ཁེར་རྐྱང་ཞི་འབོད་གནང་མཁན་དགེ་འདུན་པ་ཞིག་འཛིན་བཟུང་གིས་གར་ཁྱེར་ཆ་མེད་བཟོས་འདུག

རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་བོད་རང་དབང་གི་ཞི་འབོད་གནང་མཁན་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་འཛིན་བཟུང་བཙན་ཁྲིད་ཀྱིས་གར་ཁྱེར་ཅི་བྱས་ཆ་མེད་བཟོས་འདུག

ཟླ་འདིའི་ཕྱི་ཚེས་༡༠ ཉིན་མདོ་སྨད་ཀིརྟི་དགོན་གྱི་དགེ་འདུན་པ་སངས་རྒྱས་རྒྱ་མཚོས་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ། བོད་ལ་རང་དབང་དགོས། ཞེས་ཞི་འབོད་གོམ་བགྲོད་གནང་སྐབས། དེ་མ་ཐག་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་སླེབས་ནས་ཁྲོམ་སྲང་མི་མང་གི་མཐོང་སར་དགེ་འདུན་པ་ཁོང་ལ་གཅར་རྡུང་གཏོང་བཞིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ད་སྔར་རྒྱ་གཞུང་གིས་དགེ་འདུན་པ་ཁོང་གར་ཁྱེར་ཅི་བྱས་ཀྱི་གནས་སྟངས་གསལ་རྟོགས་མ་ཐུབ་པར་ལྷག་ཡོད།

རང་ལོ་༡༧ ཡིན་པའི་དགེ་འདུན་པ་སངས་རྒྱས་རྒྱ་མཚོའི་ཕ་ཡུལ་སི་ཁྲོན་རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ལོ་ན་ཆུང་དུས་ནས་ཁོང་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ནས་ད་ལྟ་སྔོན་འགྲོའི་འཛིན་རིམ་དགུ་བ་ཡིན་འདུག ཁོང་གི་ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཟེར་ཞིང་། སྔོན་ཆད་ཁོང་ཚང་གི་འཚོ་ཐབས་གཙོ་བོ་འབྲོག་ལས་ཡིན་པ་དང་། ཕྱིས་སུ་ཀིརྟི་དགོན་མཐའི་གྲོང་དུ་གནས་སྤོར་བྱས་ཡོད་འདུག

གཞན་ཡང་གོང་ཞུས་གནས་ཚུལ་དང་ཕྱོགས་མཚུངས། ཟླ་འདིའི་ཕྱི་ཚེས་༩ ཉིན་མདོ་སྨད་རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་རང་ནས་ཡིན་པའི་གྲྭ་མིང་ལ་ཆོས་ཀྱི་རྒྱ་མཚོ་དང་སྐྱ་མིང་ལ་འབྲུག་ཁོ་ཞུ་བ་རང་ལོ་༢༢ ཡིན་པའི་གཞོན་སྐྱེས་ཤིག་གིས་རྔ་བ་རྫོང་ཐོག་ཏུ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་དོན་བདེན་མཐའ་སེལ་དགོས། ཞེས་རང་སྲེག་ཞི་འབོད་གནང་སྟེ་ཁོང་གི་གཟུགས་པོའི་བརྒྱ་ཆ་༧༠ འཚིག་སྐྱོན་བྱུང་བ་དང་། ཁོང་ད་ལྟ་སྐུ་གྲོངས་མེད་པའི་སྐོར་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་འདུག་ནའང་། སྔ་རྗེས་ཀྱི་གནས་ཚུལ་བྱུང་རིམ་དང་ལྷག་པར་དུ་ཁོང་དང་ཁོང་གི་ནང་མིའི་ད་ལྟའི་གནས་སྟངས་གསལ་རྟོགས་མ་ཐུབ་པས། འདི་ག་ལྟེ་གནས་ཁང་གི་ངོས་ནས་མུ་མཐུད་ཁོང་གི་དངོས་ཡོད་གནས་སྟངས་ཐད་ལ་ཞིབ་འཇུག་རྒྱུས་ལོན་བྱེད་མུས་ཡིན།

རང་སྲེག་ཞི་འབོད་གནང་མཁན་འབྲུག་ཁོ་ནི་ཕྱི་ལོ་༢༠༠༩ ལོ་ནས་མདོ་སྨད་རྔ་བ་ཁུལ་དུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དབང་བསྒྱུར་དང་དྲག་གནོན་སྲིད་ཇུས་རབ་དང་རིམ་པར་རང་སྲེག་ཞི་རྒོལ་གནང་མཁན་གྲངས་༤༢ པ་དང་། བོད་ནང་དུ་རང་སྲེག་ཞི་འབོད་གནང་མཁན་གྲངས་༡༥༥ དེ་ཆགས་ཡོད།

to top