གྲྭ་ཁྲི་བཙན་ལགས་འཇུ་བཟུང་བཙན་ཁྲིད་དང་སྟོང་སྐྱབས་དགོན་པར་དམ་དྲག

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་ཕྱི་ཉིན།  རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་དགའ་བདེ་རྫོང་ཐོག་ཏུ་རྩོམ་པ་པོ་གྲྭ་ཁྲི་བཙན་ལགས་གློ་བུར་འཇུ་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད།  དུང་སྐྱབས་དགོན་པའི་ནང་བདེ་སྲུང་མི་སྣ་དང་གཞུང་གི་ལས་བྱེད་མི་སྣ་བརྒྱ་ཙམ་འདུག་སྡོད་བྱས་ཏེ། དགོན་པའི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བཞིན་ཡོད་འདུག

རྩོམ་པ་པོ་གྲྭ་ཁྲི་བཙན་ནམ་ཁྲི་བོད་ཁྲག་ལགས།
རྩོམ་པ་པོ་གྲྭ་ཁྲི་བཙན་ནམ་ཁྲི་བོད་ཁྲག་ལགས།

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། གྲྭ་ཁྲི་བཙན་ལགས་ཀྱིས་དགའ་བདེ་རྫོང་ཁོངས་སུ་ཡོད་པའི་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་ལགས་ཀྱི་ལུང་སྔོན་དགོན་པར་ཕྱིན་ཏེ་སློབ་གཉེར་གནང་བཞིན་ཡོད་པ་དང་།  ཁོང་ལ་ལོ་ན་རྒན་པའི་ཨ་མ་གཅིག་པུ་མ་གཏོགས་ནང་མི་གཞན་གང་ཡང་མེད་སྟབས།  ཉེ་སྔོན་དགུན་ཁའི་གུང་གསེང་སྐབས་ཕྱིར་ནང་དུ་ལོག་སྟེ་ཨ་མ་དང་མཉམ་དུ་བསྡད་ཡོད་ཀྱང་།   ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༡ ཉིན་ཁོང་དགའ་བདེ་རྫོང་ཐོག་ཏུ་བསྐྱོད་ཡོད་པ་དང་། སྐབས་དེར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཁོང་རྫོང་ཐོག་ནས་གློ་བུར་འཇུ་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག  ད་ལྟའི་བར་ནང་མི་དང་གྲོགས་པོ་སོགས་མི་སུ་གང་ཡང་ཁོང་དང་ཐུག་འཕྲད་བྱེད་བཅུག་མེད་སྟབས།  ད་སྐབས་ཁོང་མགོ་ལོག་ཁུལ་དང་དགའ་བདེ་རྫོང་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་ཐུབ་མི་འདུག

དེ་བཞིན། ཕྱི་ཟླ་ ༣ པའི་ཚེས་ ༡༥ ཉིན་དགའ་བདེ་རྫོང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་སྟོང་སྐྱབས་དགོན་པའི་ནང་ཡོང་སྟེ།   གྲྭ་ཁྲི་བཙན་ལགས་ཀྱིས་བརྩམས་པའི་དེབ་དེར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་གྲྭ་བ་རྣམས་རྩིས་སྤྲོད་དགོས་ལུགས་ཀྱི་བཙན་བཀའ་བཏང་ཡོད་འདུག དགོན་པའི་གྲྭ་བཙུན་རྣམས་ཀྱིས་ངོས་ལེན་བྱས་མེད་སྟབས། ཕྱི་ཚེས་ ༡༧ ཉིན་དགའ་བདེ་རྫོང་གི་བདེ་སྲུང་མི་སྣ་དང་ལས་བྱེད་སོགས་མི་བརྒྱ་མ་ཟིན་ཙམ་དགོན་པའི་ནང་བསླེབས་ཏེ། ཁོ་ཚོ་དགོན་པ་གཞུང་གི་མགྲོན་ཁང་ནང་འདུག་འཇུག་དགོས་པ་དང་། དགོན་པའི་འདུ་ཁང་ནང་ཚོགས་འདུ་འཚོགས་འཇུག་དགོས་སྐོར་བརྗོད་ཡོད་ཀྱང་། དགོན་པའི་ངོས་ནས་འདུ་ཁང་ནང་ཚོགས་འདུ་བསྐང་རྒྱུ་དང་། དགོན་པ་གཞུང་གི་མགྲོན་ཁང་ནང་རྒྱ་གཞུང་གི་ལས་བྱེད་རུ་ཁག་སྡོད་འཇུག་རྒྱུ་ངོས་ལེན་བྱས་མེད་སྟབས།  རྒྱ་གཞུང་གིས་དགོན་པའི་ར་སྐོར་ནང་ལས་བྱེད་རུ་ཁག་འདུག་སའི་སྡོད་གུར་མང་པོ་བརྒྱབ་པ་དང་། དགོན་པའི་འདུ་ཁང་གི་སྒོ་ཁར་དྲིལ་བསྒྲགས་སློབ་གསོའི་འཕྲེད་དར་འཕྱར་ཞིང་། འདུ་ཁང་གི་མདུན་གྱི་འཁྱམ་རའི་ཐང་དུ་གྲྭ་བ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཚོགས་འདུ་བསྐངས་ཏེ།  དགོན་པར་ཕྱོགས་ཡོངས་ནས་བཀག་སྡོམ་དམ་དྲག་བྱེད་མགོ་བརྩམས་ཡོད་འདུག

སྟོང་སྐྱབས་དགོན་པའི་འདུ་ཁང་མདུན་དུ་རྒྱ་གཞུང་གིས་དམ་དྲག་ཚོགས་འདུ་ཚོགས་བཞིན་པ།
སྟོང་སྐྱབས་དགོན་པའི་འདུ་ཁང་མདུན་དུ་རྒྱ་གཞུང་གིས་དམ་དྲག་ཚོགས་འདུ་ཚོགས་བཞིན་པ།

གནས་ཚུལ་མཁོ་སྤྲོད་པའི་བརྗོད་པ་ལྟར་ན། དགོན་པའི་ནང་འདུག་སྡོད་བྱེད་མཁན་རྒྱ་གཞུང་གི་ལས་བྱེད་ཀྱི་ཁ་གྲངས་ཇེ་མང་དུ་འཕར་བཞིན་པ་མ་ཟད།  རྫོང་ཐོག་ནས་བུད་མེད་སྐོར་ཅིག་ཁྲིད་ཡོང་སྟེ་ལས་བྱེད་ཚོར་ཟ་མ་གཡོ་སྐོལ་བྱེད་འཇུག་གི་ཡོད་པ་དང་། རྒྱ་གཞུང་གི་ལས་འགུལ་རུ་ཁག་དེ་དགོན་པའི་ནང་ཟླ་གཅིག་ལྷག་འདུག་སྡོད་བྱ་རྩིས་ཡོད་འདུག  ལས་འགུལ་གྱི་ཉིན་དང་པོ་སྟེ་ཁ་སང་ཕྱི་ཚེས་ ༡༧ ཉིན་དགོན་པའི་གྲྭ་བ་རྣམས་ལ་ཚོགས་འདུ་བསྐངས་ཏེ།  གྲྭ་ཁྲི་བཙན་ལགས་ཀྱི་དེབ་དང་འབྲེལ་ཡོད་ཀྱི་གྲྭ་བཙུན་རྣམས་རྩིས་སྤྲོད་དགོས་ལུགས་དང་། ཉེ་སྔོན་བོད་མིའི་རང་དབང་སྒེར་གསུམ་བཅུའི་དུས་དྲན་ཉིན།  དགོན་པའི་གྲྭ་བཙུན་རྣམས་ཀྱིས་དགོན་པའི་ཉེ་འདབས་ཀྱི་བཀའ་བསྟན་རྡོ་བརྩིགས་མའི་མཐའ་འཁོར་དུ་ཞག་སྒྲོན་བསྒྲོན་ཏེ།  རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱང་ངན་རྗེས་དྲན་དང་གསོལ་བ་སྨོན་ལམ་སོགས་གནང་ཡོད་པ་དེ་ནི།  རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། གལ་སྲིད་གྲྭ་བཙུན་རྣམས་ཀྱི་རྒྱལ་ཁབ་ཀྱི་སྒྲིག་བརྩི་སྲུང་ཡག་པོ་མ་བྱས་ཚེ།  རྒྱ་གཞུང་གི་ངོས་འཛིན་ཡོད་པའི་གྲྭ་བའི་ཐོབ་ཐང་ལག་ཁྱེར་མཁན་རྣམས་དགོན་པ་ནས་ཕྱིར་འབུད་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག

གྲྭ་ཁྲི་བཙན་ལགས་ནི་ད་ལྟའི་རྒྱ་གཞུང་གི་ས་ཁོངས་ཆ་བགོས་ལྟར་ན།  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྡོ་ཁ་ཡུལ་ཚོའི་རྒྱ་སྐོར་སྨད་མ་སྡེ་བའི་ཡིན་པ་དང་། ཁོང་ནི་སྟོང་སྐྱབས་དགོན་པའི་གྲྭ་བ་ཡིན་ལ།  ད་ལྟ་རང་ལོ་ ༢༦ ཡིན་འདུག ཁོང་གི་ཨ་མའི་མིང་ལ་ཕག་མོ་ཟེར་བ་དང་། ཁོང་མ་སྨད་གཉིས་སྟོང་སྐྱབས་དགོན་པའི་ཉེ་འདབས་སུ་གནས་བསྡད་བྱས་ཡོད་འདུག

གྲྭ་ཁྲི་བཙུན་ལགས་ཀྱི་སྨྱུག་མིང་ལ་ཁྲི་བོད་ཁྲག་ཟེར་ཞིང་།  ཁོང་གིས་བརྩམས་པའི་<<བདེན་པའི་ཁ་རླངས>>ཞེས་པའི་དེབ་དེ་ཕྱི་ཟླ་ ༣ ཚེས་ ༨ ཉིན་སྟོང་སྐྱབས་དགོན་པའི་ནང་དབུ་འབྱེད་འགྲེམས་སྤེལ་བྱས་ཡོད་པ་དང་།   དེབ་དེའི་ནང་ཕྱི་ལོ་ ༢༠༡༢ ཟླ་ ༡ པའི་ཚེས་ ༨ ཉིན་མགོ་ལོག་དར་ལག་རྫོང་ཐོག་ཏུ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་མཁན།  སྟོང་སྐྱབས་དགོན་པའི་བླ་མ་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་མཛད་རྣམ་དང་། དེ་བཞིན། བོད་མི་རིགས་ཀྱི་རང་དབང་བདེན་པའི་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གདུང་འབོད་ཀྱི་རྩོམ་ཡིག་སོགས་བྲིས་ཡོད་འདུག

དགོན་པའི་མགྲོན་ཁང་མདུན་གྱི་རྒྱ་གཞུང་ལས་བྱེད་རུ་ཁག་གི་རླངས་འཁོར།
དགོན་པའི་མགྲོན་ཁང་མདུན་གྱི་རྒྱ་གཞུང་ལས་བྱེད་རུ་ཁག་གི་རླངས་འཁོར།

གཞན་ཡང་། བདེན་པའི་ཁ་རླངས་ཞེས་པའི་དེབ་དེའི་ནང་། “དུས་དང་རྣམ་པ་ཀུན་ཏུ་བདེ་སྐྱིད་ཀྱི་ཕྱོགས་ལ་འབད་མེད་དུ་རྒྱུག་པའི་སྲོག་ལྡན་མཐའ་མེད་པ་འདི་དག་ང་དང་གཅིག་མཚུངས་ཡིན་ན། ང་ལ་བདེ་སྐྱིད་མཁོ་བ་བཞིན་དུ་ཁོ་ཚོ་ལའང་བདེ་སྐྱིད་ནི་མེད་དུ་མི་རུང་བའི་མཐར་ཐུག་གི་དམིགས་བྱ་ཉག་གཅིག་ཡིན་པ་གདོན་མི་ཟ། དེའི་ཕྱིར་ན་བདེ་སྐྱིད་འཐོབ་ཕྱིར་ཏུ་གྲངས་མེད་པའི་བྱ་དངོས་སྣ་ཚོགས་ཤིག་བསྐྲུན་ནས་རང་གཞན་ཀུན་འཕུང་བ་དང་འཚེངས་བའི་ཁྱད་པར་མི་ཤེས་པའི་ཚད་ཙམ་དུ་བསླེབས་ཡོད། འགའ་ཞིག་ནི་ཚེ་སྲོག་སྲུང་བྱེད་དང་། ལ་ལ་ནི་ཚེ་སྲོག་གཅོད་བྱེད་དུ་འགྱུར་ཡོད་པ་དེ་འདྲ་རེད། འོན་ཀྱང་། ཡོད་ཚད་བདེ་སྐྱིད་དངོས་མ་ཞིག་འཐོབ་པའི་ཆེད་དུ་བྱས་པ་ཤ་སྟག་གོ། འཇིག་རྟེན་པའི་དགྲ་འདུལ་གཉེན་སྐྱོང་། ཆོས་ལུགས་པའི་གྲུབ་མཐའ་སྣ་ཚོགས།  བརྟན་གཡོའི་དངོས་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་བདེ་སྐྱིད་ཆེ་ཆུང་མང་པོ་ཞིག་སེམས་ལ་བཟུང་ནས་བསྒྲུབས་པ་འབའ་ཞིག་གོ། ང་ཡིས་དཔེ་ཆ་རྩོམ་པ་འདི་ཡང་བདེ་སྐྱིད་འཐོབ་པའི་ཆེད་དང་ཁྱོད་ཀྱིས་བསམ་གཞིགས་བྱེད་པ་དེ་ཡང་བདེ་སྐྱིད་མྱོང་ཕྱིར་ཁོ་ནའོ། །” ཞེས་བྲིས་ཡོད་པ་མ་ཟད།

དེབ་དེའི་ནང་ “བོད་ཁ་བ་ཅན་གྱི་ཡུལ་གྲུ་འདིར་སྐྱེས་པའི་ཁྲི་བཙན་ནས་ཁྲི་བོད་ཁྲག་ཅེས་པའི་བོད་ཕྲུག་རང་ཉིད་ནི། བློ་མང་བའི་གྲལ་དུ་བཞག་ལ་བསམ་པ་དཀར་བའི་ཁུངས་སུ་གཏོགས་པ། རིག་གནས་ལ་དགའ་བ། རང་རིགས་ལ་དུང་ཞེན་ཆེ་བ། བོད་སྐད་གཙང་མ་སྨྲ་མཁན། ” ཞེས་དང་།  “གང་ལྟར་ང་འཆི་བའི་ཚེ་ན་མི་ཡུལ་ལ་སྐྱེས་པའི་རྐང་རྗེས་ཕྲ་མོ་ཞིག་དང་། རང་ཉིད་ཀྱི་བསམ་ཕྱོགས་རྗེན་པ་དང་སྣང་ཚུལ་དངོས་མ་དེ་ཤུལ་ཏུ་བཞག་འདོད་པས་ད་ལྟ་ནས་གྲ་སྒྲིག་བྱས་པ་ཙམ་མོ། ”  ཞེས་བརྗོད་འདུག

ད་ལྟའི་ཆར་སྟོང་སྐྱབས་ནང་རྒྱུན་བཞུགས་གྲྭ་པ་ ༢༠༠ ལྷག་ཡོད་པ་དང་། དེ་སྔོན་དགོན་པའི་ཆོས་ཐོག་སོགས་དམིགས་བསལ་དུས་ཆེན་སྐབས་གྲྭ་པ་ ༥༠༠ ལྷག་འདུ་འཛོམས་བྱུང་བཞིན་ཡོད་ཀྱང་།  དེའི་ཁྲོད་རྒྱ་གཞུང་གི་ངོས་འཛིན་ལག་ཁྱེར་ཡོད་པའི་གྲྭ་པ་ ༡༠༠ ལྷག་ལས་མེད་སྟབས། གལ་སྲིད་རྒྱ་གཞུང་གི་ངོས་འཛིན་ལག་ཁྱེར་མེད་པའི་གྲྭ་བ་རྣམས་དགོན་པ་ནས་ཕྱིར་འཕུད་བྱས་ཚེ།  དགོན་པ་གྲྭ་བ་ཡོངས་ཀྱི་བརྒྱ་ཆ་ལྔ་བཅུ་ཙམ་ཕྱིར་འཕུད་དགོས་ཐུག་གི་ཡོད་འདུག

to top