གར་སོང་ཆ་མེད་དུ་གྱུར་བའི་དགེ་རྒན་དཀོན་མཆོག་ཉི་མའི་ནང་མི་དགེ་ཕྲུག་དག་གིས་སེམས་ཁྲལ་ཆེན་པོ་གནང་བཞིན་འདུག

imageweee
རྒྱ་གཞུང་འཇུ་བཟུང་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་འབྲས་སྤུངས་དགོན་པའི་དགེ་རྒན་ཐེ་བོ་དཀོན་མཆོག་ཉི་མ་ལགས། (པར་ཁུངས་ཨེ་ཤ་ཡ།)

ཕྱི་ལོ་ ༢༠༠༨ ལོར་འབྲས་སྤུངས་དགོན་པའི་སྒོ་མང་གྲྭ་ཚང་གི་དགེ་རྒན་ཐེ་བོ་དཀོན་མཆོག་ཉི་མ་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་རྗེས་གར་ས་མེད་དུ་གྱུར་ཡོད་པ་ལྟར།  ཉེ་ཆར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཡོད་པའི་ཁོང་གི་དགེ་ཕྲུག་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་ན།  ཁོང་གི་ནང་མི་གཙོས་དགེ་ཕྲུག་ཚང་མས་ཧ་ཅང་སེམས་ཁྲལ་ཆེན་པོའི་སྒོ་ནས་རྩད་གཅོད་གནང་བཞིན་ཡོད་འདུག

ཉེ་ཆར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བའི་གྲྭ་བསྟན་འཛིན་ཟླ་བ་(མིང་ཚབ)ལགས་ནི་བོད་མདོ་སྨད་མཛོད་དགེ་ཤོག་ཁ་ལྔའི་ཁོངས་གཏོགས་ཏེ།  ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་ན།  ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཚོང་རུ་ཞང་ནས་ཡིན་པ་དང་།  ད་ལྟ་ཁོ་རང་ལོ་ ༣༦ ལ་སོན་ཡོད།  ཁོང་རང་ལོ་ ༡༤ ཐོག་ཚོང་རུ་བར་མའི་དགོན་བཀྲ་ཤིས་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས་ཡོད་པ་དང་།  དེ་སྔོན་ཆོས་སློབ་གཉེར་ཆེད་རྒྱ་གར་དུ་བྲོས་བྱོལ་བྱས་ཀྱང་མ་ཐར་སྟབས།  རྗེས་སུ་གདན་ས་ཆེན་པོ་འབྲས་སྤུངས་དགོན་པར་ཟུར་ཞུགས་ཀྱིས་ནང་ཆོས་ལ་སློབ་གཉེར་གནང་ཡོད་ལ།  སྐབས་དེར་ཁོ་རང་ནི་དགེ་རྒན་དཀོན་མཆོག་ཉི་མ་ལགས་ཀྱི་དགེ་ཕྲུག་ཏུ་གྱུར་ཡོད་པ་རེད། སྔོན་ཆད་དགེ་རྒན་དཀོན་མཆོག་ཉི་མ་ལགས་ཀྱང་ཁོ་རང་ནང་བཞིན་བོད་མདོ་སྨད་ཐེ་བོ་གཟའ་རུ་དགོན་པ་ནས་འབྲས་སྤུངས་དགོན་དུ་ཆོས་སློབ་ཆེད་འོངས་པའི་གྲྭ་པ་དཀྱིས་མ་ཞིག་ཡིན།   རྗེས་སུ་སློབ་གཉེར་ཕུལ་དུ་ཕྱིན་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས།  རྒྱ་གཞུང་གིས་ཉེས་མིང་འདྲ་མིན་འོག་གདན་ས་ཁག་གསུམ་གྱི་གྲྭ་བཙུན་མང་པོ་འཇུ་བཟུང་བཀག་བསྐྱིལ་དང་ཁྲིམས་གཅོད་བཙོན་འཇུག་སོགས་བྱས་ཡོད་པ་ལྟར།  ལོ་དེའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིནདགེན་དཀོན་མཆོག་ཉི་མ་དང་དགེ་བསྐོས་འཇམ་དཔལ་དབང་ཕྱུག་གཉིས་དགོན་པ་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད།  ༢༠༡༠ ལོའི་ཕྱི་ཟླ་ ༦ ནང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དགེ་བསྐོས་འཇམ་དཔལ་དབང་ཕྱུག་ལ་ཚེ་བཙོན་དང་།  དགེ་རྒན་དཀོན་མཆོག་ཉི་མ་ལ་དུས་བཀག་བཙོན་འཇུག་ལོ་ ༢༠ ཁྲིམས་ཐག་བཅད་ཡོད་ཚུལ་གསལ་བསྒྲགས་པ་ཙམ་ལས།  སྔར་བཞིན་ཁོང་གཉིས་གར་ཡོད་ཀྱི་ཞིབ་ཕྲའི་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད།

དགེ་རྒན་དཀོན་མཆོག་ཉི་མའི་དགེ་ཕྲུག་ཏུ་གྱུར་མྱོང་བའི་གྲྭ་བསྟན་འཛིན་ཟླ་བ་ལགས་བརྗོད་ན། རྒྱ་གཞུང་གིས་དགེ་རྒན་དཀོན་མཆོག་ཉི་མ་འཇུ་བཟུང་བྱས་རྗེས།  ཁོང་ལ་ཁྲིམས་ཐག་ལོ་ ༢༠ བཅད་ཡོད་པའི་སྐད་ཆ་ཙམ་ལས།  དོན་དངོས་ཐོག་ནང་མི་སྤུན་མཆེད་དང་མི་མང་མདུན་སར་ཡོངས་བསྒྲགས་ཀྱི་ཁྲིམས་ར་འཚོགས་མེད་པ་མ་ཟད། སྔར་བཞིན་དགེ་རྒན་ཁོང་བཙོན་ཁང་གང་དུ་བཅུག་ཡོད་དང་། ཤི་གསོན་གྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སྐོར།  ཁོང་གི་ནང་མི་སྤུན་མཆེད་སུ་གཅིག་གིས་ཀྱང་ཤེས་ཀྱི་མེད་པར་ལྷག་ཡོད་པ་རེད། ད་ལྟའི་ཆར་དགེ་རྒན་ལགས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཐད།  ཁོང་གི་ནང་མི་སྤུན་མཆེད་སོགས་ཀྱིས་སེམས་ཁྲལ་ཞེ་དྲགས་བྱེད་བཞིན་ཡོད་པ་མ་ཟད། དགེ་རྒན་ལགས་ཀྱི་དགའ་ཉེ་གྲོགས་པོ་དང་དགེ་ཕྲུག་མང་པོས་བློ་འཚབ་ཆེན་པོའི་སྒོ་ནས་གང་སར་རྩད་འཚོལ་བྱེད་བཞིན་ཡོད་འདུག

༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་གྲངས་ ༣༥༠ ཙམ་ནས་མགོ་འཛུགས་བྱས་ཏེ་ལྷ་ས་བར་ཞི་རྒོལ་གོམ་མགྲོད་བྱས་པའི་སྐབས།  ལམ་བར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བཀག་སྡོམ་བྱས་པར།  དགེ་འདུན་པ་ཚོས་མུ་མཐུད་ཞི་རྒོལ་བྱས་ཏེ་རང་སར་ཟས་བཅད་ངོ་རྒོལ་གནང་མཐར།  དགེ་འདུན་པ་ཁག་ཅིག་འཇུ་བཟུང་དང་དེ་ཕྲོས་རྣམས་བཙན་གྱིས་དགོན་པར་ཕྱིར་བསྐྱལ་ཡོད་པ་དང་།  རྗེས་སུ་གདན་ས་སེ་འབྲས་དགའ་གསུམ་དུ་ཞི་རྒོལ་ནང་ཞུགས་མཁན་གྲྭ་བཙུན་མང་པོ་འཇུ་བཟུང་བཙན་ཁྲིད་དང་།  དེ་བཞིན། ཆོས་སློབ་གཉེར་ཆེད་ཡོང་མཁན་ཁམས་དང་ཨ་མདོ་ཁུལ་གྱི་དགེ་འདུན་པ་རྣམས་འཇུ་བཟུང་གིས་སོ་སོའི་སྐྱེས་ཡུལ་དུ་བཙན་སྐྱེལ་གྱིས་ས་གནས་སྤྱི་བདེ་ཚན་པར་རྩིས་སྤྲོད་བྱས་ཡོད་པ་ལྟར།  གྲྭ་བསྟན་འཛིན་ཟླ་བ་ལགས་ཀྱང་སྐབས་དེར་ཞི་རྒོལ་ནང་ཞུགས་ཡོད་པ་མ་ཟད། རྗེས་སུ་བཙན་གྱིས་ཕྱིར་རང་ཡུལ་དུ་བསྐྱལ་བའི་གྲྭ་བཙུན་སློབ་གཉེར་བའི་གྲས་ཀྱི་གཅིག་ཡིན་པ་རེད།

ཁོང་གིས་སྐབས་དེར་ཁོ་རང་ཉིད་ལ་འཕྲལ་བའི་གནས་ཚུལ་སྐོར་བརྗོད་དོན།   “ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བརྒྱབ་པའི་ཁྲོད་ང་རང་མཉམ་ཞུགས་བྱས་ཡིན།  སྐབས་དེར་ལམ་བར་དྲག་དམག་དང་ཉེན་རྟོག་པས་བཀག་འགོག་བྱས་ཏེ་གྲྭ་མང་རྣམས་ལྷ་སར་འགྲོ་ཐུབ་མེད། སྐད་འབོད་བྱས་ཏེ་དགེ་འདུན་པ་རྣམས་ཕྱིར་ལོག་སྟེ་དགོན་པར་བསླེབས་པ་དང་དགོན་པར་དམ་བསྒྲགས་ཤུགས་ཆེན་བྱས་སོང་། དེ་རྗེས་ཕྱི་ཟླ་ ༣ ཚེས་༡༧ ཙམ་ལ་ཁམས་དང་ཨ་མདོ་ཁུལ་ནས་ཡིན་པའི་ང་ཚོ་གྲྭ་པ་ཉི་ཤུ་ལྷག་ཙམ་མཉམ་དུ་འཇུ་བཟུང་བྱས་ཏེ་ན་གོར་མོའི་ས་གནས་སྤྱི་བདེ་ཚན་པར་རྩིས་སྤྲོད་བྱས་སོང་། དེ་གར་བཀག་བསྐྱིལ་བྱས་མཐར་སོ་སོའི་ནང་མི་སོགས་ལ་སྐད་བཏང་སྟེ། ཆབ་སྲིད་ཀྱི་གནད་དོན་གང་ཡང་མི་ལྷག་པ་དང་གང་བྱུང་འགྲོ་བསྐྱོད་མི་བྱ་རྒྱུར་ནང་མིར་ཁས་ལེན་མཚན་རྟགས་བརྒྱབ་བཅུག་རྗེས་ང་ཚོ་ཀློད་གྲོལ་བཏང་བྱུང་།  ཡིན་ནའང་།  ས་གནས་ཉེན་རྟོག་པའི་སྲུང་བྱའི་བཀག་སྡོམ་འོག་བསྡད་དགོས་པའི་དཀའ་ངལ་འཕར་མ་ཞིག་འཕྲལ་སོང་།” ཞེས་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།

རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་འཛུལ་དབང་སྒྱུར་བྱས་རྗེས།  བོད་ཀྱི་དགོན་སྡེ་ཕལ་ཆེ་བ་གཏོར་བཤིག་དང་གྲྭ་བཙུན་མང་པོ་དམར་གསོད་བྱས་པ་མ་ཟད།   རིག་གསར་དུས་རླུང་སྐབས་ལྷ་འདྲེ་གདོན་དགག་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་བླ་སྤྲུལ་དང་དགེ་བཤེས། གྲྭ་བཙུན་ཚང་མར་དགག་རྒྱག་མནར་གཅོད་བཏང་སྟེ་བཙན་གྱིས་སྐྱ་སར་ཕབ་ཡོད། རྗེས་སུ་རྒྱ་གཞུང་གི་སྲིད་ཇུས་ལ་ཅུང་ཙམ་འགྱུར་བ་ཕྱིན་ཏེ་ཆོས་སྒོ་ཕྱེ་རྗེས། ས་གནས་བོད་རིགས་མི་མང་རང་ངོས་ནས་སོ་སོའི་དགོན་སྡེ་ཁག་བསླར་གསོ་དང་།  གྲྭ་བཙུན་རྣམས་བསྐྱར་དུ་ཆོས་སྒོར་ཞུགས་ཏེ་ཆོས་སློབ་གཉེར་སོགས་ཀྱི་གོ་སྐབས་ཅུང་ཙམ་ཐོབ་ཡོད་ཀྱང་།  རྗེས་སུ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སྲིད་ཇུས་ཤིག་བསྐྱར་དུ་སྤེལ་མགོ་བརྩམས་ཏེ།  བཙན་གྱིས་དགོན་སྡེ་ཁག་ལ་སྒྲིག་གཞི་འདྲ་མིན་བཟོས་ཏེ་གྲྭ་བཙུན་རྣམས་ཀྱི་ཆོས་སློབ་གཉེར་གྱི་རང་དབང་ཐད་དམ་དྲག་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད་སྟབས།  གྲྭ་བཙུན་མང་པོ་ཞིག་ལ་ཆོས་སློབ་གཉེར་ཀྱི་གོ་སྐབས་མ་ཐོབ་པར་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་གིན་ཡོད་ཀྱང་།  ལམ་བར་དུ་རྒྱ་ནག་གིས་འཇུ་བཟུང་གིས་དཀའ་ངལ་མནར་གཅོད་སྣ་ཚོགས་མྱོང་བཞིན་ཡོད་པ་རེད།

གྲྭ་བསྟན་འཛིན་ཟླ་བ་ལགས་ནི་ཆོས་ལ་དད་འདུན་ཟབ་མོ་ཡོད་མཁན་ཞིག་ཡིན་སྟབས། ཁོང་ཕ་ཡུལ་མདོ་སྨད་ནས་ལྷ་ས་བར་ཕྱག་འཚལ་ཏེ་ཕྱིན་མྱོང་ཡོད་པ་རེད།  ཡིན་ནའང་།  ཁོང་གི་ཡུལ་དགོན་ཚོང་རུ་བར་མ་དགོན་བཀྲ་ཤིས་དགེ་འཕེལ་གླིང་ལ་མཚོན་ན།  ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཙམ་ནས་ས་གནས་གཞུང་གིས་དགོན་པའི་བླ་མ་དང་དགེ་བསྐོས་སོགས་ལ།  ཟླ་རེའི་གླ་ཕོགས་སྤྲོད་རྒྱུའི་ལམ་ལུགས་བཟོས་པ་མ་ཟད། དགོན་པའི་ལས་སྣེ་ཚོར་དགོན་པའི་ནང་ཆབ་སྲིད་གནད་དོན་ལྷག་མི་ཆོག་པའི་འགན་ལེན་བྱེད་བཅུག་པ་སོགས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག  གྲྭ་བསྟན་འཛིན་ཟླ་བ་ལགས་ཀྱིས་སོ་སོར་ཆོས་སློབ་གཉེར་གྱི་རང་དབང་ཐད་འཕྲད་པའི་དཀའ་ངལ་སྐོར་བརྗོད་དོན།  “སྔོན་ཆད་ང་རང་ཕ་ཡུལ་ནས་ལྷ་ས་བར་དུ་གནས་སྐོར་དང་སྦྲགས།  ལོ་གཉིས་དང་ཟླ་གཉིས་ཙམ་རིང་སྐུ་ཕྱག་ཕུལ་ཏེ་ཕྱིན་པ་ཡིན།  སྐབས་དེར་ལྷ་སའི་གདན་ས་སེ་འབྲས་དགའ་གསུམ་ལ་ཆོས་མཇལ་ཞུས་ཤིང་།  ཇོ་ཁང་མདུན་དུ་ཟླ་བ་གསུམ་རིང་ཕྱག་འཚལ་ཏེ་དགེ་སྒྲུབ་ཚོགས་བསགས་གནང་རྗེས།  ཕྱིར་ཕ་ཡུལ་དུ་ལོག་སྟེ་སོ་སོའི་ཡུལ་དགོན་ནང་མུ་མཐུད་ཆོས་སློབ་གཉེར་བྱས་བསྡད་པ་ཡིན། ཕྱི་ལོ་ ༢༠༠༤ ཙམ་ལ་ཕ་ཡུལ་ནས་ལྷ་ས་རིམ་བརྒྱུད་ཀྱིས་ང་ཚོ་མི་གྲངས་ ༡༢ རྒྱ་གར་དུ་བྲོས་བྱོལ་དུ་ཡོང་བ་ཡིན།  ཤར་ཁུམ་བུ་ཟེར་བའི་གངས་རིའི་ཉེ་འཁྲིས་སུ་འབྱོར་སྐབས་མཐའ་སྲུང་དམག་མིས་འཇུ་བཟུང་བྱས་ཏེ་ཉེས་རྡུང་གཏོང་བཞིན་སྟོད་དིང་རི་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱས་བྱུང་།  དེ་ནས་ཉིན་གྲངས་ ༡༥ རིང་ཉེས་རྡུང་བཏང་རྗེས་གཞི་ཀ་རྩེའི་བཀག་ཉར་ཁང་ཞིག་ནང་བསྐྱལ་ཏེ།   བྲོས་བྱོལ་དུ་འགྲོ་དགོས་པའི་གནས་ཚུལ་སོགས་ལ་འདྲི་རྩད་བྱས་ཏེ་ཟླ་དྲུག་རིང་བཙོན་འཇུག་བྱས་མཐར་ཀློད་གྲོལ་བཏང་སོང་། ལྷ་སར་ཡོང་ནས་ལོ་གཅིག་ཙམ་རིང་ལྷ་སའི་གྲོང་མིའི་ཁྱིམ་ཚང་ཁག་ནང་ཕྱིན་ཏེ་ཞབས་བརྟན་སོགས་སྒྲུབ་རྗེས། ཕྱིར་ཕ་ཡུལ་དུ་ལོག་སྟེ་ཡུལ་དགོན་དུ་སློབ་གཉེར་བྱས་བསྡད་ཀྱང་།  དགོན་པའི་མཐུན་རྐྱེན་ཞན་ཐོག་ནམ་རྒྱུན་ཞབས་བརྟན་ལ་འགྲོ་བ་དང་ཞལ་འདོན་བྱེད་རྒྱུ་ཙམ་ལས།  མཚན་ཉིད་དང་གཞུང་ཆེན་ཁག་ལ་སློབ་སྦྱོང་གི་མཐུན་རྐྱེན་བྲལ་སྟབས། ལྷ་ས་འབྲས་སྤུངས་དགོན་དུ་སློབ་ཞུགས་བྱ་རྒྱུའི་འདུན་པ་སྔར་ནས་ཡོད་པ་ལྟར་སོ་སོས་སེམས་ཐག་བཅད་དེ།  ༢༠༠༦ ལོའི་ལོ་མཇུག་ཙམ་ལ་ལྷ་སར་ཕྱིན་ནས་འབྲས་སྤུངས་དགོན་དུ་ཟུར་ཞུགས་ཐོག   སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་ཉི་མ་ལགས་ཀྱི་དགེ་ཕྲུག་བྱས་ཏེ་ཆོས་སློབ་གཉེར་བྱས་བསྡད་པ་ཡིན།” ཞེས་བརྗོད་བྱུང་།

ཕྱི་ལོ་ ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ནས་བཟུང་།  སྔ་ཕྱིར་བོད་ནང་དུ་རང་བསྲེགས་ངོ་རྒོལ་གནང་མཁན་སེར་སྐྱ་ཕོ་མོ་ ༡༢༠ བྱུང་ཡོད་ལ།  ཁོང་ཚོའི་བློས་གཏོང་དང་དགོས་འདུན་ལ་རྒྱབ་སྐྱོར་ཆེད།  བོད་མི་སེར་སྐྱ་མང་ཚོགས་མང་པོས་རང་མོས་ཀྱི་སྒོ་ནས་རང་བསྲེགས་གནང་མཁན་རྣམས་ཀྱི་སྐུ་ཕུང་ལ་མཇལ་དར་འབུལ་བ་དང་ནང་མིར་འཚམས་འདྲིར་བསྐྱོད་པ།  ཞལ་འདེབས་འབུལ་བ་སོགས་གདུང་སེམས་མཉམ་བསྐྱེད་གནང་ཡོད་སྟབས།  རྒྱ་གཞུང་གིས་བོད་མི་མང་པོ་འཇུ་བཟུང་དང་སྡེ་བ་སོ་སོའི་ནང་བཀག་སྡོམ་ལྟ་སྐུལ་ནན་མོ་བྱས་ཡོད་པ་རེད།

གྲྭ་བསྟན་འཛིན་ཟླ་བ་ལགས་ཀྱིས་རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་ཚུལ་ཁག་བརྗོད་པ་ལྟར་ན།  ཕྱི་ལོ་ ༢༠༡༣ ལོ་གསར་ཚེས་ ༡༥ ཙམ་ལ་ཁོ་རང་མཛོད་དགེ་རྫོང་ཁོངས་མན་སྒོ་སྡེ་པར་བསྡད་ཡོད་ལ།  མན་སྒོ་སྡེ་པ་ནི་རི་སྒང་དུ་སྡེ་པ་དྲུག་ཡོད་པའི་གྲས་ནས་ཆེ་ཤོས་ཡིན་སྟབས།   རྫོང་སྲིད་གཞུང་གིས་ས་གནས་ཞང་སྲིད་གཞུང་ལ་བཀའ་བཏང་བ་ལྟར།  ཞང་གི་ལས་བྱེད་ཚོས་གྲོང་ཚོ་སོ་སོའི་མི་མང་བསྡུ་སྐོང་བྱས་ཏེ།  རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ག་པར་བྱུང་ཡང་། དེ་ལ་ཞབས་འདེབས་དང་རོགས་རམ་ཅི་རིགས་བྱེད་མི་ཆོག་པ་དེ་གོང་རིམ་གྱི་བཀའ་ཡིན་པ་དང་།  གལ་སྲིད་བཀའ་མ་རྩིས་པར་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་ཚེ་ཉུང་མཐར་བཙོན་འཇུག་ལོ་གཉིས་དང་། ནག་ཉེས་ཚབས་ཆེ་ཆུང་ལ་གཞིག་ཏེ་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་དྲིལ་བསྒྲགས་བྱས་པ་མ་ཟད། གནས་ཚུལ་དེ་རིགས་མི་ལྷག་པའི་མཛུབ་ཐེལ་རྒྱག་དགོས་ཚུལ་དང་།  གྲོང་ཚོ་གཞན་ཚང་མ་མཛུབ་ཐེལ་བརྒྱབ་ཚར་ཡོད་སྐོར་སོགས་བསླུ་འཁྲིད་རྫུན་བཤད་ཀྱིས་བཙན་བཀའ་བཏང་ཡང་།  མན་སྒོ་སྡེ་པའི་མི་མང་ནས་ཁས་ལེན་རྩ་བ་ནས་མ་བྱས་སྟབས་ལས་བྱེད་དེ་དག་ཕྱིར་ལོག་བྱེད་དགོས་བྱུང་ཡོད་འདུག

གྲྭ་བསྟན་འཛིན་ཟླ་བ་ལགས་ཀྱིས་ཧ་ཅང་སེམས་ཚོར་ཆེན་པོའི་སྒོ་ནས།  “ སྐབས་དེར་མན་སྒོ་སྡེ་པས་མཛུབ་ཐེལ་བརྒྱབ་པ་ཡིན་ན།  གཞན་པའི་སྡེ་པ་ཆུང་བ་ཚོས་ཕལ་ཆེར་མཛུབ་ཐེལ་བརྒྱབ་ཀྱི་ཡོད་པ་ཚོད་དཔག་བྱས་ཏེ།  ལས་བྱེད་དག་གིས་མན་སྒོ་སྡེ་པར་བཙན་བཀའ་བཏང་ཡང་དོན་འབྲས་བྱུང་མེད། དེའི་མཚན་མོ་ཆུ་ཚོད་ ༡༢ ཙམ་ལ་སླར་ཡང་ལས་བྱེད་ཚོ་མན་སྒོ་སྡེ་པར་ཡོང་སྟེ་མཛུབ་ཐེལ་རྒྱག་དགོས་པའི་བཙན་བཀའ་བཏང་ཡང་དོན་འབྲས་མ་བྱུང་སྟབས། ལས་བྱེད་ཚོས་གལ་ཏེ་མཛུབ་ཐེལ་མ་བརྒྱབ་ན་སྲིད་གཞུང་ནས་གྲོང་ཚོར་རོགས་རམ་ཅི་ཡོད་ཆ་ཚང་མེད་པ་བཟོ་རྒྱུ་ཡིན་ལུགས་བརྗོད་པར།  ས་གནས་མི་མང་གིས་ཀྱང་སྲིད་གཞུང་གི་རོགས་རམ་རྩ་བ་ནས་དགོས་པ་མིན་འདུག་ཟེར་ནས་ལན་འདེབས་བྱས་སྟབས། རྒྱ་གཞུང་གི་ལས་བྱེད་པ་ཚོ་ཕྱིར་ལོག་བྱ་དགོས་ཆགས་པ་རེད།” ཅེས་བརྗོད་བྱུང་།

དེ་བཞིན།  ༢༠༡༣ ཟླ་ ༥ ཚེས་ ༢༢ ཉིན་མཛོད་དགེ་རྫོང་ཁོངས་ཀྱི་རྐྱང་ཚ་ཞང་དུ།  རྫོང་ཁག་ ༡༣ གྱི་ལས་བྱེད་པའི་འཐུས་ཚབ་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་།  ཚོགས་འདུའི་ཐོག་ཤང་སོ་སོའི་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལྷག་མི་ཆོག་པ་དང་། ཆབ་སྲིད་ལས་འགུལ་ཅི་རིགས་མི་ལྷག་རྒྱུར་ས་གནས་སོ་སོའི་ལས་བྱེད་ནས་འགན་ལེན་བྱེད་དགོས་པ་སོགས་བསྒྲགས་རྗེས།  ཆབ་སྲིད་དོན་རྐྱེན་མི་ལྷག་པའི་ཆེད་གྲོང་ཚོ་ཁག་ནང་རྒྱ་མིའི་གསང་མྱུལ་མང་པོ་བཞག་ཡོད་སྟབས། བོད་མིི་ནང་ཁུལ་སྐད་ཆ་གང་བྱུང་བཤད་རྒྱུར་དོགས་ཟོན་དང་ཞེད་སྣང་བྱེད་དགོས་པ། བོད་རིགས་ནང་ཁུལ་ཡིད་ཆེས་མེད་པ་ཆགས་པ་སོགས།   མདོར་ན་རྒྱ་གཞུང་གིས་བོད་མི་ནང་ཁུལ་ལ་ཐབས་ཤེས་འདྲ་མིན་ཐོག་འགལ་ཟླ་བཟོས་དང་བཟོ་བཞིན་ཡོད་འདུག

རྒྱ་གཞུང་གི་དྲག་གནོན་བཀག་སྡོམ་གྱི་སྲིད་བྱུས་འོག་སྡོད་ཐབས་བྲལ་ཏེ།  བོད་མི་མང་པོ་ཞིག་ཕྱི་ལོག་ཏུ་བྲོས་བྱོལ་ལ་ཡོང་བཞིན་ཡོད་ཀྱང་།  རྒྱ་གཞུང་གིས་བལ་བོད་མཐའ་མཚམས་ཁུལ་དུ་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད།  ཐ་ན།  མདོ་སྟོད་སྨད་ཕྱོགས་ནས་ལྷ་སར་མཆོད་མཇལ་དུ་ཡོང་མཁན་བོད་མི་རྣམས་ལའང་ཞིབ་བཤེར་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད།  གྲྭ་བསྟན་འཛིན་ཟླ་བ་ལགས་ཀྱིས་རང་ཉིད་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་དགོས་དོན་དང་།  མདོ་སྨད་ནས་ལྷ་སའི་ལམ་བར་དུ་རྒྱ་གཞུང་གི་བཀག་སྡོམ་ཞིབ་བཤེར་ག་འདྲ་བྱེད་ཀྱིན་ཡོད་མེད་སྐོར་རང་ཉིད་ཀྱི་དངོས་མཐོང་གནས་ཚུལ་རྣམས་བརྗོད་དོན།   “ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་གི་བཀའ་སློབ་དང་། སྲིད་སྐྱོང་བློ་བཟང་སེང་གེའི་གཏམ་བཤད། ཀརྟི་རིན་པོ་ཆེའི་བཀའ་སློབ་སོགས་ཀྱི་འོད་སྡེར་མང་པོ་ཞིག་རང་ངོས་གསང་ཐབས་ཀྱིས་གང་སར་བཀྲམ་ཡིན།  ཉིན་ཞིག་གྲོང་ཚོའི་བགྲེས་ཡོལ་བྱས་ཚར་བའི་ནང་གཞུང་གི་ལས་བྱེད་རྒན་གྲས་ཁ་ཤས་ནས།  རང་ལུས་མེར་བསྲེགས་གི་ལས་འགུལ་དེ་ཡག་པོ་མེད་ལུགས་དགག་རྒྱག་གླེང་མོལ་བྱེད་བཞིན་པར་བརྟེན།  ང་རང་ཁོང་ཁྲོ་ཟ་ནས་ཁོང་ཚོ་དང་ཁ་རྩོད་བརྒྱབ་པ་ཡིན། ཁ་རྩོད་བརྒྱབ་པ་དེ་ཉེན་རྟོག་པས་ཤེས་ནས་དགོང་དྲོ་དེར་ང་རང་ཞང་ས་གནས་ཉེན་རྟོག་ཁང་ལ་སྐད་བཏང་སྟེ།  རྩོད་པ་རྒྱག་དགོས་དོན་དང་འོད་སྡེར་བཀྲམ་ཡོད་པའི་དོགས་འདྲི་རྩད་གཅོད་སྣ་ཚོགས་བྱས་སོང་། ངས་ཁས་ལེན་རྩ་བ་ནས་མ་བྱས་སྟབས།  ཁོ་ཚོས་ང་ལ་ཀིརྟི་རིན་པོ་ཆེས་མེར་བསྲེག་ཐོངས་ཟེར་བཞིན་པ་གོ་ཐོས་ཡོད་མེད་དང་། མེ་བསྲེག་གཏོང་རྩིས་བྱེད་མཁན་དེ་འདྲ་ཤེས་ཀྱི་ཡོད་མེད་སོགས་དྲི་བ་མང་པོ་དྲིས་རྗེས།  ཕྱི་ཕྱོགས་ཀྱི་སྐད་ཆ་ནང་ལ་བཤད་ཆོག་གི་མ་རེད། དེ་འདྲའི་གནས་ཚུལ་ལྷག་ན་བཙོན་ཁང་ལས་ལམ་ཁ་གཞན་མེད་པ་སོགས་འཇིགས་སྐུལ་བྱས་མཐར་ཀློད་བྱུང་།  དེར་བརྟེན།  ང་རང་སྐྱབས་མེད་དགོན་མེད་དུ་འཇིགས་དངངས་འོག་བསྡད་མ་འདོད་པར།  ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༣ ཉིན་ལྷ་སར་འགྲོ་བསྐྱོད་ཆོག་པའི་ཡིག་ཆ་ཞིག་བཟོས་པ་ཡིན།  དེའི་ཐོག་ལ་རྫོང་དང་ཞང་རིམ་པ་སོགས་ཀྱི་ཉེན་རྟོག་པས་ཐེལ་ཙེ་ཁག་ལྔ་ཙམ་རྒྱག་དགོས་ཀྱི་འདུག  ང་རང་ལྷ་སའི་མེ་འཁོར་འབབ་ཚུགས་སུ་བསླེབས་སྐབས།  ཞིབ་བཤེར་ས་ཚུགས་ཀྱི་ཉེན་རྟོག་པས་དམིགས་བསལ་བོད་པ་རྣམས་ཁང་པ་ཞིག་ནང་ཁྲིད་རྗེས།  ཉུང་མཐར་ཆུ་ཚོད་ ༤ ནས་ ༥ ཙམ་རིང་ལ་ལུས་དང་ཅ་དངོས་རྣམས་བསྔོགས་བཤེར་བྱས་ཏེ།  དོན་མེད་ཀྱི་དཀའ་རྙོག་འདྲ་མིན་སྣ་ཚོགས་བཟོ་བཞིན་འདུག   ལྷ་སའི་ནང་དམ་དྲག་ཤུགས་ཆེན་པོ་ཡོད་སྟབས་རྒྱུན་རིང་བསྡད་ཐུབ་ཀྱི་མི་འདུག  ལྷ་སར་བསླེབས་རྗེས་ཉིན་ཤས་རྗེས་སུ་ལམ་ཁྲིད་ཅིག་ལ་རྒྱ་སྒོར་ཁྲི་གཉིས་ཙམ་སྤྲད་དེ།  བལ་ཡུལ་ས་མཚམས་འགྲམ་བརྒྱུད་དེ་བྲོས་བྱོལ་དུ་བསླེབས་པ་ཡིན། ༢༠༡༣ ལོའི་ཕྱི་ཟླ་ ༧ ཚེས་ ༨ ཉིན་རྡ་ས་དབུས་སྣེ་ལེན་ཁང་ལ་འབྱོར་སོང་། ” ཞེས།  ཁོང་གིས་འདི་ག་ལྟེ་གནས་ཁང་ལ་རང་ཉིད་ཀྱི་མཐོང་ཐོས་སུ་གྱུར་བའི་བོད་ནང་དཀའ་སྡུག་རྣམས་དང་།  ད་ལྟའི་བར་དུ་གར་ཡོད་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་པའི་འབྲས་སྤུངས་དགོན་པའི་དགེ་རྒན་དཀོན་མཆོག་ཉི་མ་ལགས་ཀྱི་གནས་སྟངས་ཐད་ལ།  ཁོང་གི་ནང་མི་ཉེ་འབྲེལ་དང་དགེ་ཕྲུག་དག་གིས་སེམས་ཁྲལ་ཆེན་པོ་གནང་བཞིན་པའི་སྐོར་བརྗོད་བྱུང་།

རྒྱ་གཞུང་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ནང་དུ།  ཉེན་རྟོག་སྡེ་ཁག་གིས་དོགས་ཡོད་ཉེས་ཅན་མི་སྣ་བཀག་ཉར་དང་འཇུ་བཟུང་སྐབས། ངེས་པར་དུ་བཀག་ཉར་དཔང་ཡིག་དང་འཇུ་བཟུང་དཔང་ཡིག་སྤྲོད་དགོས་པ་མ་ཟད།  ཆུ་ཚོད་ ༢༤ ནང་ཚུད་དུ་འབྲེལ་ཡོད་མི་སྣའི་ཁྱིམ་མིར་བརྡ་ལན་སྤྲོད་དགོས་ཀྱི་ཡོད།  དེ་བཞིན།  དོགས་ཡོད་ཉེས་ཅན་མི་སྣ་འཇུ་བཟུང་རྗེས་ཉེན་རྟོག་སྡེ་ཁག་གི་འདྲི་གཅོད་བཀག་སྡོམ་སྤྱིར་བཏང་དུས་ཡུན་ཟླ་གཉིས་དང་ཆེས་མང་ན་ ༤ ལས་བརྒལ་ཆོག་གི་མེད།  གྱོད་གཞི་དངོས་སུ་ཞིབ་དཔྱོད་ཀྱི་མགོ་བརྩམས་པ་ནས་ཟླ་ ༦ ནང་ཚུད་ཁྲིམས་བཅད་ཡོངས་བསྒྲགས་བྱེད་དགོས།  དོགས་ཡོད་ཉེས་ཅན་པ་གང་དེར་ཞིབ་དཔྱོད་འདྲི་གཅོད་ཐེངས་དང་པོ་བྱས་པའི་ཉིན་དེ་ནས་བཟུང་།  དོགས་ཡོད་ཉེས་ཅན་པ་དེས་ཁྲིམས་ཐོག་ནས་རང་ཉིད་ལ་དག་འབུལ་ཆེད་ཁྲིམས་རྩོད་པ་འཚོལ་རྒྱུའི་ཐོབ་ཡོད་པ་མ་ཟད།  ཞིབ་དཔྱོད་དྲི་གཅོད་སྡེ་ཁག་གིས་ཐེངས་དང་པོར་འདྲི་གཅོད་སྐབས།  དོགས་ཡོད་ཉེས་ཅན་པ་དེར་ཁྲིམས་རྩོད་པའི་རོགས་འདེགས་འཚོལ་ཆོག་པའི་ཐོབ་ཐང་ཡོད་པ་གསལ་བརྗོད་དང་། མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་ཡིག་ཆ་འབྱོར་བ་ནས་བརྩིས་ཏེ་ཉིན་ ༣ ནང་ཚུད་དོགས་ཡོད་ཉེས་ཅན་པར་ཁྲིམས་རྩོད་པ་གླས་ཆོག་པའི་ཐོབ་ཐང་ཡོད་པ་གསལ་བརྗོད།  མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དང་ལེན་བྱས་པའི་ཉིན་ནས་བརྩིས་ཏེ་ཉིན་ ༣ ནང་ཚུད་དོགས་ཡོད་ཉེས་ཅན་པར་ཁྲིམས་རྩོད་པ་གླས་ཆོག་པ་གསལ་བརྗོད་བཅས་བྱེད་དགོས།  དེར་མ་ཟད།  བཀག་བསྐྱིལ་འོག་ཡོད་པའི་དོགས་ཡོད་ཉེས་ཅན་པས་སོ་སོའི་ནང་མི་དང་འབྲེལ་ཡོད་མི་སྣ་བརྒྱུད་ཁྲིམས་རྩོད་པ་གླས་ཆོག་པའི་ཐོབ་ཐང་ཡོད་པ་སོགས་གཏན་ལ་ཕབ་ཡོད།

ཡིན་ནའང་།  རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༤  ཚེས་ ༡༡  ཉིན།   འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་རྒན་དཀོན་མཆོག་ཉི་མ་དང་།  དགེ་བསྐོས་འཇམ་དཔལ་དབང་ཕྱུག་གཉིས་དགོན་པ་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས།  ཁོང་གཉིས་ཀྱི་ནང་མི་དང་འབྲེལ་ཡོད་མི་སྣར་ཁོང་གཉིས་གར་ཡོད་ཅི་བྱུང་གི་གནས་ཚུལ་འགྲེལ་བརྗོད་གང་ཡང་མ་བྱས་པར།  ད་ལྟའི་བར་གྱི་དུས་ཡུན་ལོ་ ༥  དང་ཟླ་ ༣  ཉིན་  ༡༨ ལྷག་གི་རིང་གར་སོང་ཆ་མེད་དུ་གྱུར་ཡོད།   གནས་སྟངས་དེ་ནི་རྒྱ་གཞུང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་རྒྱབ་འགལ་གྱིས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཆགས་ཡོད་པ་མ་ཟད།  རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་གསུམ་པའི་ནང་གསལ་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན” ཞེས་པའི་གཞི་རྩའི་ཁྲིམས་ཀྱི་ཁས་ལེན་དེ་ནི།    ཁ་བཤད་ཀྱི་ཚིག་སྟོང་བ་ཙམ་ཡིན་པ་གསལ་རྗེན་དུ་མངོན་ཡོད།

to top