༢༠༠༨ ལོར་འཇུ་བཟུང་བྱས་པའི་དགེ་འདུན་པ་གཉིས་གློད་ཀྲོལ་བཏང་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་སེར་ར་དགོན་པའི་དགེ་འདུན་པ་བཅོ་ལྔས་ལྷ་སར་ཞི་བའི་ངོ་རྒོལ་བྱས་རྗེས་འཇུ་བཟུང་འོག་ཚུད་པའི་ཁྲོད་ནས། དགེ་འདུན་པ་གཉིས་ཉེ་ཆར་གློད་ཀྲོལ་ཐོབ་ཡོད་ཀྱང་གཅིག་རིག་འཚོ་མ་ཟིན་པ་ཆགས་ཡོད་པ་རེད།

དེ་ཡང་།  ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ ཙམ་ལ་སྐུ་ཞབས་བློ་གྲོས་ལགས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་ཡོང་སྟེ། བོད་ཀྱི་རྒྱལ་དར་ནམ་མཁར་འཕྱར་ཏེ་སྐད་འབོད་བྱ་རྩིས་བྱེད་སྐབས། ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་ཉིན་ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་འབྲས་སྤུངས་དགོན་པའི་དགེ་འདུན་པས་དགོན་པ་ནས་ལྷ་སར་བར་ཞི་རྒོལ་ཡོང་བའི་ལམ་བར་ཉེན་རྟོག་པས་བཀག་འགོག་གིས་འཇུ་བཟུང་བྱས་ཡོད། དེ་རྗེས་ཕྱི་དྲོ་ཕྱག་ཚོད་ལྔ་པ་ཙམ་ལ་སེར་ར་དགོན་པར་སློབ་གཉེར་གནང་བཞིན་པའི་ཁམས་དང་ཨ་མདོ་ཁུལ་ནས་ཡིན་པའི་དགེ་འདུན་པ་བཅོ་ལྔས་ལྷ་སའི་བར་སྐོར་ནང་བོད་ཀྱི་རྒྱལ་དར་བསྒྲེངས་ནས།  བོད་རང་བཙན་ཡིན་ཞེས་བརྗོད་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་རྗེས། ས་གནས་སྤྱི་བདེ་ཉེན་རྟོག་པས་ཁོང་རྣམས་འཇུ་བཟུང་གིས་ཉེས་རྡུང་ཚད་མེད་བཏང་བ་དང་། སྐབས་དེར་ཉེན་རྟོག་པས་ས་གནས་ཀྱི་ཚོང་ཁང་དང་ཟ་ཁང་སོགས་བཙན་ཤེད་ཀྱི་སྒོ་བརྒྱབ་བཅུག་རྗེས་དྲག་ཆས་ཉེན་རྟོག་དམག་སོགས་ཕོན་ཆེ་འབྱོར་ཡོད། སྐབས་དེའི་གནས་ཚུལ་འདི་ག་ལྟེ་གནས་ཁང་གི་གསར་འགོད་བསྒྲགས་ཤིག་ཀྱང་སྤེལ་ཡོད།

soepa
ཆུ་ཤུར་བཙོན་ཁང་དུ་ལོ་ ༥ རིང་བཙོན་འཇུག་རྗེས་གློད་ཀྲོལ་ཐོབ་པའི་དགེ་འདུན་པ་བཟོད་པ་ལགས།

གསར་ཁང་ཁག་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉཱིན་འཇུ་བཟུང་བྱས་པའི་སེར་ར་དགོན་པའི་དགེ་འདུན་ ༡༥ གྲས་ནས་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་ལོ་ ༥ རིང་བཙོན་འཇུག་བྱས་པའི་དགེ་འདུན་པ་བློ་བཟང་དངོས་གྲུབ་དང་། དགེ་འདུན་པ་བཟོད་པ་གཉིས་ཉེ་ཆར་གསུམ་བཅུའི་དུས་དྲན་ཉིན་ལྷ་ས་ཆུ་ཤུར་བཙོན་ཁང་ནས་གློད་ཀྲོལ་བཏང་ཡོད་ཀྱང་། བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་བཏང་བའི་དབང་གིས་གྲྭ་བློ་བཟང་དངོས་གྲུབ་ལགས་ད་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། གྲྭ་བཟོད་པ་ལགས་སེམས་ཐང་པོ་མེད་པ་ཆགས་ཡོད་འདུག

lobsang-ngodup
ཆུ་ཤུར་བཙོན་ཁང་དུ་ལོ་ ༥ རིང་བཙོན་འཇུག་རྗེས་གློད་ཀྲོལ་ཐོབ་པའི་དགེ་འདུན་པ་བློ་བཟང་དངོས་གྲུབ་ལགས།

གྲྭ་བཟོད་པ་ལགས་གློད་ཀྲོལ་ཐོབ་རྗེས་ལྷ་ས་ནས་རིམ་བརྒྱུད་ཀྱིས་ཕ་ཡུལ་ཉེན་རྟོག་པར་རྩིས་སྤྲད་དེ།  ཕ་ཡུལ་ནས་དགའ་ཉེ་སྤུན་མཆེད་སོགས་མི་གྲངས་ལྔས་ཁག་ཐེག་བྱས་རྗེས་རང་ཁྱིམ་དུ་བཏང་ཡོད་འདུག ཉེ་ལམ་ས་གནས་ཉེན་རྟོག་པས་ཁོང་ལ་གང་བྱུང་འགྲོ་བསྐྱོད་མི་ཆོག་པ་དང་། དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱ་དགོས་པའི་བརྡ་ལན་སྤྲད་ཡོད་པ་མ་ཟད། དམ་དྲག་བསུན་གཙེར་འོག་གནས་དགོས་པ་ཆགས་འདུག ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཞོགས་པར་ལྷ་སའི་བར་སྐོར་ནང་བོད་ཀྱི་རྒྱལ་དར་འཕྱར་ཏེ་སྐད་འབོད་གནང་རྩིས་བྱེད་མཁན་སྐུ་ཞབས་བློ་གྲོས་ལགས་འཇུ་བཟུང་རྗེས་ཁྲིམས་ཆད་ལོ་བཅུ་བཏང་ཡོད་འདུག

 

གྲྭ་བློ་བཟང་དངོས་གྲུབ་ལགས། ད་ལྟ་ ༣༤ ཡིན་པ་དང་། སྐྱེས་ཡུལ་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ནས་ཡིན་ཞིང་། སེར་ཤུལ་རྫོང་དབོན་པོ་དགོན་པར་ཆོས་སློབ་གནང་བ་དང་། དེ་རྗེས་ལྷ་ས་སེར་ར་དགོན་དུ་ལོ་མང་རིང་སློབ་གཉེར་གནང་ཡོད། གྲྭ་བཟོད་པ་ལགས་ནི། ད་ལྟ་རང་ལོ་ ༣༥ ཡིན་པ་དང་། སྐྱེས་ཡུལ་སེར་ཤུལ་རྫོང་མང་དགེ་སྡེ་བ་ནས་ཡིན། འཇུ་བཟུང་མ་བྱས་གོང་ལྷ་ས་སེ་ར་དགོན་དུ་ལོ་ ༧ ལྷག་སློབ་གཉེར་བྱས་ཡོད་པ་རེད།

to top