ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་བ་བཞི་སྔ་ཕྱིར་ཀློད་འདུག

nyatso-zilkar-monastery-in-kham-300x225
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་བ་དང་ཁྲི་འདུ་ས་གནས་མང་ཚོགས་ཀྱིས། ༸གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་སོགས་ཀྱི་འཕྲེད་དར་འཕྱར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་ལགས་དང་། བློ་བཟང་ཉི་མ། བློ་བཟང་བསམ་གཏན། བསོད་ནམས་དགེ་བ་བཅས་བོད་མི་བཞི་དུས་བཀག་མ་རྫོགས་མ་སྔོན་ལ་བཙོན་གྲོལ་བཏང་ཡོད་འདུག

བསྟན་འཛིན་ཤེས་རབ་ལགས་ནི་ཕྱིི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ ཉིན་བཙོན་གྲོལ་བཏང་ཡོད་པ་དང་།  ཁོ་རང་ལ་བཙོན་ཁང་དུ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི།  ཁྲིམས་ཐག་མ་བཅད་གོང་དུ་བཙོན་སྲུང་པས་གཅར་རྡུང་ཚད་མེད་བྱས་ཤིང་།  ཁྲིམས་ཐག་བཅད་རྗེས་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༧ ནས་དགོང་མོ་ཚུ་ཚོད་ ༡༡ བར་ཟངས་སྐུད་དཀྲི་རྒྱུ་དང་ལག་ཤུབས་བཟོ་རྒྱུ་བཅས་ཀྱི་ལས་ཀར་སྐུལ་ཡོད་འདུག

བློ་བཟང་ཉི་མ་ལགས་ནི་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༨ ཉིན་བཙོན་གྲོལ་བཏང་ཡོད་པ་དང་། བསོད་ནམས་དགེ་བ་ལགས་ནི་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༥ ཉིན་བཙོན་གྲོལ་བཏང་ཡོད་འདུག  ཁོང་གཉིས་བཙོན་ཁང་དུ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི།  ཟླ་བ་ ༦ ལྷག་རིང་ཉིན་རེར་དུས་ཚོད་འཁོར་ལོ་ ༣༠༠༠ རེའི་ཤེལ་སྦྱར་བཅུག་པ་དང་། དེའི་རྗེས་ནས་ཉིན་རེར་ལག་ཤུབས་ ༦༥༠ རེ་བཟོ་དགོས་པ་སོགས་ཀྱི་ལས་ཀར་སྐུལ་ཡོད་འདུག

བློ་བཟང་བསམ་གཏན་ལགས་ནི་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༣ ཉིན་བཙོན་གྲོལ་བཏང་ཡོད་པ་དང་།   ཁོང་བཙོན་ཁང་ནང་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་ཉིན་བརྟག་པར་དམག་རྩལ་སྦྱང་དུ་བཅུགས་ཡོད་འདུག

ཁོང་ཚོ་ནི་ཕྱི་ལོ་  ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་ཟིལ་དཀར་དགོན་གྱི་དགེ་འདུན་པ་དང་ཉེ་འཁོར་གྱི་མི་མང་ ༡༤༠༠ ཙམ་གྱིས་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་རིན་པོ་ཆེ་གཙོས་པའི་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས། བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དགོས།  ཞེས་རས་གཞི་དཀར་པོའི་སྟེང་དུ་ཡི་གེ་སྔོ་པོ་དང་དམར་པོ་བྲིས་ནས་འཕྲེད་དར་འཕྱར་ཏེ་སྐད་འབོད་གནང་སྐབས་ཀྱི་མི་སྣ་གཏེ་བོ་ཡིན་པའི་ཉེས་མིང་འོག་འཇུ་བཟུང་བཙོན་ཁྲིམས་བཅད་ཡོད་པ་རེད།

གྲྭ་བསོད་ནམས་དགེ་བ་དང་བློ་བཟང་ཉི་མ།  བློ་བཟང་བསམ་གཏན་གསུམ་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ལ། བསོད་ནམས་དགེ་བ་ལ་ལོ་ ༢ དང་ཟླ ༢ དུས་བཀག་བཙོན་འཇུག་དང་།  བློ་བཟང་ཉི་མ་དང་བློ་བཟང་བསམ་གཏན་གཉིས་ལ་ལོ་ ༡ དང་ཟླ་ ༢ རེ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

བསྟན་འཛིན་ཤེས་རབ་ལགས་ནི་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡ ཉིན་འཛིན་བཟུང་བྱས་ཡོད་པ་དང་།  ཁོང་གིས་དམར་རྗེན་ཞེས་པའི་ཚགས་ཤོག་གཅིག་འགྲེམས་སྤེལ་བྱས་ཡོད་པ་དེ་ནི།  རང་ལུས་མེར་བསྲེགས་སོགས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་གཅིག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

སྤྱི་བཏང་ངལ་རྩོལ་སློབ་གཅུན་ཁང་ཞེས་པའི་རྒྱ་ནག་གི་བཙོན་ཁང་ནང་།  བཙོན་མ་རྣམས་ལ་འཕྲལ་བཞིན་པའི་དཀའ་ངལ་ཆེ་ཤོས་ནི། ཚད་ལས་བརྒལ་བའི་ལས་ཀ་སྐུལ་ཏེ་མནར་གཅོད་གཏོང་བཞིན་པ་དེ་ཆགས་ཡོད།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པའི་ན་གོར་མོ་ངལ་རྩོལ་སློབ་གཅུན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་བཙོན་མ་རྣམས་ལ་འཕྲལ་གྱིན་པའི་དཀའ་ངལ་གཙོ་བོ་ཞིག་ནི།  བཙོན་མ་རྣམས་ལ་སྡུག་པོ་སྐུལ་ཏེ་དུས་རྒྱུན་དཀའ་ཁག་ཆེ་བའི་དམག་སྦྱོང་བྱེད་དགོས་པ་དེ་ཡིན་འདུག

ངལ་རྩོལ་སློབ་གཅུན་ཁང་གི་ལམ་ལུགས་དེ་ནི་རྒྱ་ནག་མ་གཏོགས་འཛམ་གླིང་རྒྱལ་ཁབ་གཞན་ལ་མེད་པའི་ཁྲིམས་མཐུན་མ་ཡིན་པའི་ཁྲིམས་གཅོད་ལམ་ལུགས་ཤིག་ཡིན་ལ།  ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཁྲིམས་བཤེར་བརྒྱུད་མ་དགོས་པར།  ཉེན་རྟོག་སྡེ་ཁག་གིས་ཐད་ཀར་ཁྲིམས་གཅོད་བཙོན་འཇུག་བྱེད་ཀྱི་ཡོད།  བཙོན་འཇུག་དུས་ཡུན་རིང་ཤོས་ལོ་ ༤ ཡིན་པ་རེད། ཁྲིམས་གཅོད་ལམ་ལུགས་དེ་ནི་རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་དང་ཁྲིམས་བཟོའི་བཅའ་ཁྲིམས། སྲིད་གཞུང་གི་ཆད་གཅོད་ཁྲིམས་གཞི། དེ་བཞིན།  རྒྱ་གཞུང་གིས་མིང་རྟགས་བཀོད་ཟིན་པའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛིན་བཅས་ལ་རྒྱབ་འགལ་ཏུ་གྱུར་ཡོད།

རྒྱལ་སྤྱིའི་འབྲེལ་ཡོད་གཞུང་དང་ཚོགས་པ།  རྒྱ་ནག་མང་ཚོགས་བཅས་ཀྱི་གནོན་ཤུགས་རིམ་པར་བྱུང་བར་བརྟེན་ནས།  ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ཉིན། རྒྱ་དམར་དབུས་ཁྲིམས་སྲིད་ལྷན་ཁང་གི་དམར་ཤོག་དྲུང་ཆེ་མཱིན་ཅིན་ཀྲུའུ་ཡིས།  རྒྱལ་ཡོངས་ཁྲིམས་སྲིད་ལས་དོན་ཚོགས་འདུའི་སྟེང་། རྒྱ་ནག་དབུས་གཞུང་གི་ངོས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་རྗེས། ངལ་རྩོལ་སློབ་གཅུན་ལམ་ལུགས་མཚམས་འཇོག་བྱ་རྒྱུ་ཞིབ་འཇུག་ཐག་གཅོད་བྱུང་ཡོད་སྐོར་བསྒྲགས་ཡོད་ཀྱང་།  ད་ལྟ་ཆར་སྔར་བཞིན་ཁྲིམས་མཐུན་མ་ཡིན་པའི་ལམ་ལུགས་ཏེ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་རེད།

to top