ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ ནས་ ༢༠ བར་གྱི་ཉིན་གྲངས་ལྔའི་རིང་། ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་ (Asia Democracy Network) དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ (Asian Network for Free Elections) གཉིས་ཀྱིས་གྲུབ་པའི་ཚོགས་མི་བཞི་བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་ཐོག དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་བཅས་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་རྟོག་ཞིབ་དང་། དེ་བཞིན། ད་ལྟའི་ལས་ཐོག་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པར་མཇལ་འཕྲད་བཀའ་མོལ་བཅས་གནང་གཏན་ཁེལ་ཡོད།
ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བའི་གྲུབ་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ལ། ཚོགས་པའི་དམིགས་ཡུལ་ནི་ཨེ་ཤ་ཡའི་ཁུལ་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་དང་། ཨེ་ཤ་ཡའི་ས་ཁུལ་སོ་སོའི་ནང་གི་འོས་བསྡུར་རྟོག་ཞིབ། དེ་བཞིན། ཨེ་ཤ་ཡའི་རྒྱལ་ཡོངས་དང་ས་ཁུལ་སོ་སོའི་ནང་དམངས་གཙོར་རྒྱབ་སྐྱོར་དང་ཡར་རྒྱས་གཏོང་རྒྱུ་བཅས་ཡིན། ཚོགས་པ་འདིའི་ངོས་ནས་ཨེ་ཤ་ཡའི་ཡུལ་གྲུ་ཤྲཱི་ལངྐ་། བལ་ཡུལ། ཐེ་ལན་ཌི། མ་ལའེ་ཤི་ཡཱ། ཀམ་བྷོ་ཌི་ཡཱ། པཱ་ཀི་སི་ཐན། བྷང་ལ་རྡེ་ཤི། ཤར་ཋི་མོར (East Timor) ། ཧིན་དྷི་ཉི་ཞི་ཡཱ་བཅས་ཀྱི་ནང་དུ། དམངས་གཙོ་དར་སྤེལ་གཏོང་ཐབས་ཆེད་ཕྱག་ལས་གནང་མྱོང་ཡོད་པ་རེད།
ཐེངས་འདིར་ཁོ་ཚོ་དྷ་རམ་ས་ལར་ཆེད་ཕེབས་བྱ་དགོས་པར་དམིགས་ཡུལ་གཙོ་བོ་གཉིས་ཡོད་དེ། གཅིག་ནས་བཙན་བྱོལ་བོད་མིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གནས་བབ་ཀྱི་ཚད་དེ་རྒྱལ་སྤྱིའི་སྤྱི་ཚོགས་སྒང་མཐོ་རུ་གཏོང་ཐབས་དང་། གཉིས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འོས་བསྡུ་ལ་རྟོག་ཞིབ་བརྒྱུད་བཙན་བྱོལ་བོད་མིའི་དམངས་གཙོ་ལ་དགེ་སྐྱོན་ག་རེ་ཡོད་མེད་ཐད་བསམ་ཚུལ་འདོན་རྒྱུ་བཅས་རེད། དེར་བརྟེན། ཚོགས་མི་རྣམ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་རྣམ་པ་དང་གཞུང་ཞབས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག གསར་འགོད་པ། མི་དམངས་དཀྱུས་མ་བཅས་དང་མཇལ་འཕྲད་བཀའ་མོལ་བྱ་རྒྱུ་ཡིན་པ་མ་ཟད། ཚོགས་མི་རྣམ་པ་སྔོན་འགྲོའི་འོས་བསྡུའི་ཉིན་མོར་དྷ་རམ་ས་ལ་དང་ཀུ་ལུ་མ་ན་ལི། སྦིར་བོད་ཚོགས་བཅས་ཀྱི་ས་གནས་འོས་བསྡུའི་ཁུལ་དུ་ཕེབས་ནས་རྟོག་ཞིབ་བྱ་རྒྱུ་རེད།
བཞུགས་སྒར་དྷ་སར་ཆེད་ཕེབས་ཚོགས་མི་བཞིའི་ལས་གནས་ནི། སྐུ་ཞབས་ཕི་ར་ཌི་ཕུ་གྷི་མེར་ (Pradip Ghimire) ལགས་ནི་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་འོས་བསྡུ་རྟོག་ཞིབ་མཐུན་ཚོགས་(NEMA)ཀྱི་འབྲེལ་མཐུད་པ་ཡིན། སྐུ་ཞབས་ཊོར་ཨོ་ཌི་ལཱ་ཁཱ་ཝ་ཇཱིབ་ (Tur-Od Lkhagvajav) ལགས་ནི་སོག་པོ་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཕྱི་གསལ་ནང་གསལ་(Transparency International) ཀྱི་ཚོགས་གཙོ་ཡིན། སྐུ་ཞབས་རཱ་ཡན་ཌི་བའེ་ལིན་ (Ryan D. Whelan) ལགས་ནི་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་(ANFREL)གི་འབྲེལ་མཐུད་པ་ཡིན། སྲས་མོ་ཀཱན་ཆིན་ཁ་ཐི་རི་ (Kanchan Khatri) ལགས་ནི་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་འོས་བསྡུ་རྟོག་ཞིབ་མཐུན་ཚོགས་(NEMA)ཀྱི་ལས་བྱེད་བཅས་ཡིན་པ་རེད།
དེ་བཞིན། ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གཉིས་ཀྱི་ངོས་ནས། བཙན་བྱོལ་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་དམངས་གཙོའི་ལམ་ལུགས་འདི་ཉིད་གལ་ཆེའི་ལོ་རྒྱུས་རང་བཞིན་ལྡན་པ་དང་། བོད་མིའི་དམངས་གཙོའི་མངོན་འདོད་དང་འབད་བརྩོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པ་གསལ་འདོན་དང་། བཙན་བྱོལ་བོད་མིའི་ངོས་ནས་ལྷག་བསམ་རྣམ་དག་དང་ཆོད་སེམས་བརྟན་པོའི་སྒོ་ནས། བཙན་བྱོལ་གྱི་གནས་བབ་དང་འབྲེལ་བའི་དཀའ་ངལ་མཐའ་དག་ལ་གདོང་ལེན་བྱས་པའི་ཐོག་ནས། མུ་མཐུད་རྒྱལ་མཚམས་མེད་པའི་དམངས་གཙོའི་རང་བཞིན་ལྡན་པའི་ལམ་ལུགས་ཤིག་བརྩི་སྲུང་བྱེད་བཞིན་པར་ངོས་འཛིན་བྱས་ཡོད།
ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན། བཙན་བྱོལ་བོད་མིའི་སྔོན་འགྲོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱ་གཏན་ཁེལ་ཡོད་པ་ལྟར། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་ཤོག་ཚད་ངེས་ཅན་ཐོབ་མཁན་རྣམས་རྩེ་བཏོག་གིས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་དངོས་གཞིའི་འོས་བསྡུ་བྱ་རྒྱུ་ཡིན་ལ། འོས་བསྡུའི་ཁྱབ་ཁོངས་ནི་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་ཡུལ་ཕུད། གཞན་བོད་མི་གནས་སྡོད་བྱ་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་སྤེལ་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་བར་དེབ་སྐྱེལ་བྱས་པའི་དབུས་འོས་བསྡུ་ལས་ཁང་གི་གྲངས་འབོར་གཞིར་བཟུང་ན། ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་མི་གྲངས་ ༨༧༡༧༩ ལ་སླེབས་ཡོད་པའི་ནང་། དབུས་གཙང་ཆོལ་ཁར་དེབ་སྐྱེལ་མི་གྲངས་ ༤༥༧༤༨ དང་། མདོ་སྟོད་ཆོལ་ཁར་དེབ་སྐྱེལ་མི་གྲངས་ ༢༠༦༡༣། མདོ་སྨད་ཆོལ་ཁར་དེབ་སྐྱེལ་མི་གྲངས་ ༤༣༦༩ བཅས་ཡོད་པ་རེད། དེ་བཞིན། བྱང་ཨ་རི་ཁུལ་དེབ་སྐྱེལ་མི་གྲངས་ ༩༨༠༣ ། ཡུ་རོབ་ཁུལ་དུ་དེབ་སྐྱེལ་མི་གྲངས་ ༥༦༩༤ ། ཨོ་སི་ཌོ་ལི་ཨེ་ཤ་ཡ་ས་ཁུལ་དུ་དེབ་སྐྱེལ་མི་གྲངས་ ༩༥༢། གཞན་ཡང་། ཆོས་རྒྱུད་ཁག་གི་དེབ་སྐྱེལ་མི་འབོར་ནི་གཡང་དྲུང་བོན་ལ་དེབ་སྐྱེལ་མི་གྲངས་ ༢༨༡ དང་། རྙིང་མར་དེབ་སྐྱེལ་མི་གྲངས་ ༣༥༥ ། བཀའ་བརྒྱུད་ལ་དེབ་སྐྱེལ་མི་གྲངས་ ༩༦༥ ། ས་སྐྱར་དེབ་སྐྱེལ་མི་གྲངས་ ༩༠༧ ། དགེ་ལུགས་ལ་དེབ་སྐྱེལ་མི་གྲངས་ ༦༦༧༡ བཅས་ཡོད་པ་རེད།
ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཉིན་མོའི་ཞོགས་པའི་ཆུ་ཚོད་ ༩ སྟེང་། མོག་ལོར་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོང་ཐོག འདི་གར་ཆེད་ཕེབས་ཚོགས་མི་རྣམ་པའི་ངོས་ནས་གསར་འགོད་པ་དང་མཉམ་བཀའ་མོལ་གནང་རྒྱུ་ཡིན་ལ། སྐབས་དེར་ཚོགས་མི་རྣམ་པ་བཞི་ནས་ཁོ་ཚོས་བཙན་བྱོལ་བོད་མིའི་འོས་བསྡུར་རྟོག་ཞིབ་བྱས་པའི་གྲུབ་དོན་རགས་བསྡུས་ཤིག་གསལ་བསྒྲགས་བྱ་རྒྱུ་དང་། ཟླ་གཅིག་གི་རྗེས་སུ་ཐེངས་འདིར་བཙན་བྱོལ་བོད་མིའི་འོས་བསྡུར་རྟོག་ཞིབ་བྱས་པའི་གྲུབ་དོན་སྙན་ཐོ་ཆ་ཚང་གསལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
གསར་འགོད་ལྷན་ཚོགས་ཀྱི་གནས་དུས།
ཚེས་གྲངས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཉིན།
དུས་ཚོད། ཞོགས་པའི་དུས་ཚོད་ ༩ །
ས་གནས། མཱག་ལོར་ནོར་བུ་གསོལ་མགྲོན་ཁང་།
གསར་འགོད་ལྷན་ཚོགས་དང་འབྲེལ་བའི་ཐད་དོགས་འདྲི་བྱ་དགོས་རིགས་ཡོད་ཚེ་འདི་ག་ལྟེ་གནས་ཁང་གི་ལས་བྱེད་བསོད་ནམས་སྒྲོལ་དཀར་ལགས་ལ་འབྲེལ་གཏུགས་བྱེད་རོགས།
འབྲེལ་གཏུགས་ཡིག་ཟམ། [email protected]
འབྲེལ་གཏུགས་ཁ་པར། 8351037389
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།
ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ ཉིན་ལ་རྒྱ་གར་སྒར་དྷ་རམ་ས་ལ་ནས།