རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༤ ཉིན་པཎ་ཆེན་རྒྱལ་མཚན་ནོར་བུས་ལྷ་སར་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། བླ་སྤྲུལ། ཆོས་ཕྱོགས་མི་སྣ་བཅས་མཉམ་ཞུགས་བྱས་པའི་གལ་ཆེའི་ཚོགས་འདུ་ཞིག་གཙོ་སྐྱོང་བྱས་ཡོད། ཚོགས་འདུ་དེ་ནི་༸གོང་ས་མཆོག་ནས་སྐུའི་ཡང་སྲིད་དང་འབྲེལ་བའི་གསུང་འཕྲིན་གནང་བའི་ཉིན་གསུམ་གྱི་རྗེས་སུ་ཆགས་ཡོད། ཚོགས་འདུའི་ཐོག་<<རྒྱ་ནག་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ ༢༠༢༥-༢༠༢༩ བར་གྱི་ལོ་ལྔའི་འཆར་གཞིའི་རྩ་གནད་>>ཞེས་པའི་གལ་ཆེའི་ཡིག་ཆ་ཞིག་ཀྱང་གཏན་འབེབས་བྱས་ཡོད་སྐོར་འཁོད་ཡོད། ཡིག་ཆ་དེའི་ཞིབ་ཕྲའི་ནང་དོན་ད་ལྟ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་མེད།

<<ནང་བསྟན་ཀྲུང་ཅན་དུ་བསྒྱུར་བའི་ལོ་ལྔ་ཚན་གྱི་འཆར་གཞི་>>ཞེས་པའི་ཡིག་ཆ་ཞིག་དེ་སྔ་ནས་བཟོས་ཟིན་ཀྱང་།<<བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་ལྔ་ཚན་གྱི་འཆར་གཞི་>>ཞེས་པ་ད་རེས་ཐོག་མ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་རྒྱུད་ནང་བསྟན་གྱི་རིས་མེད་དགོན་སྡེ་ཁག་ལ་སྟངས་འཛིན་དང་དོ་དམ་བྱེད་པའི་ལས་དོན་དེ་སྔར་བས་ནན་པོ་དང་དྲག་པོ། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་ཐོག་ནས་ལག་བསྟར་བྱ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད། དཔེར་ན། ཕྱི་ལོ་ ༢༠༡༩ ལོར་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ལོ་ལྔ་ཚན་གྱི་འཆར་གཞི་ཞེས་པའི་སྲིད་ཇུས་དེ་རྒྱལ་ཡོངས་རང་བཞིན་གྱི་འཆར་གཞི་ཞིག་ཡིན་པ་ལས་བོད་ལ་དམིགས་བསལ་གྱིས་གཏན་འབེབས་བྱས་པ་ཞིག་མ་ཡིན་ཀྱང་། དེ་རེས་བོད་དུ་དམིགས་བསལ་གྱི་འཆར་གཞི་ཟུར་བཀོད་བྱས་པ་དེའི་ཐོག་ནས་དེ་སྔ་སྟངས་འཛིན་དང་དམ་དྲག་བྱེད་པའི་སྲིད་ཇུས་དེ་དག་གིས་མི་འགྲིགས་པར་ད་དུང་སྔར་བས་ནན་པོ་བྱ་རྒྱུ་ཡིན་པ་གསལ་པོ་རེད།
ད་བར་རྒྱ་གཞུང་གིས་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ཡང་ནས་ཡང་དུ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། ལོ་ཚན་ལྔ་ཚན་གྱི་འཆར་གཞི་བཟོས་ནས་དངོས་སུ་ཡིག་ཐོག་ཏུ་ཕབ་པ་དང་གཞུང་འབྲེལ་གྱིས་ཚོགས་ཐོག་ཏུ་བརྒྱུད་བསྒྲགས་བྱས་པ་ད་རེས་ཐོག་མ་དེ་ཡིན་སྟབས། བོད་མིའི་ཆོས་དད་རང་དབང་དང་རིས་མེད་དགོན་སྡེ་ཁག་ལ་དམ་དྲག་དེ་བས་ཆེ་བ་དང་དཀའ་ངལ་དེ་བས་ཆེ་ཞིག་ཡོང་རྒྱུ་གསལ་པོ་རེད། མ་ཟད་འདི་ལོ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བ་དང་། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་མི་ལོ་གསུམ་བཅུ་འཁོར་བའི་དུས་སྐབས་ཤིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་དུས་སྐབས་དེ་དང་བསྟུན་ནས་ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱེད་ཀྱི་ཡོད་ཀྱི་ཡོད་པ་གསལ་པོ་རེད།
རྒྱལ་མཚན་ནོར་བུ་བོད་དུ་མ་ཡོང་གོང་གི་ཟླ་ ༦ ཚེས་ ༦ ཉིན་ཞི་ཅིང་ཕིང་གིས་དངོས་སུ་ཐུག་འཕྲད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་ནན་བརྗོད་བྱས། དེ་མ་ཐག་ཟླ་ ༦ པའི་ཟླ་མཇུག་ཏུ་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཆེད་བསྐྱོད་བྱས་པ་དང་། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་སྐོང་འཚོགས་བྱེད་པའི་ཉིན་མོ་དེར་རྒྱལ་མཚན་ནོར་བུར་ཐུག་འཕྲད་བྱས་ཡོད། ཝང་ཅུན་ཀྲེང་གིས་ཏང་གི་བཀའ་ལ་ཉན་པ་དང། ཏང་གི་རྗེས་སུ་དྲངས་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ། དར་ཆ་གསལ་ཐོན་གྱི་སྒོ་ནས་ཁ་བྲལ་རིང་ལུགས་དང་འཐབ་རྩོད་བྱེད་དགོས་སྐོར་ནན་བརྗོད་བྱས་ཡོད། ད་ཐེངས་སྐོང་འཚོགས་བྱས་པའི་ཚོགས་ཐོག་ཏུའང་རྒྱལ་མཚན་ནོར་བུས་གོང་དུ་ཞི་ཅིང་ཕིང་དང་ཝང་ཅུན་ཀྲང་གིས་ཐུག་འཕྲད་བྱེད་སྐབས་བཤད་པའི་སྐད་ཆ་དེ་དག་ཚོགས་ཏུ་བརྒྱུད་བསྒྲགས་བྱས་ཏེ་། ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བོད་ཀྱི་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་དགོས་སྐོར་ནན་བརྗོད་བྱས་ཡོད།
དེར་བརྟེན། ད་རེས་ཀྱི་ཡིག་ཆ་དེའི་ནང་དོན་ཆ་ཚང་ཕྱིར་བསྒྲགས་བྱས་མེད་ཀྱང་ཞི་ཅིང་ཕིང་དང་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་རྒྱལ་མཚན་ནོར་བུར་ལམ་སྟོན་བྱེད་སྟངས་དང་། རྒྱལ་མཚན་ནོར་བུས་སྐད་ཆ་དེ་དག་ཇི་མ་ཇི་བཞིན་ཚོགས་ཐོག་ཏུ་གསལ་བསྒྲགས་བྱེད་སྟངས་ལ་བལྟས་ན། ད་རེས་ཀྱི་ཡིག་ཆ་དེ་ནི་རྒྱ་ནག་དབུས་གཞུང་དང་། བོད་སྡོད་དམར་ཤོག་ཚོགས་པའི་ཐད་ཀའི་བཀའ་བཀོད་འོག་ཏུ་བཟོས་པ་ཞིག་དང་། དེ་ནི་བོད་ཀྱིས་རིས་མེད་དགོན་སྡེ་ཁག་ལག་སྔར་བས་སྟངས་འཛིན་དང་དམ་དྲག་བྱ་རྒྱུའི་འཆར་གཞི་ཆེན་པོ་ཞིག་ཡིན་པ་གསལ་པོ་རེད། ལྷག་པར་དུ་སྔ་ལོ་<<བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་སྲོལ་ཡིག་>>ཞེས་པར་བཟོ་བཅོས་བྱས་ཏེ་ཞི་ཅིང་ཕིང་གི་དུས་སྐབས་སུ་གཏན་འབེབས་བྱས་པའི་གོང་གསལ་གྱི་སྲིད་ཇུས་དང་བྱ་ཐབས་དེ་དག་སྲོལ་ཡིག་ནང་བཅུག་ནས་དངོས་སུ་ཁྲིམས་ཐོག་ཏུ་བཀོད་ནས་ལག་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་བཅས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་པའི་ཚད་གཞི་དེ་སྲིད་ཇུས་དང་། ཁྲིམས་ལུགས། ལག་ལེན། བྱ་སྤྱོད་བཅས་ཕྱོགས་ཡོངས་ཀྱི་ཐོག་ནས་ལག་ལེན་བྱ་རྒྱུ་ཡིན་པ་གསལ་པོར་མཚོན་ཡོད་པ་དང་། སྲིད་ཇུས་དང་ལས་འཆར་དེ་དག་ལ་ཁ་གཡར་ནས་བོད་མི་རྣམས་གང་བྱུང་གིས་འཇུ་བཟུང་དང་། བཀག་ཉར། ཐ་ན་ཚད་གཞི་མཐོ་བའི་ལོ་ཚད་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་ཆེན་པོར་གནས་ཡོད།
དཔེར་ན། ལོ་རེའི་ཟླ་ ༧ ཚེས་ ༦ ཉིན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་དམིགས་བསལ་གྱི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འདི་ལོ་ནི་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུ་ཡི་འཁྲུངས་སྐར་ཡིན་པར་བརྟེན། རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་སྔར་ལས་ལྷག་པའི་དམ་དྲག་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གང་སར་དམག་མི་དང་། ཉེན་རྟོག་པ། གསང་བའི་མི་སྣ་འགྲེམས་འཇོག་གིས་བོད་མི་རྣམས་དབུག་བཀག་བཏང་བ་ལྟ་བུའི་གནས་སྟངས་ཤིག་བཟོས་ཡོད། དེང་སྐབས་བོད་ས་ཧྲིལ་པོ་བཙོན་ཁང་ལྟ་བུ་ཆགས་ཡོད་པས་བོད་ནང་གི་ཉིན་རེའི་གནས་སྟངས་རྒྱུད་ལོན་ཐུབ་རྒྱུ་ཤིན་ཏུ་ནས་ཁག་པོ་ཡིན་ཀྱང་། ཉིན་ཤས་རིང་ངོ་དེབ་དང་ཏྲི་ལི་གྷར་རམ་རྒྱུད་ནས་ཐོན་པའི་པར་རིས་དང་བརྙན་འཐུང་དེ་དག་ནི་སྐུའི་འཁྲུང་སྐར་སྐབས་བོད་ནང་གི་གནས་སྟངས་ལ་རྒྱུད་ལོན་བྱེད་པའི་དཔང་རྟགས་གསར་ཤོས་དེ་ཆགས་ཡོད།
ཐ་ན་ལྷ་ས་གྲོང་ཁྱེར་སོགས་ཀྱི་ནང་དམག་སར་སླེབས་པ་ལྟར་ལྕག་འཁྲབ་ལོ་སོགས་ཀྱང་གྲ་སྒྲིག་བྱས་ཏེ་ཁྲོམ་གཞུང་དུ་བསྐྱོད་བྱེད་བཞིན་ཡོད་པ་དངོས་སུ་མཐོང་རྒྱུ་ཡོད། ལྕགས་འཁྲབ་འཁོར་ལོ་ནི་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་གི་སྐབས་བེད་སྤྱོད་བྱེད་པ་ལས་ཞི་བའི་མི་དམངས་ཀྱི་ཐོག་བེད་སྤྱོད་བྱ་རྒྱུ་ཞིག་གཏན་ནས་མ་ཡིན་ཀྱང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་ལས་ལྷ་ས་དམག་སར་འགྱུར་བ་ལྟ་བུའི་གནས་སྟངས་ཤིག་མཐོང་གི་ཡོད། བོད་མི་ཚོས་དགོན་པ་དང་ལྷ་ཁང་སོགས་སུ་གནས་མཇལ་དུ་འགྲོ་སྐབས་ནང་པའི་ཆོས་ལུགས་ཀྱི་ལུགས་སྲོལ་ལྟར་གཡས་སྐོར་རྒྱག་གི་ཡོད་ཀྱང་། བརྙན་འཐུང་དང་པར་རིས་ནང་གི་ཉེན་རྟོག་དང་དམག་མི་ཚོས་བོད་མིའི་ཆོས་དད་ཀྱི་གོམས་སྲོལ་ལས་ལྡོག་ཏེ་གཡོན་སྐོར་རྒྱག་པ་མ་ཟད། ད་དུང་རུ་སྒྲིག་དཔུང་ངོམས་བྱས་ཏེ་བོད་མི་ཚོར་རྐང་བཙུགས་ནས་འཇིགས་སྐུལ་བྱེད་པ་ལྟ་བུའི་རྣམ་པ་མཐོང་བཞིན་ཡོད། མ་ཟད་ཉེན་རྟོག་པའི་སྒྲིག་ཆས་དང་ཆས་གོས་སོགས་ཀྱང་རྣམ་པ་མི་འདྲ་བ་ཁ་ཤས་མཐོང་རྒྱུ་ཡོད་པ་དེ་དག་གི་ཐོག་ནས་རྒྱ་ནག་གཞུང་གིས་སྤྱི་ཚོགས་དམ་དྲག་གི་ཆེད་དུ་གསར་འཛུགས་བྱས་པའི་ཉེན་རྟོག་དང་དམག་མིའི་སྒྲིག་འཛུགས་ཡང་རིགས་མི་འདྲ་བ་སྣ་ཚོགས་ཡོད་པ་ཤེས་ཐུབ།
འཁོར་ཡུག་དེ་འདྲ་ཞིག་ནང་བོད་མི་ཚོར་དོན་དམ་གྱི་ཆོས་དད་རང་དབང་ཞེས་པ་སྤྲོས་བྲལ་རེད། དཔེར་ན། ཕྱི་ལོ་ ༢༠༡༥ ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་བཅུ་པར་ཕེབས་སྐབས། མདོ་སྨད་རེབ་གོང་ཐུན་རི་རྫོང་ནས་ཡིན་པའི་ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ཐོག་༸གོང་ས་མཆོག་གི་སྐུ་པར་བཞག་པ་ཙམ་གྱིས་དེ་མ་ཉིད་དུ་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས། དེ་བཞིན་དུ་ཕྱི་ལོ་ ༢༠༢༡ ལོ་ཁམས་ལི་ཐང་ཁུལ་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་བོད་མི་ཚོས་སྐད་འཕྲིན་ཐོག་༸གོང་ས་མཆོག་གི་སྐུ་པར་བཞག་པ་དང་ཕན་ཚུན་རྒྱུད་སྐུལ་བྱས་པའི་དབང་གིས་ལི་ཐང་དགོན་པ་ནས་དགེ་འདུན་པ་བཅོ་ལྔ་དང་མི་སྐྱ་བཅུ་གྲངས་ཤིག་འཇུ་བཟུང་བྱས་ཏེ་ཉིན་གྲངས་ཉི་ཤུ་ཙམ་བཙོན་འཇུག་དང་ཉེས་རྡུང་དྲག་པོ་བཏང་ཡོད།
ཐ་ན་སྐུའི་འཁྲུངས་སྐར་སྲུང་རྩི་ཞུས་པའི་དབང་གིས་རྒྱ་དམག་གིས་ཐད་ཀར་མི་མང་གི་ཁྲོད་དུ་མེ་མདའ་བརྒྱབ་པའི་གནས་ཚུལ་ཡང་བྱུང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་འཁྲུང་སྐར་སྲུང་རྩི་ཞུས་པའི་དབང་གིས་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་དགེ་འདུན་པ་གཉིས་ཀྱི་མགོ་ལ་རྨས་སྐྱོན་ཕོག་པ་དང་། དེ་བཞིན་དུ་ཕྱི་ལོ་ ༢༠༡༥ ལོར་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་རྩི་ཞུས་པའི་དབང་གིས་བོད་མི་ཁག་གཅིག་ལ་ཚད་གཞི་འདྲ་མིན་གྱི་ལོ་ཚད་བཙོན་འཇུག་བྱས་པ་དང་། བོད་མི་འབྲུག་གྲགས་ལགས་སུ་མི་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།