དྲ་བརྙན་ལས་འགུལ་བརྒྱུད་ནས། རྒྱ་གཞུང་གིས་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་བཙན་གྱིས་གར་སོང་ཆ་མེད་བཟོས་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།


ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་བཟོས་ནས་མི་ལོ་༢༦ འདས་པའི་རྗེས་དྲན་ཉིན་མོ་སྲུང་བརྩི་དང་འབྲེལ། འདི་ག་ལྟེ་གནས་ཁང་གི་ངོས་ནས། བོད་རྒྱ་གཉིས་ཀྱི་གྲགས་ཆེའི་ཞིབ་འཇུག་པ་དང་གསར་འགོད་པ། ལས་འགུལ་བ་བཅས་ཀྱིས། རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་ཁུངས་སྐྱེལ་ར་སྤྲོད་དང་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་སྐོར་གྱི་དྲ་བརྙན་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད། ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ། ༸པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་ལས་འགུལ་འདི་ཁོང་གློད་གྲོལ་དང་ཁོང་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་མ་བྱུང་བར་དུ་མུ་མཐུད་སྤེལ་རྒྱུ་ཡིན་པ་དྲན་སྐུལ་གཏོང་གི་ཡོད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས། ༸པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་ཁོང་གི་བདེ་ཐང་ལ་བློ་འཚབ་གནང་གི་ཡོད་པ་དང་། དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁོང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་ལས་གསལ་ཡོད། འདི་ལོའི་ཕྱི་ཟླ་༤ བའི་ཚེས་༢༢ ཉིན་ཏེ་༸པཎ་ཆེན་རིན་པོ་ཆེ་དགུང་ལོ་༣༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཐོན་ལ་ཉེ་བ་དང་སྟབས་བསྟུན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནེ་ཌི་པ་རེ་སི་ཡིས། མི་རེ་ངོ་རེ་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། ཁོང་གིས། “ང་ཚོས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལྟ་བུའི་བླ་མ་སྐྱེས་ཆེན་རྣམས་སྲིད་གཞུང་གི་ཐེ་ཇུས་མེད་པའི་སྒོ་ནས་བོད་མིའི་དད་འདུན་གཞིར་བྱས་ཡང་སྲིད་ངོས་འཛིན་དང་སློབ་སྐྱོང་། དད་གུས་ཞུ་བའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས། ཞེས་གསུང་ཡོད།
ཡང་ནས་བསྐྱར་དུ་༸པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཁར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལས་ཁུངས་ཀྱིས། བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཁོང་གང་དུ་བཞུགས་མིན་དང་བདེ་ཐང་ཡིན་མིན་གྱི་གནས་ཚུལ་ཙམ་ཡང་མེད་པ་དེ་ལ་ “ངོས་ལེན་ཞུ་ཐབས་མེད་” སྐོར་བརྗོད་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། རྒྱ་ནག་གཞུང་གིས་ངེས་པར་དུ་༸པཎ་ཆེན་རིན་པོ་ཆེ་གང་དུ་བཞུགས་མིན་གྱི་གནས་ཚུལ་ཁུངས་འཕེར་མཁོ་སྤྲོད་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་རྣམས་རང་དབང་གི་སྒོ་ནས་ཁོང་དང་ཁོང་གི་ནང་མིར་མཇལ་འཕྲད་བྱེད་དུ་འཇུག་དགོས།  

to top