དགེ་འདུན་པ་གཉིས་ཀྱིས་མཉམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག

konchok woeser 01(1)
རང་ལོ་ ༢༣ ཡིན་པའི་གྲྭ་དཀོན་མཆོག་འོད་ཟེར།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་འདུན་པ་གཉིས་ཀྱིས་མཉམ་དུ་རང་ལུས་མེར་བཏང་སྟེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་འདུག  ད་ལྟའི་ཆར་བོད་ནང་སྔ་ཕྱིར་རང་ལུས་མེར་བསྲེགས་གནང་མཁན་ ༡༡༧  པ་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༦།༤༠ ཙམ་ལ།  བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ཟླ་བ་དང་། རང་ལོ་༢༣ ཡིན་པའི་གྲྭ་དཀོན་མཆོག་འོད་ཟེར་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག ཁོང་གཉིས་རང་ལུས་མེར་བསྲེགས་གནང་སྟེ་དུས་ཡུན་རིང་པོ་མ་ལོན་པར་འདས་གྲོངས་སུ་གྱུར་ཡོད་པ་དང་།  སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གཉིས་ཀྱི་སྐུ་ཕུང་གྲྭ་ཤག་སོ་སོར་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་ནས་བརྡ་ལན་འབྱོར་ཡོད་འདུག

Lobsang dawa 01
རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ཟླ་བ།

གྲྭ་བློ་བཟང་ཟླ་བ་ལགས་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། ཁོང་ཕའི་མིང་ལ་རྡོ་རྗེ་མཁའ་འགྲོ་ཟེར་ཞིང་ད་ལྟ་རང་ལོ་ ༦༢ ཡིན་འདུག  ཁོང་གི་མ་སྔོན་ནས་འདས་གྲོངས་ཕྱིན་ཟིན་པ་དང་།  ཕ་མ་གཅིག་པའི་བུ་སྤུན་མིང་སྲིང་བདུན་ཡོད་པའི་གྲས་ནས་ཁོང་ནི་ཆུང་ཤོས་ཡིན་པ་རེད།

གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། མ་རྟ་མགྲིན་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་གྲས་ནས་འབྲིང་བ་དེ་ཡིན་འདུག

ཁོང་གཉིས་ཆུང་ཆུང་སྐབས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཡོད་པ་དང་།  བློ་བཟང་ཟླ་བ་ལགས་དེང་སྐབས་བསྡུས་ཆེན་འཛིན་གྲྭ་ཡིན་པ་དང་། དཀོན་མཆོག་འོད་ཟེར་ལགས་རྒྱུད་པ་གྲྭ་ཚང་ཡིན་ལ། ཁོང་གཉིས་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་གང་ཐད་ནས་མིག་དཔེར་འོས་པ་གཉིས་ཡིན་འདུག

སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི། མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་ ༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། ཁྱོན་བསྡོམས་དགེ་འདུན་པ་ཞལ་གྲངས་ ༧༠༠ ལྷག་ཡོད་འདུག

to top