དོན་འགྲུབ་ལགས་བཙོན་དུས་རྫོགས་ཏེ་ཀློད་ཡོད་ཀྱང་ལག་པ་སྐྱོན་ཅན་ཆགས་འདུག

ལོ་སྔོན་མར་བོད་མདོ་སྨད་མཚོ་ལྷོ་ཁུལ་འབའ་རྫོང་ཤིང་ཁྲི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་སྐབས།  རྒྱ་གཞུང་གིས་དགེ་འདུན་པ་རྣམས་འཇུ་བཟུང་བཙན་ཁྲིད་བྱས་པར་བརྟེན། ས་གནས་བོད་མི་མང་ཚོགས་ཀྱིས་དགེ་འདུན་པ་རྣམས་ཀློད་གྲོལ་གཏོང་དགོས་པའི་ཞུ་འབོད་བྱས་པར།  རྒྱ་གཞུང་གིས་མང་ཚོགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་བོད་མི་སྐྱ་སེར་སྐོར་ཅིག་འཇུ་བཟུང་བཙན་ཁྲིད་ཀྱིས་ཁྲིམས་ཐག་བཅད་ཡོད་པའི་ཁྲོད།  ཉེ་སྔོན་དོན་འགྲུབ་ལགས་བཙོན་དུས་རྫོགས་རྗེས་ཀློད་གྲོལ་ཐོབ་སྟེ་ཁྱིམ་དུ་ལོག་ཡོད་ཀྱང་།  བཙོན་ཁང་ནང་རྒྱུན་རིང་པོར་ལག་ལྕག་བརྒྱབ་པ་དང་མནར་གཅོད་བཏང་བའི་རྐྱེན་གྱིས་ཁོང་གི་ལག་པ་སྐྱོན་ཅན་ཆགས་ཡོད་འདུག

photo
ཆབ་སྲིད་བཙོན་པ་དོན་འགྲུབ་ལགས་ཀློད་གྲོལ་ཐོབ་སྟེ་རང་ཁྱིམ་དུ་ལོག་པ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ། ལོ་སྔོན་མར་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་འོག་ལོ་ ༡ དང་ཟླ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཆབ་སྲིད་བཙོན་པ་དོན་འགྲུབ་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་རྗེས།  འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ཕྱིར་ཉིན་རང་ཁྱིམ་དུ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་སེར་སྐྱ་མང་ཚོགས་ཀྱིས་ཁོང་ཀློད་གྲོལ་ཐོབ་སྟེ་ཕྱིར་ལོག་རང་ཁྱིམ་དུ་ལོག་པར་ཁ་བཏགས་སྒྲོན་ཏེ་བསུ་མ་བྱས་ཡོད་འདུག

སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་འབའ་རྫོང་ཤིང་ཁྲི་དགོན་པའི་དགེ་འདུན་པ་སྐོར་ཅིག་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་རྗེས། འབའ་ཤིང་ཁྲི་དགོན་པའི་གྲྭ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་ས་གནས་སེར་སྐྱ་གཉིས་ཀྱིས་གྲྭ་བ་ཚོ་ཀློད་གྲོལ་གཏོང་དགོས་ཞེས་ཡང་བསྐྱར་སྐད་འབོད་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་མི་མང་ཁྲོད་འགད་རྫས་གཡུགས་པ་དང་གང་བྱུང་གཅར་རྡུང་བྱས་སྟབས། དོན་འགྲུབ་ལགས་གཙོས་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་སེམས་ཀྱིས་མ་བཟོད་པར་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་སྟབས།  ཕྱིས་སུ་རྒྱ་ནག་གཞུང་གཞུང་གིས་ཉེས་མིང་སྣ་ཚོགས་འོག་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་ཀྱི་ཁག་ཅིག་ཀློད་གྲོལ་བཏང་ཡོད་ཀྱང་། དོན་འགྲུབ་ལགས་སུ་ལོ་ ༡ དང་ཟླ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།  ཡིན་ནའང་། ཁོང་གི་ནང་མིའི་འབྲེལ་ཡོད་ཁག་ལ་ཞུ་གཏུགས་རིམ་པ་བྱས་མཐར་ད་ལྟའི་བར་ས་གནས་རང་དུ་བཙོན་འཇུག་བཀག་ཉར་བྱས་འདུག

གཞན་ཡང་།  མདོ་སྨད་འབའ་རྫོང་དུ་ཞི་བའི་འབོད་སྐད་བྱེད་མཁན་བོད་མི་མང་ཚོགས་ཁྲོད་རྒྱ་གཞུང་གིས་འགད་རྫས་གཡུགས་པ་དང་གང་བྱུང་གཅར་རྡུང་བྱས་པའི་དོན་རྐྱེན་ཁྲོད།  རང་ལོ་ ༣༥ ཡིན་པའི་བོད་མི་རྒྱ་རིགས་ཐར་ལགས་ཀྱི་མགོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁོང་གི་ནང་མིས་ཞིང་ཆེན་དང་ཁུལ་རིམ་པའི་སྨན་ཁང་དུ་སྔ་ཕྱིར་ཐེངས་གསུམ་ལ་ཀླད་པར་གཤག་བཅོས་བྱས་ཀྱང་མ་ཕན་པར། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཟི་ལིང་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་ཡོད་པ་རེད།

to top