྲྭའི་ནང་ཕྱི་ལོགས་ནས་ཤེས་མི་ཆོག་པའི་གནས་ཚུལ་ཡོད་པ་རེད་དམ་”ཞེས་དྲིས་པས་ཁོང་གིས་“ཡོད་རེད། དེ་མི་འགྲིག་ག་རེ་ཡོད་རེད།”ཅེས་ལན་བཏབ་བྱུང་།  

དེ་བཞིན་བོད་ཁུལ་དུ་ལས་ཀ་བྱེད་བཞིན་པའི་འགོ་ཁྲིད་ལ་ལས་གཞུང་ཞབས་ལས་ཀར་ཞུགས་པར་རྒྱ་ཡིག་གི་ལམ་ནས་ཡིག་རྒྱུགས་གཏོང་དགོས་པ་བཟོས་འདུག། དེ་ནི་འཚོ་བའི་ཁེ་ཕན་གྱི་ཆེད་དུ་བོད་ཡིག་གི་སློབ་སྦྱོང་རང་བཞིན་གྱིས་དོར་དགོས་པར་བསླུ་བྲིད་བྱས་ནས་རང་ཉིད་ཀྱི་ཡང་དག་པར་འདོད་པའི་དམིགས་ཡུལ་དེ་སྒྲུབ་བཞིན་འདུག  

གོང་ཞུས་འགོ་ཁྲིད་དེ་དག་གི་སྤྱོད་ཚུལ་ནི་ཏང་དང་སྲིད་གཞུང་གི་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལམ་ཕྱོགས་དང་འགལ་བ་མ་ཟད།  བོད་མི་ཚོའི་སེམས་སུ་གནོད་པ་ཆེན་པོ་གཏོང་བཞིན་འདུག  ​དེ་ལས་ཀྱང་གནད་འགག་ཆེ་བ་ཞིག་ལ་ཁོང་ཚོའི་བསམ་སྦྱོར་དེས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་ལ་གཏོར་བརླག་ཚབས་ཆེན་གཏོང་བཞིན་འདུག  

དེར་བརྟེན་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་པ་རྣམ་པར་བོད་ཁུལ་དུ་སྲིད་གཞུང་གི་ཕྱི་ནང་འཛིན་སྐྱོང་དང་ལས་དོན།  ཚོང་ལས་ཀྱི་ལས་དོན།  གཞུང་ཞབས་འདེམས་སྒྲུག་བྱེད་སྐབས་སོགས་སུ་བོད་ཀྱི་སྐད་ཡིག་སྤྱོད་པར་རེ་འདུན་ཞུ་རྒྱུ་ཡིན། བོད་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་ཆེད་བོད་ཁུལ་གྱི་སློབ་གྲྭའི་ནང་བོད་ཡིག་གཙང་མའི་སློབ་ཚན་(ཨང་རྩིས། རིག་གནས་ཚན་ཁག། རང་བྱུང་ཚན་ཁག་སོགས་བོད་ཡིག་ཐོག་སློབ་སྦྱོང་བྱེད་པ།)སློབ་ཁྲིད་ལག་བསྟར་བྱེད་དགོས། དེ་མ་ཟད་བོད་ཁུལ་གྱི་གཞུང་ཞབས་དང་ཚོང་ལས་ཁག་གིས་མི་སྣ་བསྡུ་ལེན་བྱེད་སྐབས་བོད་ཡིག་གི་ཡིག་རྒྱུགས་གཏོང་རོགས་གནང་། གང་ཡིན་ཟེར་ན་བདུན་ཕྲག་གཉིས་རེའི་ནང་འཛམ་བུ་གླིང་དུ་སྐ་རིགས་གཅིག་རེ་རྩ་བརླག་ཏུ་འགྲོ་བཞིན་ཡོད་པས་སྐད་ཡིག་རྩ་བརླག་ཏུ་སོང་བ་དང་མཉམ་དུ་སྐད་ཡིག་དེའི་བརྒྱུད་ལ་ཡོད་པའི་རིག་གཞུང་ལོ་རྒྱུས་དང་ཤུལ་བཞག་རིག་གནས་ཀྱང་རྩ་བརླག་ཏུ་འགྲོ་བཞིན་ཡོད།  བོད་རིགས་དམངས་ཚོགས་ཀྱིས་འགོ་ཁྲིད་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཇུག་མཐར། ཚང་མའི་སྐུ་ལུས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
བཀྲ་ཤིས་དབང་ཕྱུག་ནས།  ༢༠༢༢/༠༡/༡༥  ཉིན་ཕུལ།”ཞེས་འཁོད་ཡོད་པ་རེད། 

བོད་ཁུལ་དུ་བོད་ཀྱི་སྐད་ཡིག་གཙོ་བོར་འཛིན་དགོས།

དེ་བཞིན་ཁོང་གིས་པོད་འཕྲིན་ནང་དུ་“ང་ཚོས་ཇི་ལྟར་བྱས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས”ཞེས་པའི་བརྗོད་གཞིའི་ཐོག་ཉེ་སྔོན་ཕྱི་ཚེས་ ༣ ཉིན་བསམ་ཚུལ་རྩོམ་ཡིག་སྤེལ་བའི་ནང་དུའང་ས་གནས་སྲིད་གཞུང་གི་ལས་བྱེད་འདེམས་སྒྲུག་སྐབས་དང་གཞུང་གི་འཛིན་སྐྱོང་དང་ཡིག་འབྲེལ་སྐབས་སུ་བོད་ཡིག་ངེས་པར་དུ་སྤྱོད་དགོས་པ་དང་སློབ་གྲྭ་ཁག་གི་སློབ་ཚན་སོགས་སུ་བོད་ཀྱི་སྐད་ཡིག་གཙོ་ཁྲིད་བྱེད་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན་འདུག 

མ་ཟད་ཁོང་གིས་མི་རིགས་རང་གི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ནི་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་བཅའ་ཁྲིམས་གཉིས་པོས་ཁག་ཐེག་བྱས་ཡོད་པས་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་ཚོས་དོན་ཚན་དེ་དག་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་གནང་འདུག 

རྒྱ་ནག་གཞུང་གིས་རང་གི་ཁྲིམས་ལ་རྩིས་མེད་ཀྱིས་འདས་པའི་ལོ་གཅིག་གི་རིང་བོད་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་ལ་སྔར་ལས་ལྷག་པའི་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་ཆགས་ཡོད། རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞིན་པའི་འཆར་འགོད་དང་བྱིས་པའི་འཕེལ་རྒྱས་གནད་བཀོད་ཀྱི་འཆར་གཞི།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐད་ཡིག་ལས་དོན་སྐོར་གྱི་བསམ་འཆར་ཞེས་པའི་འཆར་གཞི་གསར་པ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་བདུན་པ་སོགས་ཀྱི་ནང་དོན་ལྟར་བོད་ཡུལ་དུ་དམིགས་བཀར་གྱིས་རྒྱའི་སྤྱི་སྐད་དར་སྤེལ་གྱི་ལས་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད་པ་མ་ཟད་གྲོང་གསེབ་དང་ཞིང་འབྲོག་ཁུལ་དུ་ལྷག་ཏུ་ཤུགས་སྣོན་བརྒྱག་བཞིན་ཡོད་པའི་གནས་ཚུལ་རྒྱ་ནག་གི་གཞུང་འབྲེལ་དྲྭ་རྒྱ་ཁག་ཏུ་མཐོང་རྒྱུ་ཡོད།  འདས་པའི་ལོ་གཅིག་གཉིས་ཀྱི་ནང་བོད་ནང་དུ་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་པའི་བོད་ཀྱི་སྐད་ཡིག་དང་ཆོས་རིག་ཐད་བྱས་རྗེས་ཅན་གྱི་ཤེས་ལྡན་མི་སྣ་མང་དག་ཅིག་ལ་ཉེས་མེད་ཉེས་འཛུགས་བྱས་ནས་འཇུ་བཟུང་དང་བཙོན་འཇུག་བྱེད་བཞིན་ཡོད་པ་རེད། 

དེ་བཞིན་ན་ནིང་ཕྱི་ཟླ་ ༡ པོའི་ནང་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཟེར་བས་གྲངས་ཉུང་མི་རིགས་ཀྱི་ས་གནས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་རང་གི་སྐད་ཡིག་བསླབ་གཞིར་བཞག་པ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། རྒྱལ་ཡོངས་སྤྱི་སྐད་ཀྱི་བཅའ་ཁྲིམས། ཤེས་ཡོན་གྱི་བཅའ་ཁྲིམས་སོགས་དང་འགལ་ཡོད་ཚུལ་བཤད་ཡོད། 

བོད་ནང་དུ་བོད་ཡིག་དང་བོད་ཀྱི་རིག་གཞུང་གཙོ་ཁྲིད་བྱ་སའི་སྒེར་བཙུགས་སློབ་གྲྭ་རྣམས་རིམ་པས་སྒོ་བརྒྱག་བཞིན་ཡོད་ཅིང་སྐད་ཡིག་ཕུད་པའི་སློབ་ཚན་གཞན་དག་རྣམས་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་འགོ་རྩོམ་བཞིན་ཡོད།  ན་ནིང་དབྱར་ཀའི་སློབ་སྐབས་གསར་པ་ནས་བཟུང་“ཁུར་པོ་གཉིས་ཡང་དུ་གཏོང་བ་”ཟེར་བའི་ལས་འགུལ་ཁྲོད་རྒྱ་ནག་རྒྱལ་ཡོངས་སུ་སློབ་གྲྭའི་ཕྱི་རོལ་གྱི་ཟབ་ཁྲིད་འཛིན་གྲྭ་ཚོགས་མི་ཆོག་པ་བཟོས་པ་དེས་བོད་ནང་གི་དབྱར་དགུན་གྱི་གུང་གསེང་སྐབས་སུ་བོད་ཀྱི་སྐད་ཡིག་དང་ཆོས་རིག་ཟབ་ཁྲིད་བྱེད་སྲོལ་ཡོད་པ་དེ་དག་ཀྱང་མེད་པ་བཟོས་འདུག  ན་ནིང་ཕྱི་ཟླ་དགུ་པ་ནས་བཟུང་སློབ་གྲྭ་ཆུང་འབྲིང་ཙམ་མ་ཟད་མཐའ་ན་བུ་གསོ་ཁང་ངམ་བྱིས་གཉོར་ཁང་ཚུན་ཆད་ཀྱི་ནང་དུ་ངེས་པར་དུ་རྒྱའི་སྤྱི་སྐད་བེད་སྤྱོད་བྱེད་དགོས་པའི་བཀོད་ཁྱབ་བཏང་ནས་ད་ལྟ་དངོས་སུ་ལག་བསྟར་བྱེད་མུས་ཡིན་པ་རེད། 

རྒྱ་ནག་གཞུང་གིས་འདི་ལྟར་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་སོགས་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ནང་དུ་མི་རིགས་རྩ་མེད་གཏོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁྲིམས་མཐུན་ལུགས་མཐུན་ཐོག་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་པར་ངེས་པར་དུ་བརྩི་བཀུར་བྱེད་དགོས་པ་ལས་ཁོང་དོན་མེད་དུ་འབོད་འགུག་གིས་འདྲི་རྩད་དང་། སུན་བཙིར། བཀག་ཉར་རིགས་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བ་ཡིན་པས་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top