པདྨ་ཚེ་བརྟན་བཀག་ཉར་ཐད་དྲང་བདེན་ཐག་གཅོད་དང་ཡོང་བསྒྲགས་གསལ་བཤད་བྱ་དགོས།

བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས།
བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས།

ཟི་ལིང་གནམ་ཐང་ཉེན་རྟོག་པས་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ལ། “མི་མང་འདུ་སའི་སྒྲིག་གཞི་གཏོར་བཤིག” གི་ཉེས་མིང་བཀལ་ཏེ། དོན་མེད་འཇུ་བཟུང་བཀག་ཉར་གྱིས་ཚད་ལས་བརྒལ་བའི་རྩུབ་སྤྱོད་འདྲི་གཅོད་བྱས་པ་དེ་ནི། མང་ཚོགས་ཁེ་དབང་རྡོག་རོལ་གྱི་ཁྲིམས་འགལ་བྱ་སྤྱོད་ཅིག་ཆགས་ཡོད་པ་མ་ཟད། གནས་ཚུལ་དེས་རྒྱ་གཞུང་ཉེན་རྟོག་པས་གནམ་ཐང་དང་མེ་འཁོར་འབབ་ཚིགས་སོགས། མི་མང་འདུ་འཛོམས་ཁུལ་དུ་བོད་དང་ཤིན་ཅང་གཙོས་གྲངས་ཉུང་མི་རིགས་ལ་དམིགས་བསལ་ལྟ་རྟོག་བཀག་སྡོམ་བྱེད་བཞིན་པ་བསྟན་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་ཟི་ལིང་གནམ་ཐང་ཉེན་རྟོག་པས། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས། གང་བྱུང་བཙན་འཁྲིད་བཀག་ཉར་གྱིས་རྩུབ་སྤྱོད་མནར་གཅོད་བཏང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ངོ་རྒོལ་སྐྱོན་བརྗོད་དང་། བཀག་བསྐྱིལ་མནར་གཅོད་ཀྱི་རྐྱེན་པས་པདྨ་ཚེ་བརྟན་ལགས་ཀྱི་གཟུགས་པོ་བདེ་མིན་གྱི་གནས་སྟངས་བྱུང་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་ཐད་བློ་འཚབ་བྱེད་ཀྱིན་ཡོད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་མཁའ་ལམ་བརྒྱུད། ཕྱི་ཟླ་ ༦ ཚེས་ ༢༥ ཉིན་གྱི་དགོང་དྲོ་རྒྱ་ནག་རྒྱལ་ས་པེ་ཅིན་ནས་ཟི་ལིང་དུ་འབྱོར་ཏེ་གནམ་ཐང་ནས་ཕྱིར་འབུད་དུས། ཁོང་གིས་རང་ཉིད་ཀྱི་འཁུར་ཁུག་གནམ་ཐད་གི་ཅ་དངོས་ལེན་ས་ནས་ལྷག་སོང་བ་དྲན་པ་སོས་ཏེ་ཕྱིར་ལེན་དུ་འགྲོ་སྐབས། འབྲེལ་ཡོད་གནམ་ཐང་ལས་བྱེད་པས་གནས་ལུགས་གསལ་བཤད་ལ་མ་ཉན་པར། རྣམ་འགྱུར་རྩུབ་པོ་སྒོ་ནས་པདྨ་ཚེ་བརྟན་བཀག་འགོག་ཕྱིར་འབུད་བྱེད་ཐབས་བྱས་པར་མ་ཟད། གནམ་ཐང་ཉེན་རྟོག་པས་ཁོང་ལ་ལག་ལྕགས་བརྒྱབ་སྟེ་བཙན་འཁྲིད་ཀྱིས་བཀག་ཉར་ཚ་འདྲི་བྱས་ཡོད་པ་མ་ཟད། “མི་མང་འདུ་སའི་སྒྲིག་གཞིར་གཏོར་བཤིག” བྱས་པའི་ཉེས་མིང་བཀལ་ཐོག ཉིན་ ༥ རིང་སྲིད་འཛིན་བཀག་ཉར་གྱི་ཉེས་ཆད་བཅད་དེ། མཚོ་ཤར་གྲོང་ཁྱེར་ཙོང་ཁ་ས་ཁུལ་གྱི་སྲིད་འཛིན་བཀག་ཉར་ཁང་བཀག་ཉར་བྱས་ཡོད་པ་རེད། དེ་བཞིན། བཀག་ཉར་སྐབས་པདྨ་ཚེ་བརྟན་ལགས་མགོ་ཡུ་འཁོར་བ་དང་རོ་སྟོད་འཚང་བ། རྐང་ལག་སྦྲིད་པ་སོགས་གཟུགས་པོ་མ་བདེ་བའི་གནས་སྟངས་བྱུང་སྟེ། ཙོང་ཁ་ས་ཁུལ་གྱི་རྒྱ་ལུགས་སྨན་ཁང་ཞིག་ཏུ་ཁྲིད་དེ་སྨན་བཅོས་བྱ་དགོས་བྱུང་ཡོད་འདུག

པདྨ་ཚེ་བརྟན་ལགས་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་དང་བཀག་ཉར་སྐབས་ཁོང་གི་ལུས་སྟེང་ལ་རྨ་བཟོས་པའི་འདྲ་པར།
པདྨ་ཚེ་བརྟན་ལགས་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་དང་བཀག་ཉར་སྐབས་ཁོང་གི་ལུས་སྟེང་ལ་རྨ་བཟོས་པའི་འདྲ་པར།

སྤྱིར་རྒྱ་གཞུང་གིས་གནམ་ཐང་དང་མེ་འཁོར་འབབ་ཚིགས། མགྲོན་ཁང་སོགས་སུ། དུས་རྒྱུན་བོད་དང་ཡུ་གུར། སོག་པོ་བཅས་གྲངས་ཉུང་མི་རིགས་རྣམས་ལ། རྒྱ་རིགས་མང་ཚོགས་དང་མ་འདྲ་བར་མི་རིགས་དབྱེ་འབྱེད་ཀྱི་འདུ་ཤེས་བཟུང་བའི་ཐོག་ནས། ཆེད་དམིགས་ཞིབ་བཤེར་དང་བཀག་སྡོམ་བྱེད་ཀྱིན་ཡོད། ལྷག་པར་དུ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ས་ཁོངས་ཀྱི་གུང་དཀར་གནམ་ཐང་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མེ་འཁོར་འབབ་ཚིགས་སོགས་སུ། བོད་རིགས་འགྲུལ་བ་རྣམས་ལ་ཆེད་དུ་ཞིབ་བཤེར་བྱ་ཡུལ་ཟུར་འཛུགས་ཀྱིས་དྲི་གཅོད་དང་རྟོགས་ཞིབ་བྱེད་ཀྱིན་ཡོད། ཐེངས་འདིར་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སུ། རྒྱ་གཞུང་ཉེན་རྟོག་པས་དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་མ་བྱས་པར་གང་འདོད་འཇུ་བཟུང་བཙན་འཁྲིད་བྱས་པའི་གནས་ཚུལ་དེས། རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་པ་གསལ་སྟོན་བྱས་ཡོད།

པདྨ་ཚེ་བརྟན་གྱི་ལས་གྲོགས་བསོད་ནམས་རྒྱལ་ལགས་ཀྱིས་བརྒྱུད་ལམ་དུ། པདྨ་ཚེ་བརྟན་ལགས་འཇུ་བཟུང་སྐབས་ཟི་ལིང་གནམ་ཐང་ཉེན་རྟོག་པས། “དག་ཐེར་བྱ་ཡུལ་ནི་ཁྱོད་ཚོ་ལྟ་བུའི་གནས་ལུགས་བཤད་མཁན་ཁ་ལ་མི་ཉན་མཁན་རྣམས་ཡིན།” ཞེས་བཤད་ཡོད་པ་དང་། ལྷག་པར་དུ་ཟི་ལིང་གནམ་ཐང་ཉེན་རྟོག་ཡན་ལག་སྡེ་ཁག་གི་དྲིལ་བསྒྲགས་ཚན་པའི་འགན་འཛིན་མཱིན་ཅོན་ཟེར་བས་གསར་ལམ་ཁག་ཏུ་ “གནས་ཚུལ་དེ་འདྲ་བ་གནམ་ཐང་དུ་ཉིན་རྒྱུན་མང་པོ་བྱུང་བཞིན་པ་རེད། ཁོ་ནི་མིང་གྲགས་ཅན་གྱི་བོད་རིགས་འཁྲབ་ཁྲིད་པ་ཞིག་ཡིན་སྟབས་དོ་སྣང་ཤུགས་རྐྱེན་བྱུང་བ་རེད།” ཅེས་བརྗོད་པའི་སྐད་ཆ་དག་ལས། རྒྱ་གཞུང་ཉེན་རྟོག་པ་དང་ལས་བྱེད་དག་གིས་ཁྲིམས་མཐུན་ཁེ་དབང་རྡོག་རོལ་གྱིས། གང་བྱུང་འཇུ་བཟུང་གཅར་རྡུང་བྱེད་བཞིན་པ་བསྟན་ཡོད།

པདྨ་ཚེ་བརྟན་ལགས་བཙན་འཁྲིད་བཀག་ཉར་བྱས་པའི་གནས་ཚུལ་དེར། རྒྱལ་སྤྱིའི་སྤྱི་ཚོགས་དང་བརྒྱུད་ལམ་ཁག་གིས་དོ་སྣང་དང་གླེང་སློང་ཤུགས་ཆེན་པོ་བྱུང་བ་དང་། དེ་བཞིན། ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་མཐུན་ཚོགས་ཀྱི་ངོས་ནས། འབྲེལ་ཡོད་སྡེ་ཁག་ནས་པདྨ་ཚེ་བརྟན་བཙན་འཁྲིད་བཀག་ཉར་བྱས་པའི་ཐད་ལན་འདེབས་གསལ་བཤད་དགོས་པའི་འབོད་སྐུལ་བྱས་པ་སོགས་ལ་བརྟེན་ནས། ཉིན་དེའི་ཕྱི་དྲོར་མཚོ་སྔོན་གསར་འགྱུར་དྲ་བའི་སྟེང་དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་གནམ་ཐང་ཉེན་རྟོག་ཁང་གིས་བརྡ་ཁྱབ་ཞིག་སྤེལ་བའི་ནང་། པདྨ་ཚེ་བརྟན་ལགས་ “མི་མང་འདུ་སའི་སྒྲིག་གཞིར་གཏོར་བཤིག” ཞེས་པའི་ནག་ཉེས་བཀལ་ཏེ། གནམ་ཐང་གི་ལས་བྱེད་དང་ཉེན་རྟོག་པའི་ལམ་སྟོན་ལ་མ་ཉན་པར་རྙོག་ཟིང་བསླངས་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། སྐབས་དེར་གནས་ཚུལ་བྱུང་དུ་ཡོད་པའི་པདྨ་ཚེ་བརྟན་གྱི་རོགས་པ་ཚོས་བརྒྱུད་ལམ་ཁག་ཏུ་བརྗོད་པ་དང་། རྒྱ་གཞུང་ཉེན་རྟོག་པས་བརྡ་ཁྱབ་སྤེལ་བ་གཉིས་ཀྱི་གནས་ཚུལ་མཐུན་གྱི་མེད་པ་མ་ཟད། རྗེས་སུ་མཚོ་སྔོན་གསར་འགྱུར་དྲ་བའི་སྟེང་གི་བརྡ་ཁྱབ་དེ་བསུབ་ཡོད་པ་རེད། རྒྱ་གཞུང་ཉེན་རྟོག་སྡེ་ཁག་གི་སྔ་ཕྱི་མི་མཐུན་པའི་བྱེད་སྟངས་དེ་དག་ལས། ཁོ་ཚོའི་བྱེད་སྟངས་མཐའ་དག་ཕྱི་གསལ་ནང་གསལ་དང་དྲང་བདེན་ཞིག་མ་ཡིན་པ་གསལ་སྟོན་བྱས་ཡོད།

སྤྱིར་བཏང་རྒྱ་གཞུང་ཉེན་རྟོག་སྡེ་ཁག་གིས་ “ངལ་རྩོལ་བསྒྱུར་བཀོལ” དང་ “སྲིད་འཛིན་བཀག་ཉར” ཟེར་བའི་བྱེད་ཐབས་སྤྱད་ནས། མང་ཚོགས་རྣམས་ལ་གང་བྱུང་གཅར་རྡུང་དང་འཇུ་བཟུང་བཀག་ཉར་གྱིས་སྡུག་སྦྱོང་མནར་གཅོད་གཏོང་བ་དང་། རྒྱུན་རིང་གར་སོང་ཆ་མེད་ཀྱི་གནས་སྟངས་བྱུང་བཞིན་པ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད། བོད་དང་ཤིན་ཅང་ནང་དེ་བས་ཀྱང་གནས་སྟངས་ཛ་དྲགས་ཡིན། གོང་གསལ་བྱེད་ཐབས་དེ་རིགས་ལ་རང་དབང་ལྡན་པའི་ཁྲིམས་ཁང་དང་ཁྲིམས་རྩོད་པས་ལྟ་སྐུལ་ཐོབ་ཀྱི་མེད་སྟབས། རྒྱ་གཞུང་ཉེན་རྟོག་པ་ཚོར་ཁྲིམས་འགལ་གྱི་ཐོག་ནས་མང་ཚོགས་ལ་སྡུག་སྦྱོང་མནར་གཅོད་གཏོང་བའི་གོ་སྐབས་རག་གིན་ཡོད། དེར་བརྟེན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཚོགས་སྡེ་ཁག་མང་པོས་རྒྱ་གཞུང་ལ་ “ངལ་རྩོལ་བསྒྱུར་བཀོལ” དང་ “སྲིད་འཛིན་བཀག་ཉར” ཟེར་བའི་ཁྲིམས་མཐུན་མ་ཡིན་པའི་བྱེད་ཐབས་དེ་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་གནོན་ཤུགས་སྔ་རྗེས་སྤྲད་པར་བརྟེན། ༢༠༡༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་རྒྱ་གཞུང་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུའི་སྟེང་ “ངལ་རྩོལ་བསྒྱུར་བཀོལ” ལམ་ལུགས་རྩིས་མེད་དང་། ངལ་རྩོལ་བསྒྱུར་བཀོལ་ཁང་དུ་བཙོན་འཇུག་བྱས་ཡོད་པ་རྣམས་ཕྱིར་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་ཐག་གཅོད་བྱས་ཡོད། ཡིན་ནའང་། “སྲིད་འཛིན་བཀག་ཉར” གྱི་བྱེད་ཐབས་མུ་མཐུད་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་ནང་གི་རྩོམ་པ་པོ་དང་ཁྲིམས་རྩོད་པ། དམངས་གཙོ་དོན་གཉེར་བ་མང་པོ་ཞིག་ལའང་། “མི་མང་འདུ་སའི་སྒྲིག་གཞི་གཏོར་བཤིག” གི་ཉེས་མིང་འོག་འཇུ་བཟུང་བཙན་འཁྲིད་དང་བཀག་བསྐྱིལ་འདྲི་གཅོད། ཁྲིམས་གཅོད་བཙོན་འཇུག་བཅས་བྱས་ཡོད་པ་རེད།

ཡིན་ནའང་། ཐེངས་འདིར་པདྨ་ཚེ་བརྟན་ལགས་ “སྲིད་འཛིན་བཀག་ཉར” ཞེས་པའི་མིང་ཐོག་ནས་ཉིན་ལྔར་བཀག་ཉར་གྱི་ཉེས་ཆད་བཅད་ཡོད་པ་རེད། ཁོང་འཇུ་བཟུང་སྐབས་ནང་མིར་བརྡ་ལན་སྤྲད་མེད་པ་མ་ཟད། འཇུ་བཟུང་བཙན་འཁྲིད་སྐབས་རྒྱུ་མཚན་གནས་ལུགས་འགྲེལ་བརྗོད་གང་ཡང་མ་བྱས་པར། ཁོང་ལག་པ་གཉིས་རྒྱབ་ལོག་ནས་ལྕགས་སྒྲོག་བརྒྱབ་དང་སྐྲ་ནས་འཇུས་ཏེ་དྲག་སྤྱོད་ཀྱི་སྒོ་ནས་བཙན་འཁྲིད་དང་། མཚན་མོ་གཉིད་མ་བཅུག་པར་ཞོགས་པ་ཆུ་ཚོད་བཞི་ལྔ་བར་ཚ་འདྲི་བྱས་ཡོད་པ་རེད། པདྨ་ཚེ་བརྟན་གྱི་གྲོགས་པོ་བསོད་ནམས་རྒྱལ་གྱིས་བརྒྱུད་ལམ་ཁག་ཏུ་བརྗོད་པ་ལྟར་ན། “ཉེན་རྟོག་པས་དྲག་སྤྱོད་ཀྱི་སྒོ་ནས་པདྨ་ཚེ་བརྟན་ལགས་ཀྱི་ལག་གཉིས་རྒྱབ་ལོག་ནས་ལྕགས་སྒྲོག་བརྒྱབ་པ་མ་ཟད། རྒྱབ་ཕྱོགས་ནས་ཤུགས་ཀྱིས་ཡར་བཀུག་པར་བརྟེན། ཁོང་ལ་ན་ཟུག་བཟོད་མེད་སྐྱེས་ཏེ་ལུས་སྟེང་ནང་དངུལ་ཆུ་ཐོན་པ་དང་། དེ་བཞིན། གནམ་ཐང་ཉེན་རྟོག་ཡན་ལག་ཁང་དུ་ཉེན་རྟོག་པས་ཁོང་ལྕགས་དྲའི་བཅུག་པ་དང་། རྐང་ལག་བཞི་ ‘སྟག་གི་རྐུབ་སྟེགས’(老虎凳)ཟེར་བའི་སྟེང་བཅུག་བསྡམས་བྱས་ཏེ་འདྲི་གཅོད་བྱས་ཡོད་པ་རེད།” དེར་མ་ཟད། པདྨ་ཚེ་བརྟན་ལགས་ཀྱི་ལུས་པོའི་སྟེང་རྨ་ཤུལ་མང་པོ་བཟོས་ཡོད་འདུག

དེ་ལྟར་སྡུག་སྦྱོར་མནར་གཅོད་བཏང་བར་བརྟེན་ནས། ཕྱི་ཚེས་ ༢༧ ཉིན་པདྨ་ཚེ་བརྟན་ལགས་ཀྱི་ནད་གཞི་ཁག་འཕར་ཏེ། མགོ་ཡོམ་འཁོར་བ་དང་རོ་སྟོད་འཚང་བ། རྐང་ལག་སྦྲིད་པ་སོགས་གཟུགས་པོ་མ་བདེ་བ་བྱུང་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་རེད། པདྨ་ཚེ་བརྟན་གྱི་གྲོགས་པོ་ཁི་ཁི་(ཚབ་མིང་)ལགས་ཀྱིས་གསར་ལམ་ཏུ་བརྗོད་པ་ལྟར་ན། ཉེན་རྟོག་པས་སྨན་ཁང་དུ་གནས་ཚུལ་ཅི་ཞིག་བྱུང་ཡང་ནང་མིས་འགན་འཁུར་དགོས་པ་དང་སྨན་རིན་རྣམས་ཀྱང་ནང་མིས་སྤྲོད་དགོས་སྐོར་བཤད་དེ། བཀག་ཉར་སྐབས་བྱུང་བའི་དོ་བདག་གི་གཟུགས་པོ་བདེ་མིན་ཐད་འགན་མི་འཁུར་བའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། སྨན་བཅོས་གྲུབ་རྗེས་བསྐྱར་དུ་མུ་མཐུད་བཀག་ཉར་བྱ་དགོས་སྐོར་བརྗོད་ཡོད་པ་རེད། གནས་ཚུལ་འདི་ལས་རྒྱ་གཞུང་ཉེན་རྟོག་པས་མང་ཚོགས་འཇུ་བཟུང་བཀག་ཉར་སྐབས་ཁོ་ཚོའི་བདེ་ཐང་ལ་འགན་འཁུར་གྱིན་མེད་པ་གསལ་པོར་བསྟན་ཡོད། མ་གཞི་བོད་ནང་དུ་རྒྱ་གཞུང་ཉེན་རྟོག་པས་བོད་མི་རྣམས་འཇུ་བཟུང་བཀག་བསྐྱིལ་སྐབས། སྡུག་སྦྱོར་མནར་གཅོད་ཚད་མེད་བཏང་སྟེ་འདས་གྲོངས་བཏང་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་གནམ་ཐང་ཉེན་རྟོགས་སྡེ་ཁག་གི་བརྡ་ཁྱབ་ནང་། “རྒྱ་ཆེའི་དྲ་དམངས་ནས་ཉེན་རྟོག་པས་ལས་དོན་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་དུས་མཚུངས། རྒྱ་ཆའི་དྲ་དམངས་ནས་ཉེན་རྟོག་སྡེ་ཁག་དང་ཉེན་རྟོག་པའི་ཁྲིམས་སྒྲིག་ལག་བསྟར་ཐད་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཡོད།” ཅེས་དང་། “ཁྲིམས་ལུགས་ཀྱི་གཏན་འབེབ་གཞིར་བཟུང་འདྲི་གཅོད་བྱས་ཡོད་པ་དང་། ཁྲིམས་ལག་བསྟར་སྐབས་ཀྱི་བརྒྱུད་རིམ་ཆ་ཚང་བརྙན་ཕབ་བྱས་ཡོད།” བསྐོར་བརྗོད་འདུག དེ་བཞིན། ཟི་ལིང་གནམ་ཐང་ཉེན་རྟོག་ཡན་ལག་སྡེ་ཁག་གི་དྲིལ་བསྒྲགས་འགན་འཛིན་མཱིན་ཅོན་གྱིས་ “གནམ་ཐང་དུ་བརྙན་ལེན་དྲ་མིག་ཡོད་པ་དང་། ཉེན་རྟོག་པར་ཁྲིམས་ལག་བསྟར་གྱི་དཔྱད་ཡིག་ཡོད།” ཚུལ་བརྗོད་ཡོད་པ་རེད། ཡིན་ནའང་། ད་ལྟའི་བར་གནས་ཚུལ་ཕྱི་གསལ་ནང་གསལ་གང་ཡང་བཟོས་མེད་པ་མ་ཟད། མཚོ་སྔོན་གསར་འགྱུར་དྲ་བར་སྤེལ་བའི་ཉེན་རྟོག་སྡེ་ཁག་གི་བརྡ་ཁྱབ་ཀྱིས་མཚོན་པའི་སྤྱི་ཚོགས་དྲ་རྒྱའི་སྟེང་གི་འབྲེལ་ཡོད་གནས་ཚུལ་རྣམས་ནག་གསུབ་དང་བཀག་སྡོམ་བྱས་ཡོད་པ་རེད།

སྤྱིར་པདྨ་ཚེ་བརྟན་ལགས་ཀྱི་གནས་དེ་ནི་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པར། གནང་ཐང་དུ་ལྷག་པའི་ཅ་དངོས་ཤིག་ཕྱིར་ལེན་པའི་གནས་ཚུལ་དང་འབྲེལ་ནས། ཉེན་རྟོག་པས་མང་ཚོགས་ཐོག་གང་བྱུང་དྲག་སྤྱོད་སྤེལ་ཏེ། སྤྱི་དམངས་ཀྱི་ཁེ་དབང་དང་ཐོབ་ཐང་རྩིས་མེད་རྡོག་རོལ་བའི་གནད་དོན་ཞིག་ཆགས་ཡོད་པས། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་དྲང་བདེན་དང་ཡོངས་བསྒྲགས་ཀྱི་ཐོག་ནས་གནས་ཚུལ་དེ་ཐག་གཅོད་དགོས་ངེས་ཤིག་ཆགས་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ནས། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་གནམ་ཐང་ནས་བཙན་འཁྲིད་བཀག་ཉར་དང་རྩུབ་སྤྱོད་འདྲི་གཅོད་བྱས་པའི་ཐད། དྲང་བདེན་དང་ཡོངས་བསྒྲགས་ཀྱི་ལམ་ནས་ཐག་གཅོད་དགོས་པའི་ནན་སྐུལ་དང་། ཁོང་གི་གནས་ཚུལ་ཐད་དོ་སྣང་དང་སེམས་ཁུར་གནང་མཁན་གྱི་ནང་མི་དང་གྲོགས་པོ་དག་གི་གཙོས། རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་ལན་འདེབས་ཁུངས་ལྡན་ཞིག་ཡོང་བའི་འབོད་སྐུལ་བྱེད་ཀྱིན་ཡོད།

པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མདོ་སྨད་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་པེ་ཅིན་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་། ཕྱི་ལོ་ ༡༩༩༡ ལོར་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ། བོད་རྒྱ་སྐད་ཡིག་གཉིས་ཐོག་སྒྲུང་འབྲིང་དང་སྒྲུང་ཐུང་ཁག་ ༤༠ ལྷག་དང་བསྒྱུར་རྩོམ་ཁག་ ༢༠ ལྷག་སྤེལ་མྱོང་ཡོད་པ་རེད། དེ་བཞིན། ཁོང་ལ་མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ་དང་། སྐབས་ལྔ་བའི་རྒྱ་ནག་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཕུལ་བྱུང་བྱ་དགའ། སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་ཡོད། ཕྱི་ལོ་ ༢༠༠༢ ལོར་ནས་བཟུང་གློག་བརྙན་གསར་རྩོམ་དང་འཁྲབ་ཁྲིད་ཀྱི་ཕྱག་ལས་གཉེར་ཏེ། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>> དང་ <<དྲི་མེད་ཀུན་ལྡན་འཚོལ་བ>> <<ཁྱི་རྒན>> <<ཐར་ལོ>> སོགས་བོད་སྐད་གློག་བརྙན་བཅུ་གྲངས་ལྷག་བཟོ་བསྐྲུན་བྱས་ཡོད། ཁོང་གི་གློག་བརྙན་ཁག་མང་པོར་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཐོབ་མྱོང་ཡོད་པ་རེད། ད་ལྟའི་ཆར་ཁོང་ནི་རྒྱ་ནག་གི་འཁྲབ་ཁྲིད་པའི་མཐུན་ཚོགས་དང་གློག་བརྙན་པའི་མཐུན་ཚོགས། གློག་བརྙན་རྩོམ་རིག་སློབ་ཚོགས་བཅས་ཀྱི་ཚོགས་མི་ཡིན་པ་རེད།

 

http://ent.sina.cn/film/chinese/2016-06-29/detail-ifxtmweh2775906.d.html?from=timeline&isappinstalled=0

http://ent.sina.com.cn/m/c/2016-06-29/doc-ifxtsatm0986556.shtml

http://news.ifeng.com/a/20160629/49264697_0.shtml

http://www.legaldaily.com.cn/index/content/2016-06/29/content_6694299.htm?node=20908

https://theinitium.com/article/20160629-dailynews-Pema-Tseden/

http://china.caixin.com/2016-06-29/100960285.html

http://www.legaldaily.com.cn/index/content/2016-06/29/content_6694299.htm?node=20908

http://ent.ifeng.com/a/20160630/42643563_0.shtml

to top