༧པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༧ འཁོར་བ། 

འདི་ནས་བརྩིས་པའི་མི་ལོ་ ༢༧ གྱི་སྔོན་ཏེ་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ པའི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལ་སོན་པའི་༧པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་གཉིས་དང་ལྷན་དུ་འཇུ་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་བཞུགས་ཤེས་རྟོགས་མི་ཐུབ་པར་གྱུར་བར་བརྟེན་ཁོང་ཉིད་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་ལྷུང་ཡོད།  

ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ པའི་ཚེས་ ༡༤ བཞུགས་སྒར་རྡ་སའི་ཐེག་ཆེན་གཙུག་ལག་ཁང་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་“དེ་རིང་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་ཐོག་མར་བསྐོར་བའི་བཀྲ་ཤིས་པའི་ཉིན་བཟང་ཞིག་ཡིན་པ་དང་དུས་འཁོར་གྱི་དབང་ལུང་མང་ངག་ནི་པན་ཆེན་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་རེད། གཞན་ཡང་དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བ་ཡང་འཁེལ་ཡོད་པར་བརྟེན་ངོས་ཀྱིས་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༤ པའི་ཚེས་ ༢༥ ཉིན་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་སུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་བའི་ཁྱེའུ་དེ་ཉིད་པན་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་ངོས་འཛིན་བྱས་པ་ཡིན་”ཞེས་བཀའ་བསྩལ་གནང་།  

༧པན་ཆེན་ཆུང་སྲིད་རིན་པོ་ཆེ་ངོས་འཛིན་གྲུབ་ནས་ཉིན་གསུམ་ལས་མ་སོང་བར་རྒྱ་ནག་གཞུང་གིས་ཁོང་ཉིད་ཡབ་ཡུམ་དང་ལྷན་དུ་འཇུ་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་ ༢༧ སོང་ཡང་ད་དུང་གློད་གྲོལ་མ་བཏང་བར་གནས་བབ་གང་ཅིའི་ཐད་ནས་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད་པར་བརྟེན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཡང་དང་བསྐྱར་དུ་རྒྱ་ནག་གཞུང་ལ་༧པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་པ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

ཤར་ཊི་མོར་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཇོསེ་རཱ་མོ་སི་ཧོར་ཊ་ Mr. Jose Ramos Horta མཆོག་གིས་རྒྱ་ནག་གཞུང་གིས་རང་གི་ཆེ་མཐོང་ཆེད་བོད་ཀྱི་བྱིས་པ་དེ་ཉིད་བདེ་ཐང་ངང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་ཅིང་སྔ་གཞུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་ཚན་ཁག་དང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་རིགས་འགོག་པའི་ལས་སྒྲུབ་རུ་ཁག  ཆོས་དད་རང་དབང་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ། མནར་གཅོད་འགོག་པའི་ཚན་ཁག  འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་སོགས་ཀྱིས་༧པན་ཆེན་ཆུང་སྲིད་རིན་པོ་ཆེའི་གནད་དོན་གླེང་སློང་གིས་རྒྱ་གཞུང་ལ་རང་གི་བྱ་སྤྱོད་ཐད་འགན་ཁུར་དགོས་པའི་འབོད་སྐུལ་ཞུས་ཡོད་ན་ཡང་ད་བར་གྲུབ་འབྲས་ཆེ་ཞིག་ཐོན་མེད་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་ཐོབ་ཆེད་དུ་མུ་མཐུད་ལྷག་བསམ་རྣམ་དག་དང་ཁ་ཡོད་ལག་ཡོད་ཀྱིས་སྔར་ལས་ལྷག་གི་ནུས་ཤུགས་འདོན་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།  

༧པན་ཆེན་ཆུང་སྲིད་རིན་པོ་ཆེ་འཇུ་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གང་ཅིའི་ཐད་ནས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དུས་སྐབས་ནས་བཟུང་“རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་”རིམ་པའི་འོག་བོད་ཀྱི་སྐད་ཡིག་དང་ཆོས་ལུགས།  རིག་གཞུང་བཅས་ལ་སྔར་ལས་ལྷག་པའི་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད། ཉེ་ལམ་འདི་ག་ལྟེ་གནས་ཁང་གིས་འདོན་སྤེལ་བྱས་པའི་བོད་ནང་གི་སྐད་ཡིག་དང་ཤེས་ཡོན་སྐོར་གྱི་སྙན་ཐོའི་ནང་དུ་ཞི་ཅིང་ཕིང་གིས“མི་རིགས་སྲིད་ཇུས་གཉིས་པའི་”མིང་ཐོག་ནས་བོད་ནང་དུ་“རིག་གཞུང་བཙན་བསྒྱུར་”གྱི་ལས་འགུལ་མངོན་སུམ་འཛེམ་མེད་དུ་སྤེལ་བཞིན་ཡོད་པར་བདེན་དཔང་ར་སྤྲོད་བྱས་ཡོད།  

དེ་རིང་ཆུང་སྲིད་༧པན་ཆེན་རིན་པོ་འཇུ་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་ ༢༧ འཁོར་བའི་ཉིན་མོ་དྲན་གསོ་ཆེད་འདི་ག་ལྟེ་གནས་ཁང་གིས་ངོ་དེབ་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་༧ཆུང་སྲིད་རིན་པོ་ཆེ་འཇུ་བཟུང་བཙན་ཁྲིད་བྱས་པའི་གནད་དོན་དང་༧པན་ཆེན་སྐུ་གོང་མའི་བླ་ན་མེད་པའི་མཛད་རྗེས་རྗེས་དྲན་ཞུ་བའི་བཞུགས་མོལ་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་པ་རྒྱ་གར་གྱི་དགོང་མོའི་ཚོུད་ ༧ པའི་ཐོག་ཐད་གཏོང་བྱ་རྒྱུ་ཡིན་པས་ཐུགས་སྣང་ཡོད་པ་ཞུ།  

 ​

to top