ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་ཞུས།

 བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་གསར་འགོད་གསལ་བསྒྲགས་བྱས་ཏེ་སྔ་ལོ་ ༢༠༢༣ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་མཛད་སྒོ་སྤེལ།  

   ཕྱི་ལོ་ ༢༠༢༣ ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་རིམས་ནད་ཀླད་ཀོར་གྱི་སྲིད་ཇུས་ཟེར་བ་མཚམས་འཇོག་བྱས་ཀྱང་བོད་ནང་དུ་མུ་མཐུད་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བཀག་བསྡོམས་སྔར་ལྷག་བྱས་ཐོག་གཞིས་བྱེས་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་དགོས་འདུན་ལན་མང་བཏོན་པ་ལ་ཉན་འཇོག་མ་བྱས་པར་མུ་མཐུད་བོད་ནང་དུ་རྒྱ་བསྒྱུར་གྱི་སློབ་གསོའི་ལམ་ལུགས་སྤེལ་ཤུགས་ཇེ་ཆེར་བཏང་ནས་མི་རིགས་རྒྱ་བསྒྱུར་དང་རིག་གཞུང་བཙན་བསྒྱུར་གྱི་ལས་འགུལ་མངོན་གསལ་དོད་པོར་སྤེལ་བཞིན་འདུག

ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས། ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་དང་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བརྒྱུད་ལོ་འཁོར་སྙན་ཐོ་འདོན་སྤེལ་ཞུ་བཞིན་པའི་འདྲ་པར།

   རྒྱ་གཞུང་གིས་སྤྱི་ཚོགས་བརྟན་རླིང་དང་དྲྭ་ལམ་གྱི་བདེ་འཇགས་སོགས་ཀྱི་མིང་ཐོག་ནས་བོད་མི་ཚོའི་འདུ་འཛོམས་རང་དབང་ལ་མུ་མཐུད་བཀག་བསྡོམས་ཆེས་ཆེར་བྱེད་པ་ཙམ་མིན་པར་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལག་བསྟར་བྱེད་པར་དྲྭ་ལམ་དང་ཡུལ་དངོས་གཉིས་ནས་བསམ་ཚུལ་བཤད་མཁན་དང་སྐྱོན་བརྗོད་བྱེད་མཁན་གྱི་བོད་མི་ཚོ་འཇུ་བཟུང་མནར་གཅོད་དང་བཙོན་འཇུག་ཁྲིམས་ཆད་སོགས་བྱས་དང་བྱེད་མུས་རེད། 

   དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་ཐབས་ཀྱི་སྒྲིག་ཁྲིམས་གསར་པ་སོགས་བཟོས་ནས་ཆོས་ཕྱོགས་ཀྱི་ལས་དོན་མཐའ་དག་རྒྱ་གཞུང་རང་གི་དོ་དམ་འོག་བཅུག་སྟེ་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལྷག་རྡོག་རོལ་ཚབས་ཆེན་གཏོང་བཞིན་འདུག་ལ་གྲྭ་བཙུན་གྱི་གྲངས་ཀར་མུ་མཐུད་ཚོད་འཛིན་ནན་པོ་བཟོས་ཤིང་བླ་མའི་ཆོས་ཁྲིད་དང་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་བྱེད་པར་འགོག་རྐྱེན་སྣ་མང་བཟོ་བཞིན་འདུག 

   སྔར་རྒྱུན་ལྟར་བཀག་ཉར་འོག་ཏུ་ཚུད་པའི་བོད་མི་རྣམས་ལ་དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་མི་སྤྲོད་པ་དང་། རང་དབང་ལྡན་པའི་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་མི་སྤྲོད་པ། ཁྲིམས་འགལ་ཐོག་དུས་ཡུན་རིང་པོར་གསང་བའི་བཀག་ཉར་བྱས་ཏེ་རྡུང་སྦྱོང་མནར་གཅོད་ཀྱི་སྒོ་ནས་ཉེས་མེད་ཉེས་འགེལ་བྱས་མཐར་བཙོན་འཇུག་ཁྲིམས་ཆད་ལྕི་མོ་གཅོད་བཞིན་པའི་གནས་ཚུལ་མུ་མཐུད་འབྱུང་བཞིན་འདུག་ཅིང་དེའི་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་བཙོན་འོག་ཏུ་ཚེ་སྲོག་ཤོར་བ་དང་ཡང་མང་པོ་ཞིག་བཀག་ཉར་འོག་གི་མནར་གཅོད་ཀྱི་རྐྱེན་པས་གློད་གྲོལ་ཐོབ་པའི་རྗེས་སུ་རིམ་བཞིན་ལུས་ཕུང་ཇེ་ཞན་དུ་སོང་ནས་སྐུ་གྲོངས་བའི་གནས་ཚུལ་ཡང་མུ་མཐུད་འབྱུང་བཞིན་འདུག 

   རྒྱ་གཞུང་གིས་བོད་ནང་དུ་དེ་ལྟར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་སྐྱོན་བརྗོད་དང་འབོད་སྐུལ་གང་འཚམ་བྱས་ཡོད་ཀྱང་ད་བར་ཕན་འབྲས་ཆེན་པོ་ཐོན་མེད་པ་མ་ཟད་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་བ་དེས་རྒྱ་ནག་གིས་དཔལ་འབྱོར་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་མཁན་གྱི་སྒྲིག་འཛུགས་ཁག་གི་ནུས་པ་ཉམས་དམས་སུ་གཏོང་ཐབས་བྱེད་པར་དོན་འབྲས་སྨིན་བཞིན་པ་མཚོན་ཡོད། 

   ཛ་དྲག་ཆེ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་རྒྱུ་ནི་སྐབས་འབབ་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད་བོད་མི་རིགས་ཀྱི་འཚོ་གནས་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་རྒྱུན་གནས་ལ་ཐད་ཀར་འབྲེལ་བ་ཡོད་པས་རྒྱ་ནང་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཆིངས་དང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཀྱིས་བསྐུལ་བའི་ལས་འགན་དག་ཚུལ་བཞིན་བསྒྲུབས་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་བྱ་དགོས། 

བོད་སྐད་ཐོག་ལོ་འཁོར་སྙན་ཐོ་ཀློག

དབྱིན་སྐད་ཐོག་ལོ་འཁོར་སྙན་ཐོ་ཀློག

རྒྱ་སྐད་ཐོག་ལོ་འཁོར་སྙན་ཐོ་ཀློག

to top